རྩོམ་པ་པོ། ཨ་གནམ་ཐུབ་བསྟན། བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་མཁོ་སྤྲོད་བྱས།
ཡུན་རིང་རྨོངས་པའི་གྲང་ངར་གྱིས་བཅིངས་པའི།།
གྲུབ་མཐའི་ཆགས་སྡང་འཁྱག་རོམ་རྙིང་བའི་རི།།
དག་སྣང་ཉིན་བྱེད་འོད་ཀྱིས་བཞུས་པ་ལས།།
མཛའ་མཐུན་ཉལ་འགྲོ་སྒེག་མོའི་བྲོ་གར་རྩེན།།
དེང་སང་ལོག་ལྟའི་བྲག་ཕུག་སྐམ་པོ་ན།།
སྙེམས་པར་ཉལ་བའི་སྐྱེ་བོ་འགའ་ཞིག་གིས།།
སྐུར་འདེབས་འབྱུང་བྱའི་སྐད་ངན་གྱེར་ན་ཡང་།།
གྲོགས་མེད་ཁེར་རྐྱང་ལུས་པའི་སྡུག་གླུར་སྣང་།།
གནའ་བོའི་དུས་སུ་གདོང་དམར་བ་དག་གིས།།
འཇིགས་རུང་ཕན་ཚུན་གསོད་པའི་གཡུལ་ཀློང་ནས།།
སྙིང་ཉེ་འོས་པའི་སྤུན་ཟླའི་ཁྲག་དམར་གྱིས།།
རེ་ཞིག་སཱ་ལའི་ལྗོན་དེ་མོག་པར་བྱས།།
འོན་ཀྱང་དུས་ཀྱི་འཕོ་འགྱུར་འགོག་མེད་པས།།
མཁས་འཛངས་མངའ་བའི་བློ་ལྡན་དཔུང་མང་གིས།།
ལུང་རིགས་བདེན་པའི་ང་རོ་སྒྲོག་པའི་ཚེ།།
རང་རིགས་སྐྱེ་བོ་གཉིད་ལས་སད་ལ་ཕྱོགས།།
བསྟན་པའི་མཛོད་འཛིན་ཀོང་སྤྲུལ་དམ་པ་དང་།།
ཆོས་ཉིད་མངོན་གཟིགས་ཤར་རྫ་ཆེན་པོ་སོགས།།
སར་བཞུགས་ངེས་པ་དོན་གྱི་རྣལ་འབྱོར་བའི།།
གཤེགས་ཤུལ་དྲི་མ་མེད་ལ་ཡིད་རང་འོས།།
བཀའ་རྟགས་ཕྱག་རྒྱ་བཞི་ཡི་ལྟ་བ་དང་།།
སྲིད་རྩེའི་གཉེན་པོ་མཆོག་གི་ཏིང་ངེ་འཛིན།།
མཐའ་གཉིས་སྐྱོན་གྱིས་མ་གོས་སྤྱོད་པ་སྟེ།།
བན་བོན་ལུགས་བཟང་ཐར་འདོད་རྣམས་ཀྱི་གསོས།།
བག་ཆགས་ཕྲ་རགས་རིམ་གྱིས་སྦྱོང་སླད་དུ།།
ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་ཆོས།།
མདོ་སྔགས་ཐེག་པའི་ལམ་དུ་གསལ་མཁས་པ།།
བཅོམ་ལྡན་ཤཱཀྱའི་རྒྱལ་དང་གཤེན་རབ་ཆེ།།
རྟེན་ཅིང་འབྲེལ་འབྱུང་སྣང་ཚུལ་རོལ་པ་ཡི།།
ཀུན་རྫོབ་ཤེས་བྱའི་རྣམ་གཞག་ལེགས་བཀྲལ་ནས།།
མཐར་ཐུག་དོན་དམ་གནས་ལུགས་ལ་འདྲེན་པ།།
བདེན་གཉིས་ཅན་གྱི་ཆོས་ཚུལ་འདི་ཀོ་རྨད།།
