འདས་སོང་གི་ལོ་ཟླའི་མནར་གཅོད། Posted on 2013-07-23 By ཁ་བརྡ་ 2 Comments on འདས་སོང་གི་ལོ་ཟླའི་མནར་གཅོད། གངས་དཀར་རྒྱལ་སྲས། ཁྱེད་རང་ཤོར་བ་ནས། ངས་སྒེར་གཞུང་གང་གི་དོན་དག་ཀྱང་ལས་འདོད་མེད་པར། ཁྱེད་ཀྱི་དྲོད་ཁོལ་ཅིག་ལ་སླར་ཡང་རེ་ཞིང་བསྒུག ལོ་ངོ་དུ་མ་ཞིག་འགོར་རྗེས། ཁྱེད་ཀྱི་སྙིང་གཏམ་ཞིག་དང་ཁྱེད་ཀྱི་དྲོད་ཁོལ་ཅིག་ལ་བསྒུག་པ་ནི་ངས་རང་ཉིད་ལ་མགོ་སྐོར་གཏོང་བཞིན་པ་ཡིན་པ་གསལ་བོར་ཤེས། ཡིན་ནའང། ངས་འཚོ་ལམ་གཞན་ཞིག་བདམས་ན་མི་འདོད་པར་མུ་མཐུད་དུ་རང་ཉིད་ལ་མགོ་སྐོར་གཏོང་འདོད་པ་ནི་ཇི་འདྲའི་བློ་ངོར་མི་ཤོང་བའི་གླེན་འདང་ཞིག་རེད་ཨང། ཁྱེད་དྲན་ཐེངས་རེ་དང་ཁྱེད་ཀྱིས་བདག་སེམས་ལ་རྨ་ཁ་བཞག་ཐེངས་རེར། ངོ་ཤེས་དང་གྲོགས་པོ་གཅིག་ཀྱང་མེད་པའི་ཡུལ་ཞིག་ལ་བུད་འགྲོ་ན་འདོད་པས་ལམ་ལ་ཆས་པའང་ཐེངས་ཁ་ཤས་ཡིན། བཤད་ཚུལ་ལ། ཕྱི་མའི་འཕྲང་ལམ་ནས། སུ་ཞིག་ལ་ཞེན་ཆགས་ཡོད་ན་དེ་ལ་བསྒུག་ནས་འདུག་ཐུབ་རབས་ཟེར། ཡང་གཅིག་བཤད་ན་སུ་ཞིག་ལ་ཞེན་ཆགས་ཆེ་ན་རྣམ་ཤེས་འདྲེ་རུ་སྐྱེས་ནས་རང་ཉིད་ཀྱིས་བློས་མི་ཐོངས་པ་དེར་ཅི་འདོད་དུ་ཐུག་ཐུབ་རབས་ཟེར། དེ་གཉིས་ཀྱི་གང་ཡིན་ཡང་ད་ལྟའི་ཟོལ་བཅོས་ཀྱི་འཚོ་བ་འདི་ལས། ད་ལྟའི་སྡུག་བསྔལ་འདི་ལས། ད་ལྟའི་མཐོང་མི་འདོད་པ་དག་དང་ཐོས་མི་འདོད་པ་དག་ལས་ལྡབ་འགྱུར་གྱིས་ཡག ཡིན་ནའང་ངའི་ཨ་མ་ད་དུང་འཇིག་རྟེན་ན་ཡོད་པས་དེ་ནི་ངའི་གསོན་ཐག་ཉག་ཅིག་ཏུ་གྱུར། ངས་ཨུ་ཚུགས་མཐར་སྐྱེལ་གྱིས་རང་ཉིད་ལ་ལེ་འདེད་ཀྱིས་བརྗེད་ཟས་བརྗེད་ཆུ་ཞིག་འཐུང་ན་འདོད་པས་ཆང་རག་གི་བཟི་ཁའི་གཡོ་འོག་ལ་ཤོར་བའང་ཉུང་ཉུང་མིན། འདི་དག་ནི་རང་ཉིད་ཀྱིས་ནོར་འཁྲུལ་ཞིག་ཡིན་ནམ་དོན་དངོས་ཀྱི་བརྡབ་གསིག་ཅིག་ཡིན། འདི་དག་ནི་བརྩེ་དུང་གི་མནར་གཅོད་ཅིག་ཡིན་ནམ། ཕྲག་དོག་གི་མངག་བཀོད་ཅིག་ཡིན། ངས་ངོ་མ་མི་ཤེས་ཀི། ང་བྲག་རི་ཞིག་ཡིན་ན། ང་ནམ་ཡང་ང་རྒྱལ་གྱིས་འགྱིངས་ཆོག རང་ཚུགས་དང་བཅས་ཏེ། ང་གཙང་བོ་ཞིག་ཡིན་ན། ང་ནམ་ཡང་རང་དབང་གིས་བཞུར་ཆོག ཞེན་ཆགས་མེད་པར། མདོར་ན་ང་མི་ཞིག་མིན་ན་ཅི་མ་རུང། དེ་ལྟར་བསམ་བཞིན་ལོ་ཟླ་བརྩེགས་མོད། ཁོ་མོ་བུད་སོང། ཁོ་མོས་མི་ཚེའི་བདེ་སྐྱིད་ཅིག་བཙལ་ནས་བུད་སོང། ཕྱི་མིག་ཙམ་ཡང་མེད་པར་བུད་སོང་བས། ད་ནི་ངས་རང་ཉིད་ལ་མགོ་སྐོར་གཏོང་བའི་གླེན་རྟགས་འདི་འཚམས་བཞག་ནས་ཁེར་རྐྱང་གི་འཚོ་བ་ལ་མཇུག་སྡོམས་ཤིག་རྒྱག་དགོས་པ་འདྲ། ད་ནི་དམིགས་ཡུལ་མེད་པ་ནས་ཡོད་པ་དང་རང་ཚུགས་མེད་པ་ནས་ཡོད་པ། འཚོ་ལམ་མེད་པ་ནས་ཡོད་པ་ཞིག་བྱེད་དགོས་པ་འདྲ། གང་ལྟར་ང་མི་ཞིག་བྱེད་དགོས་པ་འདྲ། སྣ་ཚོགས།
བརྩེ་བའི་དོན་དུ་ཡོད་ཚད་གཏོང་ཕོག་པ།། བརྩེ་ལྡན་ཕོ་རྒོད་ཅིག་གི་གཤིས་ཡིན་ཡང་།། བརྩེ་མེད་མ་དེས་བརྩེ་བའི་རིན་འབབ་ལ།། ཁྱོད་ནི་སྡུག་ལ་བཏད་པར་དགོངས་དག་ཞུ།།
བརྩེ་བའི་དོན་དུ་ཡོད་ཚད་གཏོང་ཕོག་པ།།
བརྩེ་ལྡན་ཕོ་རྒོད་ཅིག་གི་གཤིས་ཡིན་ཡང་།།
བརྩེ་མེད་མ་དེས་བརྩེ་བའི་རིན་འབབ་ལ།།
ཁྱོད་ནི་སྡུག་ལ་བཏད་པར་དགོངས་དག་ཞུ།།
ང་འདྲ་བའི་གླེན་པ་ཨུ་ཚུག་ཅན་ཞིག་དེ་ནའང་ཡོད་འདུག་ཡ་