དགེ་འདུན་རྒྱ་མཚོ།
༼ཚན་པ་དགུ་བ༽
ཨ་མྱེས་རབ་ཡངས་ཚང་གི་བུ་སྟག་ཆུང་ལ་མནའ་མ་ལེན་རྒྱུ་རེད། བསམ་ཁོ་སྟོན་ཐོག་ལ་འགྲོ་དགོས་ནི་རེད། ཕྲུག་ལྭ་གསར་བ་ཞིག་མ་གོན་ན་གཞན་གྱིས་འཕྱ་སྨོད་མི་བཤད་ན་ཡང་ཁོ་ངོ་ཚ་ནི་རེད།
མེད་ནའང་སྐྱོན་ཡོད་ནི་མ་རེད། བསམ་ཁོ་གོན་པ་གསར་བ་གྱོན་རྒྱུར་མི་དགའ། བཤོར་ལྭ་གོན་རྒྱུར་དེ་བས་ཀྱང་མི་དགའ། དེ་ཚང་མས་ཤེས་ཡོད་ནི་རེད།
བསམ་ཁོ་ནི་ཁྱོད་ནང་བཞིན་ད་དུང་མནའ་མ་བླངས་ཡོད་ནི་མ་རེད། མནའ་མ་ཞིག་ལེན་ཐུབ་སོང་ན་གཞུག་ནས་ཁོས་ཅི་ཞིག་གོན་ན་ཡང་ངས་དེ་ལ་ཁ་ཡ་མི་བྱེད།
བཤད་སྟངས་ལ་བལྟས་ན་ཨ་མ་ཀླུ་མོ་འཚོའི་སྐད་ཆ་ཇེ་རིང་དུ་འགྲོ་རྒྱུ་ཡིན་པ་འདྲ། བསམ་ཁོ་མེད་པས་ང་དེར་བསྡད་ཀྱང་དོན་སྙིང་མེད་སོང་། ངས་ལས་ཀ་ཡོད་པར་ཁག་དཀྲིས་པ་དང་རང་ཉིད་བྲེལ་བ་ཡོད་ཚུལ་བཤད་ནས་སྒོ་ལ་འབུད་ཐབས་བྱས་པ་ཡིན།
སེང་ཁྱིས་ང་མཐོང་བས་སྔར་བཞིན་བལྟས་ནས་བསྡད་སོང་། ཁོས་སྐད་ཆ་ཞིག་ཤེས་པ་ཡིན་ན་ང་ལ་དྲི་བ་མང་བོ་འདྲི་ཁོ་ཐག་རེད།
ངས་བསམ་ཁོ་གཞན་ལ་རོགས་པ་བྱེད་དུ་བུད་སོང་ནི་རེད། ཉིན་འགའ་ལ་ཕྱིར་ཡོང་ནི་མ་རེད། ད་བདེ་མོ་བྱོས། ང་ཡང་འགྲོ་རྒྱུ་ཡིན།
ངའི་སྐད་ཆ་དེ་ཁོས་ཕལ་ཆེར་གོ་སོང་བ་འདྲ། ཁོས་ང་ལ་བལྟས་ཏེ་ཁ་ནས་ཙི་ཙི་ཟེར་གིན་འདུག ཁོས་ང་ལ་ཞུ་བ་འདི་འདྲ་ད་ལྟའི་བར་དུ་འཐེན་མ་མྱོང་།
སྐྱོན་ཡོད་ནི་མ་རེད། ཨ་མ་ཀླུ་མོ་འཚོ་ཁྱིམ་ན་ཡོད་ནོ་མི་རིག་ནི་ཨེ་རེད།
ངས་ཁོ་ལ་རྣམ་འགྱུར་དང་བཅས་ཏེ་བདེ་མོ་གཏམས་རྗེས་ཕྱིར་ལྟས་ཙམ་ཡང་མ་བྱས་པར་ལམ་ལ་ཆས་པ་ཡིན། ད་གཟོད་ཕྱིར་འདང་ཞིག་བརྒྱབ་ན་ང་ངོ་མ་འགྱོད་པ་སྐྱེས་ནས་ཤི་ཐལ། དོན་ངོ་མ་བཤད་ན་ང་ལ་ཡང་ལས་ཀ་དམིགས་བསལ་ཅང་མེད།
ཕྱི་ཉིན་དེར་ང་ཡང་འབྲོང་ཤུལ་འོ་རུང་གི་འཚོ་བར་འཁོར་དུ་སོང་བ་ཡིན། འབྲོང་བ་ཚོས་བཤད་ན་འབྲོང་ཤུལ་ནི་ཤུལ་ཆེན་བཅོ་བརྒྱད་ནང་གི་གཅིག་ཡིན་ཟེར། ལོ་རྒྱུས་དང་ལྷ་སྒྲུང་བཤད་ན་ཕན་ཐོག་ཡོད་ནི་མ་རེད། གསར་བུ་ཚོས་ཅི་བཤད་ལ་ཉན་རྒྱུ་ཅང་མེད། ཁོ་ཚོར་དྲིས་ན་བསམ་ཁོ་གང་དུ་སོང་བ་མི་ཤེས་ཟེར། ང་འབྲོང་ཤུལ་ནས་ཉིན་གང་བོར་འཁོར་བ་ཡིན། རྗེས་ནས་ཤེས་དུས་བསམ་ཁོ་ནི་ཨ་མྱེས་རབ་ཡངས་ཀྱིས་ཚོང་གི་ཆེད་དུ་ཁྲི་ཀའི་ས་སྒོ་ལ་མངགས་པ་རེད།