སྣ་ཚོགས་འབྱུང་བའི་འགལ་འདུ་ལས་གྲུབ་པའི།།
འཇིག་རྟེན་འདི་ཡི་གསང་བ་ཉེར་བརྟོལ་དེ།།
ཉིང་དགོས་ཞི་བ་ཆེན་པོར་གཞོལ་བའི་ཐབས།།
དུས་ཀྱི་མཐར་ཡང་བཞུགས་པ་བསྐལ་བ་བཟང་།།
ཨེ་མ་ནོར་འཛིན་ཡངས་པའི་ཁྱོན་ཀུན་ཏུ།།
རབ་བསིལ་བྱང་ཆུབ་ཤིང་གི་གྲིབ་བཟང་དང་།།
མཛེས་སྡུག་ཏི་སེ་ལྷུན་པོའི་འོད་ཟེར་གྱིས།།
རྣམ་མང་འགྲོ་ལ་བདེ་བའི་དགའ་སྟོན་འགྱེད།།
འཕགས་པའི་ཡུལ་དང་ཞང་ཞུང་ལས་ཐོན་པའི།།
ངོ་མཚར་བཅུ་ཕྲག་རིག་པའི་བོང་བ་ཆེས།།
ཕྱོགས་ཀྱི་སྐྱེ་བོའི་ཡིད་དབང་རབ་འཕྲོགས་པས།།
བྷོ་ཊའི་ལྗོངས་ཞེས་སྙན་པ་ཀུན་ལ་བརྡལ།།
མདོར་ན་མཁས་དང་གྲུབ་པའི་བསྟན་འཛིན་ཀུན།།
ནག་ཕྱོགས་ཉེར་མཚེའི་གཡུལ་ལས་རྣམ་རྒྱལ་ཞིང་།།
ཐུགས་ཀྱི་བཞེད་དགོངས་མཐའ་དག་མངོན་གྱུར་ནས།།
མཛད་འཕྲིན་དབྱར་གྱི་མཚོ་བཞིན་བརྟས་པར་སྨོན།།
མཁོ་སྤྲོད་པའི་གསལ་བཤད། ཨ་གནམ་ཐུབ་བསྟན་བློ་གྲོས་ནི་མདོ་སྨད་མགོ་ལོག་ཏུ་སྐྱེས། སྔ་འགྱུར་རྙིང་མའི་ཆོས་རྒྱུད་འཛིན་པའི་གསང་བ་སྔགས་ཀྱི་རྟེན་ཅན་ཞིག ད་ལྟའི་བར་ནུབ་ཕྱོགས་ཁུལ་དུ་ནང་ཆོས་ཀྱི་བལྟི་གནས་ཁང་མང་པོ་གསར་བཙུགས་གནང་། དབྱིན་བོད་གཉིས་ཀའི་ཐོག་དཔེ་དེབ་ཁག་ཅིག་བྲིས་པ་ལས་དབུ་མའི་ལྟ་གྲུབ་ལ་དཔྱད་པ་(དབུ་མའི་རྩོད་ཟློག་མུན་སེལ་ཉི་མ།)ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བོད་དུ་པར་དུ་བསྐྲུན། དབྱིན་དེབ་ No Self No Problem ཞེས་པ་གངས་སེང་དཔེ་སྐྲུན་ཁང་གིས་ཨ་རིར་པར་བསྐྲུན་བྱས། མདོར་ན་རྩོམ་པ་པོ་ཁོང་ནི་ཤར་ནུབ་གཉིས་ཀྱི་སྤྱི་ཚོགས་ཁྲོད་གདེངས་འཇོག་ཐོབ་པའི་བོད་དབྱིན་གཉིས་ཀྱི་དཔེ་དེབ་མང་པོའི་རྩོམ་བྲིས་པ་ཞིག་ཡིན་པའི་གསལ་བཤད་མདོར་བསྡུས་སུ།།
རྒྱལ་བསྟན་ནུབ་ཕྱོགས་སུ་སྤེལ་བ་བྱས་རྗེ་ཆེ། ཁོང་གི་ལྗགས་རྩོམ་་་བདག་མེད་་་རྙོག་དྲ་མེད་་་་བོད་ཡིག་ཏུ་བསྒྱུར་རོགས་ཞུ།
