གླིང་གཅེར་བུ།
ཕྱི་རོལ་ན་ཆར་བ་འབབ་བཞིན་འདུག
བསམ་གཞིག་ལྗིད་མོ་ཞིག་གིས་ཡང་ཡང་མནར་ཡོང་བའི་དོ་ནུབ
རླུང་མ་ལྡང་ན་ཡང་རླུང་བུ་ཞིག་གི་ཚོར་སྣང་འདི
མི་ལོ་དུ་མའི་སྔ་རོལ་གྱི་སྐྱེས་ཆེན་སུ་ཞིག་གི་བྱང་ཁོག་བཞིན
དཔའ་སྤོབས་ཀྱིས་བཀྱགས་པ་བསམ་ན
དོ་ནུབ་ངའི་རྨི་ལམ་ཡོད་ཚད་རིགས་ཀྱི་ལས་དབང་ཡིན་དགོས་ཀྱང
ཁ་གཏད་ན་འགྲེང་བའི་མུན་ནག་འདི
ལག་སྙོབ་ཙམ་གྱིས་མི་ཐེག་པ་ཤེས་པས
ངས་རང་གི་ལག་ཟུང་བྲང་ཁར་སྦྱར་ནས
བསམ་བཞིན་དང་བསམ་བཞིན་མ་ཡིན་པར
འདས་དོན་མང་པོ་ཞིག་ཕྱིར་དྲན་གྱི་ཚུལ་དུ་སྒོམ་ཡོད་
མི་ཚོས་རྨི་ལམ་ནི་ལྗང་ཁུ་ཡིན་དགོས་ཞེས་འགྲེལ་མོད
ངས་ཇི་ལྟར་བསམ་ཀྱང་ཡོད་ཚད་དུས་ཚོད་ཀྱིས་དམ་ལ་གདག་འགྲོ་བས
ད་བཟོད་ངས་རང་ཉིད་ལ་ངེས་ཤེས་ཤིག་རྙེད་ཡོད
དེ་བས དོ་ནུབ་གནམ་གཤིས་ལ་འགྱུར་བག་ཇི་ལྟར་རྒོད་ན་ཡང
ངའི་སེམས་ཀྱི་མྱ་ངམ་ཐང་ལ་ཆར་ཆུ་ཡེ་ནས་མ་བབས