ཨ་མྱེས་རབ་ཡངས་ནི་བསམ་ཁོ་ཚང་གི་ཁྱི་ཡི་སྐྱག་པ་ཡང་མ་རེད། དེའི་ལོ་རྒྱུས་ང་ལ་གསལ་ནི་རེད། ཁོའི་མཚང་མིང་ལ་རབ་ཡངས་ནག་གྱོང་ཡང་ཟེར་ནི་རེད། སྐྱེ་མ་མཐོ་རིས་མ་དེ་འདས་པའི་རྗེས་སུ་ཡང་ཁོས་བུད་གཉེན་གཉིས་བརྗེ་བ་རེད། ཁོས་ད་ཐེངས་བསམ་ཁོ་ལ་རེ་བ་དང་ཡིད་ཆེས་འདི་འདྲ་ཞིག་བྱེད་དགོས་དོན་ངས་ངོ་མ་ཤེས་མ་སོང་། སྟག་ཆུང་ནི་ཁོའི་རྒན་མོ་གཞུག་མ་དེའི་ཞི་ལི་རེད། སློབ་སྦྱོང་དང་ཡོན་ཏན་ཡོད་མཁན་ཞིག་གཏན་ནས་མིན། ང་ལས་སྡུག་ཡིན་ན་ཡང་ཁོ་དེང་སང་ལས་བྱེད་ཡིན་ཟེར་ནས་རྟ་ཐོག་ན་རླུང་གིས་སྐྱོད་ཀྱིན་ཡར་འགྲོ་མར་འགྲོ་བྱེད། སྟག་ཆུང་གི་རྣམ་འགྱུར་དེ་ངས་ཐེངས་མང་བོར་མཐོང་མྱོང་བས་སྐྱུག་ཡང་བྲོ། ཕ་ལ་མ་རིག་པའི་བུ་ཞིག་གང་ན་ཡོད།
ཨ་མྱེས་རབ་ཡངས་ཕ་བུ་གཉིས་ཀྱི་བྱ་སྤྱོད་ནི་སྐྱུག་བྲོ་བའི་སྤྱོད་ཅིག་ཡིན། བུ་ལ་འཇོན་ཐང་དང་སྒོར་མོ་མང་ཟེར་། ང་དེར་ཧ་ལས་ནི་མ་རེད་ལ། ཁོ་ཚང་ལ་ཡང་གཏན་ནས་འགྲོ་ནི་མ་རེད། ཁོ་ཚང་མིན་ན་ཡང་ང་ལ་འགྲོ་ས་མང་ནི་རེད། རྫ་ཁྲ་ཁྲའི་ཕར་ནང་རིག་ཡོད་ནི་རེད། འབྲོང་མགོ་རྡོ་ཡིན་ནོ་ཤེས་ཡོད།
ཉི་མ་དེར་ངས་རུ་ཉུལ་བརྒྱབ་ནས་ཕྱིར་ཡོང་ལ་ཁད་ཡོད་སྐབས་རྒྱང་རིང་ནས་བྱིས་པ་འགའ་ནག་འབུར་འབུར་བྱེད་པ་མཐོང་སོང་། ངས་ཁོ་ཚོ་སུ་ཡིན་ལ་བལྟས་བསྡད་པ་ན་བྱིས་པ་འགས་ཁྱི་ཞིག་འཁྲིད་ཡོང་གིན་འདུག ཐག་ཇེ་ཉེར་བསླེབས་པ་ན་ཁྱི་དེ་ནི་བསམ་ཁོ་ཚང་གི་སེང་ཁྱི་རེད། ངས་བལྟས་པ་ཙམ་གྱིས་ངོ་ཤེས་སོང་། ང་འཆུགས་ནི་མ་རེད། ཁོའི་སྐེ་ན་ད་དུང་ལྕགས་ཐག་རིང་བོ་དེ་ཡང་འདུག
ངས་ཆང་ཅུང་ཙམ་འཐུང་བ་བདེན་ཀྱང་བཟི་མེད། ངས་བལྟས་ཀྱིན་བལྟས་ཀྱིན་རང་གི་མིག་ལ་རང་ཡིད་མི་ཤེས་པ་ཞིག་ཏུ་གྱུར་སོང་། ཡིན་ན་ཡང་ངས་སེང་ཁྱི་བསྐྱུར་ནས་འཇོ་ཐུབ་ཀྱི་མི་འདུག ངའི་རྟ་ཁ་དེ་ཚོའི་ཕྱོགས་ལ་སྐོར་ཏེ་ལམ་ཁར་བསྔུན་ནས་སྒུག་པ་ཡིན། སེང་ཁྱིས་ང་མཐོང་ནས་ངོ་ཤེས་པ་དང་ངའི་ཕྱོགས་སུ་ཚུར་འཐེན་སོང་། ང་ལ་བལྟས་ནས་ངོ་ཤེས་ཡིན་པའི་རྣམ་འགྱུར་བལྟས་ཀྱིན་འདུག དེ་ནི་ཁོའི་ཁ་ནས་ཙི་ཙི་ཟེར་བ་དེ་རེད།