རྗེས་
ཨ་གནམ་རིན་པོ་ཆེ་རེད་དམ་ཨ་སྙན་རིན་པོ་ཆེ་རེད། ང་ཚོ་འདི་ཕྱོགས་Denver ་ན་ཨ་སྙན་རིན་པོ་ཆེ་ཟེར་པ་ཞིག་ཡོད། བསྟན་པ་དར་སྲོལ་ལ་ལྟོས་ན་སྔ་འགྱུར་རྙིང་མའི་གངས་རི་ཁྲོད་ཀྱི་ཤ་ར་པ་ཞིག་ལོས་ཡིན་སྙམ། ཆོས་རྒྱམ་དྲུང་པའི་རྗེས་སུ་ཕལ་ཆེར་ཁོ་རང་ཡིན་རྒྱུ་རེད།
ཅོག་མྱི་ལགས། ཉེ་ཆར་ནུབ་ཕྱོགས་རིས་མེད་བགྲོ་གླེང་འདུ་ཚོགས་ཀྱི་གྲོས་ཆོད་གཏན་འབེབས་སྐབས་ཀྱི་ཐོ་གཞུང་དུ་ཁོ་བོས་ཨ་ནམ་ཞེས་བྲིས་པར་ཨ་ནམ་མ་རེད་ཨ་གནམ་རེད་ཅེས་ཐད་ཀར་ཁོང་གིས་ང་ལ་ཐེར་འདོན་གནང་བྱུང་། དེས་ན་ཨ་གནམ་ཞེས་པ་ནོར་མེད། འོ། ཨ་སྙན་རིན་པོ་ཆེ་ཟེར་བ་ངས་མི་ཤེས་ལགས། །
བྱ་འཕུར་ལགས། གསེད་བཀྲོལ་གནང་བར་ཐུགས་རྗེ་ཆེ་ཞུ།
རྩོམ་ཡག་པོ་བྲིས་ཤག
བུ་ཕ་ཡིས་མི་བསྟོད། དགྲ་བོས་བསྟོད། ཟེར་བ་བཞིན་རང་ལ་རང་གིས་བསྟོད། རང་ཕྱོགས་ལ་རང་ཕྱོགས་ཀྱིས་བསྟོད་པ་བྱེད་པ་ནི། རང་གིས་རང་བསྐྱག སྣང་བས་རིག་པ་བསྐྱག སྐྱག་པས་རྐུབ་བསྐྱག ཟེར་བ་ལྟ་བུ་རེད། བོན་པོས་བན་དེར་བསྐྱག་ཅིང་བསྟོད་པ་ནི་འོས་ཤིང་འཚམས་པ་དང་ཡ་རབས་སྤྱོད་བཟང་གི་རྣམ་འགྱུར་ཞིག་རེད། ལྷག་པར་དུ་༧ གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་དང་འཇིག་རྟེན་འཆམ་མཐུན་གྱི་གཞི་མ་རེད། དེ་མིན་གཅིག་གིས་གཅིག་ལ་དམའ་འབེབས་དང་སྐུར་འདེབས་བྱེད་པ་ནི་གང་ལའང་ཕན་པ་མེད་པའི་གཏམ་དུ་ཟད་དོ།
མཐའ་གཉིས་སྐྱོན་གྱིས་མ་གོས་སྤྱོད་པ་སྟེ།།
བན་བོན་ལུགས་བཟང་ཐར་འདོད་རྣམས་ཀྱི་གསོས།།
མདོ་སྔགས་ཐེག་པའི་ལམ་དུ་གསལ་མཁས་པ།།
བཅོམ་ལྡན་ཤཱཀྱའི་རྒྱལ་དང་གཤེན་རབ་ཆེ།།
འདི་ལ།
ཌོ་ལར་ཡུ་རོ་སྐྱོན་གྱིས་མ་གོས་སྤྱོད་པ་ཉུང་། །
བན་བོན་ལུགས་བཟང་དབུལ་པོའི་ཁ་གསོས་འགྱུར་ལ་བརྩོནད། །
མདོ་སྔགས་ཐེག་ཚིག་ཡོད་ཚད་ཀུནད་ཏུ་བསྒྲགས་ལ་མཁས། །
