གླིང་གཅེར་བུ།
——སྐད་ཡིག་སྲིད་ཇུས་ལ་རྒོལ་བ།
ཆེན་པོ་ཚོས་ནམ་མཁར་མི་ཤོང་བའི་སྐད་ཆ་དག
ངོ་གདོང་གཞན་ཞིག་གི་འགྲེལ་བཤད་ཡིན་ཀྱང
རྐུབ་སྟེགས་སྲུང་བྱེད་ལྟ་བུའི་སྲིད་ཇུས་ཐད་པོ་དག
ཞེད་མ་སུ་ཞིག་གི་ཚུལ་གྱིས་བདག་གི་སྙིང་ཁར་སྲིང་ཡོང་ན
ངས་ནི་གཉོམ་ཆུང་བའི་རང་གི་ཚེ་སྲོག་འདི་བསམ་བཞིན
རྨི་ལམ་ན་ཡང་གཏུག་གཤེར་བྱེད་བཞིན་ཡོད
ནང་ལོགས་ལ་སྡང་བའི་སྐུ་ངོ་ཚོས
ཁ་དང་བསམ་པ་མི་མཚུངས་བའི་སྦྱོར་བ་དག་རྩོམ་ཡོང་ན
ངས་ནི་རང་ཉིད་མི་རབས་ཤིག་གི་ནག་ཉེས་བ་རུ་མི་འགྱུར་བའི་ཆེད
སྙིང་ཉེ་བའི་བྱིས་པ་དག་གི་ངོ་གདོང་བསམ་བཞིན
སང་ཉིན་གྱི་ང་ཚོ་བདག་གི་མགོ་ནང་ན་དྲི་རྟགས་ཀྱིས་བཟུང་ཡོད
མ་གཞི་ང་ནི་མུན་ནག་གི་དུས་རབས་ནས་སྐྱེས་པའི་མི་རབས་ཤིག་ཡིན
རྒྱུ་མཚན་དེའི་རྐྱེན་གྱིས་
ངས་ནམ་ཡང་རང་ཉིད་མི་རབས་འདིའི་ཉེས་ཅན་དུ་འགྱུར་མི་འདོད
ལོ་རྒྱུས་ཀྱིས་ང་ལ་ནམ་ཡང་རོལ་རྩེད་བྱེད་བཞིན་པའི་དུས་ཚོད་འདིར
ངས་ནི་བདག་ཉིད་ཚོ་གསོན་དགོས་ཞེས་ཇི་ལྟར་བོས་ཀྱང
རླབས་ཆེ་བའི་སྐུ་ངོ་ཚོས་ངས་བླ་སྲོག་གི་རྩ་ནས་འཇུས་ཏེ་དུར་སྒྲོམ་ལ་བཅུག་སོང
ད་ནི་ མི་རིང་བར་ང་ཚོ་མིའི་རིགས་ཀྱི་ལོ་རྒྱུས་ན་མིང་བྱང་ཙམ་ཞིག་གི་འཐུས་ཚབ་ཡིན
ཀ་ཡེ་ བདག་གི་སྙིང་ཉེ་བ་དག
སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་ཐུགས་འཁུར་གནང་བར་དགའ་སོང།