ངས་བྱིས་པ་དེ་ཚོའི་མདུན་ནས་བཀག་ཏེ་ངེད་ཚང་གི་ཡིན་པ་དང་ཕྱིར་སྤྲོད་རོགས་ཞུས་པ་ཡིན། ཁོ་ཚོ་ཡིད་ཆེས་མ་སོང་། སྐད་ཆ་དྲིས་སྐབས་ཁོ་ཚོས་ལམ་ནས་རྙེད་པ་ཡིན་ཚུལ་བཤད་སོང་། ད་ངས་གཞི་ནས་ཤེས་སོང་། སེང་ཁྱི་ཡིས་བསམ་ཁོ་དྲན་པ་དང་ཁོ་བཙལ་ཕྱིར་ལྕགས་ཐག་བཅད་ནས་ཤོར་བ་རེད། ལྕགས་ཐག་དྲུད་ནས་ཡོང་གི་ཡོད་སྐབས་ལམ་ཁ་ནས་བྱིས་པ་ཚོས་བཟུང་སྟེ་ཁྲིད་ཡོང་བ་སྨོས་མ་དགོས་པ་རེད། ངོ་མ་བཙོག་གི་ཡ།
ཁྱི་ལམ་ནས་རྙེད་རྒྱུ་ག་ལ་ཡོད། ཉིན་གཅིག་ལམ་འགྲོའི་འགྲུལ་བ་ཡང་ལམ་ནས་རྙེད་ན་ཐང་། ངས་ཁ་ཝུ་བ་དང་ཀླད་པ་དར་བ་འགྱུར་ཚར་བར་དུ་བཤད་པ་ཡིན། བྱིས་པ་ཚོར་རྒྱུ་མཚན་མང་བོ་བཤད་ཀྱི་མེད་ཀྱང་ཨུ་ཚུགས་ཅན་ཤ་སྟག་རེད། གླ་རྔན་མ་བྱིན་པར་དོན་མེད་ལ་མི་སྟེར་ཁོ་ཐག་རེད། ང་ལ་སྟེར་རྒྱུ་ཅི་ཡང་མེད། ཉིན་དེར་ང་ལག་སྟོང་ཡིན། ཆང་དམ་བེ་གང་བོ་དེ་ཡང་འཐུང་ནས་རྫོགས་སོང་། ངས་ཁོ་ཚོའི་ལག་ནས་བཙན་དབང་གིས་ལེན་རྩིས་བྱས་ཀྱང་རྩ་བ་ནས་ལོན་མ་སོང་། ང་ལ་ངོ་མ་ཐབས་ཤེས་མེད་སོང་།
ཕར་བཤད་ཚུར་བཤད་པའི་སྐབས་དེར་སླར་ཡང་སྐྱ་མི་གསུམ་བསླེབས་བྱུང་། སྡེ་བ་མི་གཅིག་པ་མ་གཏོགས་ཚང་མ་ངོ་ཤེས་རེད། དེ་ཚོ་ཡང་དོན་མེད་ལ་ང་ཚོའི་བར་དུ་འཚང་ནས་འདྲ་མིན་མང་བོ་བཤད་སོང་། དེས་ནང་ནས་མི་གཅིག་གིས་རྙེད་ཚབ་སྤྲད་ན་འགྲིག་ཚུལ་བཤད་སོང་། མི་དེ་སྐྱ་ཧབ་ཚང་གི་མགོ་སྟུག་རེད། ཁོ་ནམ་རྒྱུན་མི་གཤིས་ཀ་དྲང་མོ་ཞིག་ཡིན། ངས་རུམ་ལ་ལག་རྙོབ་ཅིག་བྱས་ན་ཡང་ཅི་ཡང་མེད། སྐྱ་མི་ཚོའི་ཁྲོད་ན་མི་ཤ་སྐམ་མིག་རུབ་སྣ་ཆེ་བ་ཞིག་ཡོད་པ་དེ་ནི་མིང་ལ་ཚེ་ཚེ་ཟེར། ཁོ་ནི་བཟང་བོ་མིང་ཅན་ཞིག་མིན་ན་ཡང་ངན་པ་རྟགས་ཅན་ཞིག་ཡིན། ས་ནག་ལ་སེར་ག་གས་ན་འབུ་ནག་ལ་སེམས་ཁུར་དགོས་ནི་མ་རེད། འདི་བསམ་ཁོ་ཚངགི་ཁྱི་རེད་ཟེར།