བཅོམ་ལྡན་ཤཱཀྱ་གཤེན་རབ་གཉིས་ཀའི་ཞབས་ནས་འཐེན། །
རྒྱ་ལ་དགའ་བའི་མིའུ་རུས་མེད་དང་། །
དགྲ་ལ་བསྟོད་པའི་མིའུ་སྐྱག་ཤོར་དང་། །
རང་ལུགས་མེད་པའི་དབུ་མ་ཁ་ཁྱེར་གསུམ། །
མི་རུ་གྱུར་ཀྱང་ཕྱུགས་དང་ཁྱད་པར་དབེན། །
བསྟོད་ན་བསྟོད་པའི་ང་རྒྱལ་ཆེ།
སྨད་ན་སྨད་པའི་ཞེ་སྡང་འཁྲོ།
སྟོད་སྨད་བར་གྱི་རྨོངས་པའི་མི།
དུད་འགྲོ་ཕྱུགས་ཀྱི་གྲལ་དུ་སྙེགས།
ཤཀྱ་ཐུབ་པ་དང་གཤེན་རབ་གཉིས་ཀའི་མིང་དེ་མི་ལ་ཁ་རྡུང་གཏོང་སྤྱད་ཀྱི་མཚོན་ཆར་བཀོལ་བ་ཙམ་ལས་མ་ཤེས་ན་བདག་མེད་རྟོགས་ཡོད་ན་ཡང་རྙོགས་དྲ་མེད་པར་འགྲོ་ས་མ་རེད།
“འཕགས་པའི་ཡུལ་དང་ཞང་ཞུང་ལས་ཐོན་པའི།།
ངོ་མཚར་བཅུ་ཕྲག་རིག་པའི་བོང་བ་ཆེས།།
ཕྱོགས་ཀྱི་སྐྱེ་བོའི་ཡིད་དབང་རབ་འཕྲོགས་པས།།
བྷོ་ཊའི་ལྗོངས་ཞེས་སྙན་པ་ཀུན་ལ་བརྡལ།།”
རྩོམ་འདིས་ཡིད་དབང་རབ་ཏུ་འཕྲོག་སོང་། མཁོ་འདོན་པ་བྱ་འཕུར་ཚང་ཐུགས་རྗེ་ཆེ།
ཕྱི་ས་ཟས་ཀྱི་མཉམ་དུ་བསྲེས་ཏེ་ཟ། །བཟང་ངན་བདེན་རྫུན་ཐམས་ཅད་མགོ་སྙོམས་སྨྲ། །རང་ལུགས་འདི་ཞེས་བྱ་བ་གཏན་མེད་པའི། །རྨོངས་པ་འདི་གོ་རིགས་ལ་གཏན་དུ་སྡང་། །ཧཧཧཧ
ཐེག་མཆོག་རྫོགས་པ་ཆེན་པོའི་ཁ་སྐད་དུ།
བཟང་ངན་བདེན་རྫུན་ཐམས་ཅད་མགོ་སྙོམ་སྨྲ།
དེ་དག་རྫུན་དུ་སྒྲུབ་པའི་རྫོགས་ཆེན་པ།
སྐྱོབས་ཤིག་ཀློང་ཆེན་རབ་འབྱམས་རྒྱལ་བའི་དབང།
ལྟ་བའི་གདེངས་རྙེད་སྒོམ་པའི་བཙན་ས་ཟིན། །སྤྱོད་པའི་འཕྲང་སྒྲོལ་རིག་པ་འཛིན་པའི་སྡེར། །བདེན་རྫུན་ཞེས་པ་གཏན་དུ་མ་གྲུབ་མོད། །མ་རྟོགས་བྱིས་པའི་བློ་ལ་འགལ་བར་སྣང་། །ཧཧཧཧཧཧ
བདེན་རྫུན་མ་གྲུབ་བདེན་རྫུན་མགོ་སྙོམ་ཞེས།
རི་བོང་རྭ་དང་མོ་ཤམ་བུ་གཉིས་སྤུན།
ཡིན་པར་སྨྲ་ལ་དགག་སྒྲུབ་བྱ་རིན་མེད།
དེས་ན་སྐྱག་སྐམ་རང་སར་སྐྱུར་ན་བདེ།
སྟོང་པ་ཉིད་ཅེས་སྟོང་སྐད་བསྒྲགས་བསྒྲགས་ཀྱིས།
