ཨ་དམར་པོ།
ནགས་ཀློང་སྟུག་པོའི་ཡལ་འདབ་ས་རུ་འཁྱིལ།།
ཚ་སྨུག་རླངས་པའི་སྤྲིན་པ་མཁའ་རུ་འཐིབས།།
བྱིའུ་ཆུང་འབུ་སྲིན་སྐད་སྒྲ་རི་ལ་འཁོར།།
རང་བྱུང་རྒྱལ་མོས་བཞེངས་པའི་མཛེས་སྡུག་མཐོ།།
ནམ་མཁའི་ཀ་བའི་ལྡིང་ཁང་ཕྲེང་དུ་བསྟར།།
བགྲོད་ལམ་དྲ་རྒྱའི་དར་སྐུད་ཕྱོགས་སུ་འཐེན།།
གཏོང་ཕོད་དང་དེའི་ཞབས་རྗེས་རྡོ་རུ་བསླངས།།
སྐྱོབ་གསོའི་འཛུགས་སྐྲུན་དཔལ་ཡོན་དགུང་ལ་བསྙེགས།།
དབང་ཐང་མཐོན་པོའི་ཞལ་ན་ཁྲོ་གཉེར་རྒོད།།
ལས་དབང་སྙོམས་པོའི་གདོང་ན་སྐྱི་འཛུམ་འཁྱུགས།།
རླུང་རྟ་དམའ་མོའི་ལུས་ལ་སེར་གས་ལྷུང་།།
མིག་མང་རྩེ་བའི་མི་གཤིས་སེམས་ལ་འཇགས།།
ལྟ་སྒོམ་སྤྱོད་པའི་ཉམས་ལེན་ཁྲོམ་ན་བཤམས།།
འདོད་བདེ་ཟབ་མོའི་སིད་སྒྲ་དགོན་ན་བསྒྲགས།།
སྐྱ་སེར་ཉལ་གདན་འདྲེས་པའི་ལྟ་བ་དར།།
འདུལ་བའི་བཙན་རྫོང་གཏོར་བའི་གསར་བཏོད་མང་།།
དུད་ཁྲོད་རུས་རྐང་འཇིབ་པའི་གནའ་མི་མང་།།
འགྱུག་བཟོས་དགའ་མར་དུང་བའི་དེང་མི་རྒྱས།།
བར་དོའི་ཁྲོམ་སྲང་ཉུལ་བའི་ཚོང་དཔོན་མང་།
རྫས་དགུས་བྲོ་བ་བསྡེབས་པའི་སྤྱི་ཚོགས་འཕེལ།།
སྨོན་ཚིག་སྨག་ལ་གཏད་པའི་དད་པ་མཐུག།།
ཁེ་སྤོགས་ཧམ་པས་ཟ་བའི་ལྟོ་བ་ཡངས།།
མུན་ནག་དྲ་རྒྱར་བྱང་བའི་ལས་འགུལ་བཙན།།
རིགས་ཀྱི་ཚེ་སྲོག་འཕྲོག་པའི་མེ་དཔུང་ཆེ།།
ཤོག་བྱང་ཐབས་ཀྱིས་ཐོབ་ལ་སྡུ་ཡང་བཙོང་།།
མངའ་ཐང་མཐོ་རུ་འཕུར་ལ་དུག་ཀྱང་སྦྱིན།།
བདག་གི་མེ་དྲོད་གསོ་ལ་སྲོག་ཀྱང་གཏོང་།།
ཁ་མཆུའི་ལྷག་བསམ་ཁོག་པ་དེ་ལྟར་ནག
ཁེ་གྱོང་དབུས་ལ་དམིགས་པའི་ལམ་དེར་སྡང་།།
རང་རྒྱལ་སྐམ་པོའི་འུར་གྱི་ཀུ་ཅོར་དགའ།།
ཨུ་ཚུགས་རྡོ་བ་འཐག་པའི་ལྟ་བ་ཉམས།།
འགྱེལ་བ་འགྲེང་ལ་བསྒྱུར་བའི་སྲིད་བྱུས་རྫོབ།།
བགྲོད་ལམ་ཕྲ་མོའི་མདུན་ལྗོངས་སྨག་ལ་ཤོར།།
རིགས་ཞེན་ལྟ་བའི་ཁུ་བྱུགས་མོན་ལ་ཆས།།
རེ་བའི་མེ་ཏོག་ཆུང་ཆུང་ཙག་གིས་བསྡམས།།
ཁོང་གི་གཡས་གཡོན་ཅི་འདྲའི་ཞན་པ་ལ།།
གཏོང་ཕོད་ (དང)དེ་ གང ་ལ་བཅོས་རོགས།
ཡག་པོ་འདུག