ཚེ་ཚེ་ཁོས་རྙེད་འཚབ་མེད་ན་སྟེར་ནི་མ་རེད། ཁྱི་ལམ་ནས་རྙེད་ན་གཡང་ཁྱི་རེད། གཡང་ལྷ་ཉལ་ནས་བསྡད་ན། གཡང་ཟོག་འཁོར་ནས་ཡོང་བ། ཧ་ཧ་ཧ། ཕྱིར་སྟེར་བའི་ལུགས་སྲོལ་ཡོད་ནི་མ་རེད། གལ་ཏེ་སྟེར་དགོས་ན་སྐྱིན་པར་བཞོན་རྟ་བྱིན། ཁྱོད་དེ་རང་ང་ཚོའི་རུ་ནང་ལ་ཡོང་བའི་ཁ་ངོར་བལྟས་པ་ཡིན། དེ་མིན་ན་སྟོངས་སེམས་མ་བཅངས་ཟེར།
མི་ངན་འདི་ཁོག་ངན་ཞིག་ཡིན་ཚུལ་སྔར་ནས་གོ་མྱོང་། ངའི་ཁ་ནས་དུ་བ་མ་ཐོན་པ་ཙམ་ལས་ཁོག་ན་ཁོང་ཁྲོའི་མེ་འབར་སོང་། ཡིན་ན་ཡང་ཁ་ཆེ་རུང་སྣ་ཡི་འོག་ཡིན་པ་ངས་ལོས་ཤེས། ཁོ་ཚོས་མཉམ་རུབ་ཀྱིས་བརྡུང་ན་ངས་ཅི་ཞིག་བྱེད། རང་གི་སྡུག་གྱོང་མ་རེད་དམ།
ད་དུང་ཁོས་གད་མོ་དགོད་ཀྱིན་ང་ལ།
ས་དེ་ན་གྲོ་མ་མེད་གི་ཡ། གཞོར་ཁུར་ནས་ཕྱི་ར་སོང་ཟེར།
ང་ནི་ངོ་མ་འུ་ཐུག་ཐབས་ཟད་དུ་གྱུར་སོང་། ཁོ་མ་རབས་ཐ་ཤལ་ཞིག་ཡིན་པ་གསལ་བོར་མཐོང་སོང་། ཚེ་ཚེ་ཡི་རྣམ་འགྱུར་དེ་མཐོང་ན་ཁོའི་མགོ་ལ་སོ་ཤད་ཅིག་བརྒྱབ་ཀྱང་ངའི་སྙིང་ནད་དེ་དྭངས་ས་མ་རེད། ངས་ཁོ་ལ་ཡ་ལན་སློག་ན་ད་ཐེངས་ཁོས་ཡག་པོ་ཞིག་བྱེད་རྩིས་མེད་པ་ཁོ་ཐག་ཡིན། ཁ་ཕྱིར་འཁོར་ནས་ཨ་མྱེས་རབ་ཡངས་ཚང་ལ་བལྟས་བ་ན་ཁོ་ཚང་གི་སྒོ་ཁ་ན་འགྲོ་འོང་བྱེད་མཁན་མང་ཡང་ང་ལ་རོགས་པ་བྱེད་མཁན་དཀའ་མོ་རེད། ང་འདི་འདྲའི་འུ་ཐུག་པ་ད་རེ་ཐེངས་དང་པོ་ཡིན།
ཨ་མྱེས་རབ་ཡངས་ནི་སེར་སྣ་ཅན་གྱི་ཡི་དྭགས་སྐེ་རིང་དང་ཁྱད་པར་མེད་པ་ཡོངས་གྲགས་ཡིན། ངས་བལྟས་བལྟས་རིག་རིག་ལ་སེང་ཁྱི་གཞན་ལ་ཁྲིད་དུ་བཅུག་པ་ཡིན། ཉིན་དེ་ནས་བཟུང་སྟེ་བསམ་ཁོ་དང་སེང་ཁྱི་གཉིས་ཀྱི་སྔུན་ནས་ངས་སྐད་ཆ་བཤད་འདོད་ཀྱང་ལྕེ་མེད་པ་ཞིག་ཏུ་གྱུར་སོང་། བསམ་ཁོ་ཁྲི་ཀ་ལ་སོང་མེད་ན་ཅི་མ་རུང་། ད་འགྲིག་མེད། ངས་བསམ་བློ་འདྲ་མིན་གཏོང་བཞིན་ཕྱིར་མི་ལོག་ཐབས་མེད་རེད།
བསམ་ཁོ་དང་ཁོ་ཚོ་མི་དྲུག་གིས་ཤ་དང་ཚོལ་མ་སོགས་ཉོས་ཏེ་རླངས་འཁོར་ནང་བཞག་སྟེ་ཅ་ལག་བསྡམས། སྟོན་ཁ་ཡིན་པས་ཚོལ་མ་ཉོ་བ་ལ་དཀའ་ལས་དེ་ཙམ་མེད། ལམ་ལ་མ་ཞུགས་པའི་སྔོན་ལ་ཟ་ཁང་དུ་སོང་ནས་ཟ་མ་ཟས། ཕྱིར་ཡོང་རྩིས་ཀྱིས་སྒོར་བུད་པ་ན་སྒོ་ཁའི་ལམ་ཆེན་ཁ་ན་ལག་སྐྱོར་འཕྲུལ་འཁོར་ཞིག་གི་ནང་དུ་སེང་ཁྱི་བཏགས་ནས་བཞག་ཡོད་པ་མཐོང་། བསམ་ཁོ་ཧང་སང་བར་གྱུར།