ཁ་བའི་མི་རིགས་ས་སྟེང་སྟོང་ལ་ཉེ།
གཞན་ཕན་གཉིས་ཕན་ཁ་འདོན་བྱས་བྱས་ཀྱིས།
ཞེ་སྡང་ལངས་དུས་རང་གིས་རང་སྲེག་བྱས།
འཇིག་རྟེན་མི་ལ་དགྲ་ཞིག་ཡོད་རབས་བཤད།
དགྲ་བོ་དེ་ཡང་རང་སེམས་ཡིན་རབས་བཤད།
རང་སེམས་རང་དགྲ་ལངས་བའི་མི་རིགས་ཀྱིས།
རང་ཉིད་རང་གིས་བཅོམ་སྟངས་འདི་ལ་ལྟོས།།
གནའ་ནས་ལོག་ལྟའི་བྲག་ཕུག་སྐམ་པོའི་ནང་།
ཤ་སྐམ་རུས་སྐམ་སྟོང་སྒོམ་བྱས་རབས་ཡོད།
སྣང་བ་སྟོང་སྒོམ་བྱས་པའི་འབྲས་བུ་ལ།
ཕ་ཁྱིམ་སྟོང་པ་བཟོས་པའི་ལོ་རྒྱུས་མང་།
ཆོས་ཀྱི་གནས་ལུགས་མ་རྟོགས་གྲྭ་ལོག་གཅིག།
འཇོན་ཐང་ཐིགས་གཅིག་མེད་པའི་ཀླད་མེད་གཉིས།།
ཞེ་ལ་དངུལ་ལས་མེད་པའི་བླུན་པོ་གསུམ།།
ཆོས་དང་འཇིག་རྟེན་གཉིས་ཀའི་དགྲ་བོ་ཡིན།།
རྫོགས་པའི་རྫོགས་ལུགས་མ་ཤེས་དུག་ལྔ་རྫོགས།
ཆེན་པོའི་ཆེ་ལུགས་མ་ཤེས་ཆགས་སྡང་ཆེ།
ད་དུང་བཟང་ངན་གཉིས་མེད་མགོ་སྙོམ་ཞེས།
ཁ་ཕོ་ཆེན་པོས་སྒྲོག་པ་རྫུན་མའི་རྟགས།
དམ་པའི་ཆོས་འགོ་མ་ཐོན་གྲྭ་ལོག་རེད།
འཇིག་རྟེན་ཁྱིམ་འགོ་མ་ཐོན་ཆོས་ཟས་ཟ།
སྐྱ་མིན་སེར་མིན་སྤྲུལ་རྐུ་ཕུང་གསུམ་པ།
ས་སྟེང་འགྲོ་བ་མི་ཡི་གད་རྙིགས་རེད།
ཆང་སའི་རྟེན་འབྲེལ་དགོན་པའི་ནང་དུ་བྱས།
འཆལ་མོ་མ་ཞིག་གསེར་ཁྲིའི་སྟེང་དུ་བཞག
གནད་ལུགས་མགོ་མཇུག་རྫོགས་མཁན་ཕུང་གསུམ་པ།
ས་སྟེང་སྐྱེས་པ་ཕོ་ཡི་རྐང་འདྲེན་རེད།།
མི་ཆེན་བླ་ཆེན་རྣམས་ཀྱི་རྐུབ་ལྡག་བ།
ཉམ་ཆུང་སྤྲུལ་ཆུང་རྣམས་ཀྱི་མགོ་རྡུང་བ།
མི་གཞི་ཁྱི་ལས་སྐྱོ་བའི་བཀོར་གཟན་ཁྱོད།
དྲང་བདེན་ལ་རྒྱའི་མདུན་དུ་ཁྱིའི་སྐྱག་རེད།།
བན་དེ་བ་ལགས
བསྐྱག
ཟེར་ན་དོན་ག་རེ་རེད་ལགས
རང་གིས་རང་བསྐྱག
སྣང་བས་རིག་པ་བསྐྱག
སྐྱག་པས་རྐུབ་བསྐྱག ཟེར
རྣམ་དཔྱོད་ལྡན་པ་དྲ་གྲོགས་ས་སྒོ་བསམ་གཏན་སྒྲོལ་མ་ལགས། བཀའ་དྲིན་ཆེ་ནོར་འཁྲུལ་ལ་མཛུབ་སྟོན་གནང་བར། ངས་འབྲི་ནོར་ཤོར་འདུག བཀྱག་པ་ཞེས་སུ་བཅོས་རོགས་གནང། ཐུགས་རྗེ་ཆེ་སླར་ཡང་རྗེས་སུ་ངས་གང་གཟབ་བྱེད་ཀྱི་ཡིན།