ད་དུང་ཁོའི་ཡིད་ལ་གནས་ཚུལ་གཞན་ཞིག་འཁོར་བ་ནི་རང་གི་གཅེས་པའི་ཨ་མ་རེད། ཨ་མ་ལ་དོན་དག་འདྲ་བྱུང་བ་མིན་ནམ་སྙམ། སྙིང་གནམ་ལ་བཏེགས་པས་འཚབ་བ་འཚུབ་བེ་ཞིག་ཏུ་གྱུར།
འཕྲུལ་འཁོར་སུའི་ཡིན་རྩད་གཅོད་བྱས་པར་ཟ་ཁང་ནང་ན་ཟ་མ་ཟ་བཞིན་པའི་རྒྱ་མི་ཞིག་ཡོད་པ་དེས་ཡིན་པ་ཤེས། ཁོ་ལ་རོགས་པ་གཉིས་འདུག ཁོ་ཚོ་གསུམ་ཀས་སེང་ཁྱི་རིན་གོང་ཆེན་པོ་བྱིན་ནས་ཉོས་ཚུལ་དང་། གཅན་ཚའི་ཐང་ནས་ཉོས་པ་ཡིན་ཚུལ་ལ་ཁ་གཅིག་གྲགས་རེད། གོང་ཆེན་པོ་བྱིན་པ་ཡིན་ཟེར་ནས་མཐའ་ལ་བསྐྱེལ་གྱིན་འདུག
རྒྱ་མི་དེ་ཚོས་བོད་སྐད་མི་ཤེས་པས་ཁ་ཏ་མ་ཏིག་རེད་མོད། ཁ་ནས་བོད་སྐད་ཀྱིས་འབྲོང་ཤུལ་ཟེར་གིན་འདུག ཁོ་ཚོས་འབྲོང་ཤུལ་སྡེ་བ་ནས་ཉོས་པ་དང་མིང་ལ་ཚེ་ཚེ་ཟེར་བ་ཞིག་གི་བཙོང་བྱུང་ཟེར། འབྲོང་ཤུལ་དང་ཚེ་ཚེ་ཁ་ནས་ཡང་ཡང་བཟློས་པར་བྱེད། དབྱིབས་དང་མིའི་ཆེ་ཆུང་དང་གདོང་དབྱིབས་སོགས་གསལ་བོར་བཤད་སོང་བས་ཚེ་ཚེ་ཡིན་པ་ར་སྤྲོད་བྱུང་། རྡོ་རྗེ་ཁ་སྟུག་གིས་ཀྱང་བསམ་ཁོ་ལ་བལྟས་ནས་ཚེ་ཚེ་ཡིན་པ་ལ་དོགས་པ་ཡོད་ནི་མ་རེད་ཟེར།
དེ་ཚེ་ཚེ་རེད། ནོར་ས་མེད་ཁོ་ཐག་ཡིན།
གཞན་ཞིག་གིས་ཀྱང་བརྟིང་བསྣོན་བྱས་སོང་། ཚེ་ཚེ་ཡིན་པ་ལ་རོགས་པ་ཚོ་ཁ་གཅིག་གྲགས་རེད། འོན་ཀྱང་རོགས་པ་ཚོ་ལ་བྱེད་ཐབས་ཅིང་མེད། བསམ་ཁོ་ཡང་ཅི་བྱ་བརྟོལ་མེད་དུ་གྱུར། ཁོས་ལྕགས་ཐག་གིས་སྣེ་མོ་བཀྲོལ་ནས་འཁྲིད་རྩིས་བྱས་པ་རེད། རྒྱ་མི་གཅིག་ཡོང་ནས་ཁོའི་ལག་མགོ་ནས་འཇུས་ཏེ་ཕྱིར་འཐེན། ཕར་འཐེན་ཚུར་འཐེན་ཐེངས་འགར་བྱས་པ་དང་རོགས་པ་ཚོས་བར་འབྱེད་ཁུལ་བྱས་པར་བསམ་ཁོས་སེང་ཁྱི་ཡི་སྐེ་ནས་བཟུང་ཏེ་འཁོར་སྒམ་ནས་མར་ལེན་ཐུབ་ཙམ་བྱུང་།
སྐབས་དེར་རྒྱ་མི་གཅིག་དེ་ཁོང་ཁྲོ་ཆེན་པོ་ཅན་ཞིག་རེད། བསམ་ཁོའི་མགོ་ལ་ལྕགས་ནེར་ཞིག་གིས་གཞུས་ཏེ་མགོ་ལ་རྨ་ཁ་བཟོས།