དྲ་གྲོགས་ཅོ་རི་ཉི་མའི་སྙན་རྩོམ་དེ་ཚོ་ངོ་མ་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ལ་འགྲན་ཡོང་གི་་་་སྙན་གི་ཡ། རྒྱ་གར་གྱི་སྐད་མངོན་བརྗོད་ལས་སོགས་ཀྱིས་མ་གབ་པ། ཚིག་རྣོ་བ་དམིགས་པའི་འབེན་ལ་ཏག་ཏག་ཕོག་པའི་མདའ་མོ། ཕ་རོལ་འབེན་གྱི་སྐྱོན་མཚངས་གཏིང་ནས་འདྲུ་བའི་སྙུང་བུ། ཕ་རོལ་རྒོལ་བའི་ང་རྒྱལ་གྱི་སྤོབས་པ་བཅོམས་པའི་གནམ་ལྕགས་ཀྱི་ཐོ་བ། ཕ་རོལ་རྒོལ་བའི་ཞེ་སྡང་རྨེངས་ནས་གཅོད་པའི་གནམ་ལྕགས་ཀྱི་རལ་གྲི་ལྟ་བུ་ཞིག་འདུག
དེང་སང་ཁ་བརྡའི་ནང་ལ་བན་ཅོ་ཨོ་གསུམ་མ་གཏོགས་ལྷག་མེད་པ་འདྲ།
ཉིན་རེ་བཞིན་བན་ཅོ་ཨོ་གསུམ་གྱི་རྩོམ་རྩལ་ཡར་རྒྱས་ལ་འགྲོ་ཚུལ་ཧ་ཅང་མགྱོགས་པོ་རེད་འདུག
No self…No problem..དེབ་དེ་བོད་ཡིག་ཐོག་ཡོད་ན་ཅི་མ་རུང་་
ལི་ཐང་ཆོས་འཛོམས་ལགས། རྩོམ་པ་པོར་ No Self No Problem བོད་ཡིག་ཏུ་འབྲི་རྒྱུའི་རེ་བསྐུལ་ཞུས་མྱོང་། མ་གཞི་དབུ་མའི་རྩོད་བཟློག་སྐོར་གྱི་བོད་དེབ་ཁག་ལ་གཟིགས་དང་ཨ་གནམ་ཐུབ་བསྟན་ལགས་ནི་རྩོམ་རྩལ་རྨད་དུ་བྱུང་བ་དང་། རྩོམ་པ་པོ་དངོས་ཞིག་ལ་དགོས་པའི་བསམ་བློའི་རྨང་གཞི་ཧ་ཅང་ཀུ་ཡངས་ཅན་ཞིག་ཡིན་པ་རྟོགས་ཐུབ།
བསིལ་ལྡན་ཞིང་དུ་དགེ་ལེགས་འབྱུང་བའི་སྒོ །
གཤེན་ཐུབ་བསྟན་པའི་ཉི་མ་འདྲེན་མཛད་པའི།།
སྔོན་བྱོན་སློབ་དཔོན་དམ་པའི་ཕྲེང་བ་ལ།།
སྒོ་གསུམ་རབ་གུས་བསྟོད་ཚིག་མེ་ཏོག་འཐོར།།
བོན་རྙིང་ས་བཀའ་དགེ་ཇོ་གྲུབ་མཐའ་དྲུག །
ནུབ་གླིང་མུན་པའི་གླིང་དུ་ཁྱབ་སྤེལ་མཁན།།
མཁས་བཙུན་གྲུབ་པའི་བདག་ཉིད་ཁྱེད་རྣམས་ཀྱི།།
ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྲུབ་ཤོག །
འགྲོ་བློར་གང་འཚམ་ཞི་བསིལ་ཆོས་ཀྱི་སྒྲ།།