བསམ་ཁོའི་ངར་ཤུགས་ཇེ་ཆེར་གྱུར་ཏེ་མི་བཟུང་མི་ཡིས་མི་ཐུབ་པ་ཞིག་ཏུ་གྱུར། རོགས་པ་ཚོས་ཕན་ཚུན་ལ་བར་འབྱེད་རེས་བྱས་ཏེ་སོ་སོར་ཁ་བྱེས་ཐུབ་ཙམ་བྱུང་། བསམ་ཁོའི་མགོ་ནས་ཁྲག་བཞུར་བ་མང་དྲག་པས་རོགས་པ་ཚོས་ཨུ་ཚུགས་ཀྱིས་སྨན་ཁང་དུ་བསྐྱལ། ཤུལ་དུ་རྒྱ་མི་ཚོས་ཁྱི་ཁྲིད་ནས་གར་སོང་ཆ་མེད་དུ་གྱུར། ཡིན་ན་ཡང་ཨ་མྱེས་རབ་ཡངས་ཚང་གི་མཁོ་རྫས་རྣམས་གཅིག་ཀྱང་མ་ལུས་པར་དྲུད་ནས་ཡོང་ཡོད་ནི་རེད།
ཨ་མྱེས་རབ་ཡངས་ཚང་གི་གཉེན་སྟོན་དེ་མཐའ་མར་སྡེ་བ་གཉིས་ཀྱི་འགྲིག་སྟོན་དུ་གྱུར། ཀ་བརྒྱ་སྡེ་བ་དང་ལོ་རྭ་ཟ་གཉིས་ཀྱི་སྐྱེ་བ་ཕོ་མོ་ཚོས་གླུ་ལེན་གར་རྩེད་ཡང་རྩེ་བ་རེད། ཨ་མྱེས་རབ་ཡངས་ཀྱི་ཁ་ནང་ན་སོ་མུ་ཏིག་ཙམ་ཡང་མེད། གལ་ཏེ་ཡོད་ན་དུང་སོ་སུམ་བཅུ་ལས་འོད་སྣང་འཕྲོས་ཡོད་ངེས་ཡིན། མ་ཟད་ཆང་འཐུང་ར་བཟི་འགའ་ཡི་མིག་ཀྱང་ཞར་དུ་བཅུག་ཡོད་པར་ཡིད་ཆེས་བྱས་ཆོག་ནི་རེད།
ཡིན་ན་ཡང་དགའ་སྟོན་དེ་སྡེ་བ་གཞན་ཞིག་གི་སེམས་ནད་དུ་གྱུར། དེ་ནི་བསམ་ཁོའི་རྒྱབ་རྩར་ལངས་པའི་ལྷ་སྡེ་འཚོ་བ་རེད།
ལྷ་སྡེ་འཚོ་བའི་ཕོ་གསར་ཚོ་འུར་ལངས་ཡོད་ལ། ང་ཚོ་འབྲོང་ཤུལ་སྡེ་པས་མིག་ནང་ལ་བཞག་མ་སོང་། བེའུ་རྭ་ས་ལ་འཛུགས་དགོས་ཀྱང་ད་ཐེངས་ཕྱི་ནུར་མི་བྱེད་ཟེར། ཕོ་གསར་སྐོར་ཅིག་འཛོམས་ནས་ཐང་ཧྲེ་རོལ་ནས་དེའི་སྐོར་ལ་གྲོས་བསྡུར་ཡང་བྱས་སོང་། ངོ་མ་ལྟད་མོ་འབུད་ན་ཐང་། གྱོད་ལ་དགའ་མཁན་ཚོས་རྣ་ཀྱོར་ཀྱོར་གྱིས་ཉན་བཞིན་ཡོད།
ཡིན་ན་ཡང་འབྲོང་ཤུལ་སྡེ་བའི་རྒད་པོ་ཚོར་སེམས་ཁྲལ་འཕར་མ་ཞིག་ཡོད། དེ་ནི་སེང་ཁྱིའི་སྐོར་བརྗེད་ཐུབ་ཀྱི་མེད་པ་དེ་རེད།
དེང་སང་སྒྲུང་གཏམ་ལ་དཔྱད་པ་གཏོང་མཁན་མེད་པ་འདྲ། སྒྲུང་གཏམ་འབྲི་དུས་ཀྱི་དཀའ་ཚེགས་དེ་ངོས་ཟིན་མཁན་མེད་པ་འདྲ།
ས་དེ་ན་གྲོ་མ་མེད་གི་ཡ། གཞོར་ཁུར་ནས་ཕྱི་ར་སོང་ཟེར། ཞེས་པའི་གཞོར་ནི་མཇོར་གྱི་ཡུལ་སྐད་དེ། གྲོ་མ་རྐོ་སྤྱད་ནི་མཇོར་བུ་རེད།
མིང་གང་ཡང་རུང་བ་ཞིག་གཞིར་བཟུང་ནས་མིང་མཐའ་མི་གཅིག་པ་སྦྱར་ནས་མིང་དུ་མ་ བྱུང་བ་དང་འཕེལ་བ་ནི། དཔེར་ན། རི། ཞེས་པ་ལ་མིང་མཐའ་གང་འོས་སྦྱར་ནས། ས་འཛིན་ལ་རི་བོ། རི་ལ་འདུག་པ་ལ་རི་པ། ཆུ་མི་འདྲོང་བའི་ས་ཞིང་ལ་རི་མ། རི་དྭགས་རྣ་རིང་མཇུག་ཐུང་ཁ་ཤོ་ཅན་ལ་རི་བོང་། རིན་དུ་བྲིན་པ་ལ་རི་བ།་བྲིས་བའི་གཟུགས་རིས་ལ་རི་མོ་ཟེར་བ་ལྟ་བུ་རེད། ཐང་ལ་མིང་མཐའ་གང་འོས་སྦྱར་བ། རས་སམ་ཤོག་བུར་སྐུ་འདྲ་ལྟ་བུ་བྲིས་ཡོད་པ་ལ་ཐང་ཁ། ཟོ་མདོག་བདེ་བ་ལ་ཐང་བོ། འབྲུ་སོགས་བརྡལ་ནས་སྐེམ་པ་ལ་ཐང་མ། ཡང་མིང་མཐའ་གུ་ངུ་འུ་བུ་གང་འགྲིག་སྦྱར་ནས་ཆུང་ངུའི་དོན་དུ་འགྲོ་བའི་མིང་དུ་ མ་བྱུང་བ། ལུག་དང་ལུ་གུ། སྨྱུག་མ་དང་སྨྱུ་གུ། འཇོར་དང་འཇོར་བུ། ཐག་པ་དང་ཐ་གུ། སྦུག་དང་སྦུ་གུ། བུག་དང་བུ་ག། ཆུང་ངུ། ཐུང་ངུ། རྫི་བོ་དང་རྫི་བུ། རྟ་དང་རྟེའུ། ར་དང་རེའུ། ཤ་བ་དང་ཤེའུ། གླ་དང་གླེའུ། སྤྲེལ་དང་སྤྲེའུ། ཉ་དང་ཉེའུ། བྱ་དང་བྱེའུ། སོ་དང་སེའུ། ཁྲི་དང་ཁྲིའུ།་རྫ་མ་དང་རྫེའུ། ཟོ་བ་དང་ཟེའུ། མདའ་དང་མདེའུ། སྒྲོ་བ་དང་སྒྲེའུ། རྒོ་བ་དང་རྒེའུ། མཚོ་དང་མཚེའུ། རྡོ་དང་རྡེའུ། སྒོ་དང་སྒེའུ། ལེའུ། སྤྱིལ་བོ་དང་སྤྱིལ་བུ། གཞོང་བ་དང་གཞོང་བུ། ནོར་དང་ནོར་བུ། ཁྲོལ་མ་དང་ཁྲོལ་བུ། དོལ་དང་དོལ་བུ། སྐོན་པ་དང་སྐོན་བུ། ཁེམ་དང་ཁེམ་བུ། རྨེན་དང་རྨེན་བུ། ལན་བུ། གདུ་བུ། གླེགས་བུ། གཙག་བུ། ཐོམ་བུ། གཟར་བུ། རིལ་བུ། སྲིན་བུ། རེང་བུ། ལྟ་བུ་སོགས་མང་ངོ། གང་གི་མིང་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་མིང་རྣམས་སྦྱར་བའི་མིང་གི་འཕེལ་སྲོལ། དཔེར་ན། ལག་ན་རྡོ་རྗེ། ལག་མཛུབ། ལག་མགོ། ལག་མཐུལ། ལག་རྡུམ། ལག་དམར། ལག་ལྡན། ལག་ཉལ། ལྟ་བུ་སོགས་མང་། འབྲེལ་གཞི་དང་འབྲེལ་ཆོས་སྦྱར་བ། འབྲེལ་གཞི་རི་བོ་ལ་འབྲེལ་ཆོས་རྣམས་སྦྱར་བ། དཔེར་ན། རི་རབ། རི་དེའུ། རི་མགོ། རི་གཉའ། རི་སྐེད། རི་ཞོལ། རི་ངོས། རི་གཟར། རི་སུལ། རི་བྲག །རི་ཁྲོད། རི་རྒྱུད། རི་ཉལ། རི་དབང་། རི་འཇོམས། རི་དྭགས་རྒྱལ་པོ། རི་དྭགས་མིག་ཅན། རི་བོང་འཛིན་པ། ལྟ་བུ་སོགས་མང།
གྲོ་མ་རྐོ་སྤྱད་ནི་མཇོར་བུ་ལ་ཏོག་ཙེ་ཡང་ཟེར།
རི་བོང་འདི་བོད་ལ་གཉུག་མར་གནས་པའི་སྲོག་ཆགས་ཤིག་མ་ཡིན་པ་འདྲ། དུས་ཕྱི་ཞིག་ལ་ཕྱིའི་ཡུལ་ནས་རིམ་གྱིས་སླེབས་ནས་འཕེལ་ཞིང་གནས་པར་གྱུར་པ་ཞིག་ཡིན་པ་འདྲ། སྲོག་ཆགས་འདི་ལ་བོད་རང་སྐད་ལ་རི་བོང་མ་ཡིན་པའི་མིང་གཞན་འདྲ་ཡོད་དམ།