འཇུག་སྒོ་དུ་མས་དུས་ཀུན་འདོམ་མཛད་པའི།།
དགེ་བའི་བཤེས་གཉེན་ཁྱེད་ཅག་ལྷན་ཅིག་ཏུ།།
དོན་ལྡན་བགྲོ་གླེང་མཛད་པར་གློ་བ་དགའ།།
ཕྱི་རུ་ཟང་ཟིང་གློག་རྫས་འབེལ་ན་ཡང་།།
ནང་དུ་ཞི་བདེས་དབེན་པའི་ནུབ་ཕྱོགས་འགྲོར།།
གཤེན་ཐུབ་བསྟན་པའི་བདུད་རྩིའི་བགོ་སྐལ་ཆེ།།
ཇི་ལྟར་འགྱེད་པའི་བགྲོ་གླེང་ངོ་མཚར་གནས།།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་རིག་གི །
ཕ་ནོར་ཕྱི་རབས་གཞོན་ནུའི་འདོད་བློ་དང་།།
འཚམ་པའི་སློབ་ཁྲིད་འཛིན་སྐྱོང་སྤེལ་བའི་ཐབས།།
གཅིག་ལས་གཅིག་ལྷག་སྟོན་པའི་རེ་བ་ལྕི།།
རྒྱལ་ཀུན་གསུང་གི་བྱིན་ཆགས་དབྱངས་གསལ་གྱིས།།
ཐ་དད་ཡིག་རིགས་འཁྱུད་པའི་སྐད་སྒྱུར་གྱི།།
མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་བའི་ལམ།།
ཤེས་ལྡན་ཡི་ག་འབྱེད་པའི་བགྲོ་གླེང་འཚལ།།
མདོར་ན་བསིལ་ལྡན་ཁ་བའི་ཆོས་རིག་གི །
མར་མེ་གཅིག་ལས་གཉིས་སུ་མཆེད་པའི་དུས།།
རང་གཞན་འདི་ཕྱིའི་བདེ་སྐྱིད་སྤེལ་བའི་ཕྱིར།།
ཤེས་རབ་མཚོན་རྣོན་སོ་ཁ་བརྡར་བར་ཞུ།།
དེ་སྐད་ཐེངས་འདིའི་ཚོགས་པའི་དགོངས་དོན་བཞིན།།
འགྲུབ་པའི་སྨོན་ལམ་རབ་དཀར་ལྷ་རེག་བཅས།།
བྱང་ཕྱོགས་ཨ་ལ་སི་ཀའི་དབེན་ཁྲོད་ནས།།
ཀླུ་སྨྱོན་ཁྲག་འཐུང་གླིང་བས་ཕྱག་བཅས་ཕུལ།།
རྩོམ་ཡིག་འདི་གང་ནས་བལྟས་ཀྱང་དོན་དང་མཐུན་པར་སྣང་། ཀླུ་སྨྱོན་ཁྲག་འཐུང་གླིང་བ་མཆོག་ལ་བཀའ་དྲིན་ཆེ་ཞུ། །
བཅོམ་ལྡན་ཤཱཀྱའི་རྒྱལ་དང་གཤེན་རབ་ཆེ།། ཟེར་བ་དང་། འཕགས་པའི་ཡུལ་དང་ཞང་ཞུང་ལས་ཐོན་པའི།། ཟེར་བ་སོགས་རང་ཡུལ་གྱི་ལོ་རྒྱུས་གོ་ལྡོག་སོང་བའི་སྐད་ཆ་རེད། འོན་ཀྱང་རྩོམ་པ་པོའི་ཐུགས་ལ་གང་ཡོད་ངས་མི་ཤེས། སྐད་ཆ་དྲང་མོ་ཡིན། །
ཨོཾ་བདེ་ལེགས་སུ་གྱུར་ཅིག །
ཨོཾ་བདེ་ལེགས་སུ་གྱུར་ཅིག །
ཨོཾ་བདེ་ལེགས་སུ་གྱུར་ཅིག །