རི་བོང་བོད་རང་གི་དུད་གྲོ་མིན་པ་ལ་ངས་མི་འདོད་ཀྱང་། རི་བོང་ལ་ལོ་རྟགས་བཅུ་གཉིས་ནང་གི་བཞི་པ་ཡོས་དང་རི་བོང་གཉིས་གཅིག་མཚུངས་སུ་བརྩི་བཞིན་འདུག
མིག་བརྒྱད་པ་ལགས།
ཁྱེད་ནི་བོད་ཀྱི་ཚིག་མཛོད་ཅིག་རེད་ཀོ
རི་ལ་འདུག་པ་ལ་རི་པ།
རིན་དུ་བྲིན་པ་ལ་རི་བ།
འབྲུ་སོགས་བརྡལ་ནས་སྐེམ་པ་ལ་ཐང་མ།
ལག་མཐུལ།
སོགས་མང་ངོ་།
འདི་དག་གང་ལ་བེད་སྤྱོད་བྱེད་པ་རེད་དམ།
ཡིག་ནོར་ཡིན་རྒྱུ་མ་རེད་པ།
མིག་བརྒྱད་པ་ནས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ།
ཨ་ཁུ་ཚང་གི་སྒྲུང་གཏམ་གྱི་ཞོར་དུ་མིང་གི་བྱུང་འཕེལ་ཁ་ནས་ཤོར་ཐལ། ཉིད་ཀྱི་སྒྲུང་གཏམ་འདི་ལ་རྒྱབ་སྣོན་གྱི་ཚུལ་དུའོ།།ཡིག་སྐད་ཀྱི་འཇུག་པ་ཡངས་པའི་ལམ་ཆེན་དུ་བསྐྱོད་པ་ལ་ཡུལ་སྐད་དང་འབྲེལ་ཡོད་ཀྱི་སྒྲུང་གཏམ་འབྲི་བ་ནི་མེད་དུ་མི་རུང་ངོ་།།
རྒྱ་མི་དེ་ཚོས་བོད་སྐད་མི་ཤེས་པས་ཁ་ཏ་མ་ཏིག་རེད་མོད། ཁ་ནས་བོད་སྐད་ཀྱིས་འབྲོང་ཤུལ་ཟེར་གིན་འདུག །ཅེས་པའི་ཁ་ཏ་མ་ཏིག་ནི་ཚིག་མཛོད་ནས་རེག་མ་སོང་། དེའི་དོན་དག་ཅི་ཟིག་རེད།
རེད་རེད་་་་ངས་དག་ཡིག་ལ་ལྟ་ཡ་བྱུང་མ་སོང་།་་་་གཅིག་བྱས་ན་མེད་ན་ཐང་། ས་ཆ་ལ་ལར་དིག་པ་ཟེར་གྱི་ཡོད་པ་རེད། ངའི་ཕ་སྐད་དུ་ལྐུག་པ་ཡང་ཟེར། ལྐུག་པ་ཟེར་ན་དབུས་སྐད་དུ་གླེན་པ་ལ་བཤད་ཀྱི་ཡོད་རེད།
ཁ་དིག་ལྕེ་དིག་ཟེར་བ་རེད། ངག་འཁྲོལ་དཀའ་བའི་དོན་རེད་ལགས།
མིག་བརྒྱད་པ་ལགས།
ངའི་སྒྲུང་ལ་དོ་སྣང་གནང་བ་ལ་བསྐྱར་དུ་བཀའ་དྲིན་ཆེ་ཞུ།
དེ་རེ་འདིར་ཕེབས་པའི་གྲལ་ན་ཀླུ་སྨྱོན་དང་ཀརྡོ་གཉེར་ཕྱག་པ།
སྤོབས་པ་མཐའ་ཡས་ཁྱེད་རང་བཅས་ནི་ཁ་བརྡ་ཚང་གི་རྩོམ་ཡིག་གི་གཞི་འཛིན་དང་ཡོན་ཚད་མཐོ་ཤས་ཀྱི་གྲས་རེད།
ཁྱེད་རང་ངས་ངོ་མི་ཤེས་ཀྱང་ཁྱེད་ཀྱི་རྩོམ་ཡིག་དང་མཆན་མང་བོ་ངས་མཐོང་མྱོང་།
དངོས་གནས་མཁས་པ་ཆེན་པོ་རེད།
ལྟ་བའི་སྐོར་ནས་གསུངས་དུས་གཏིང་ཟབ་དུ་ཟབ་དུ་འགྲོ་བ་མཐོང་། ངོ་མ་བཤད་ནི་ཡིན་དག་མཁས་པའི་ཉམས་འདུག
ཡ་ཡ་རྗེས་ནས་མཇལ་ཡོང་།