ཨ་ནུ་ཐང་བསོད་ནམས།
ངོ་དེབ་བརྒྱུད་ནས་ལོ་ཙྭ་བ་དང་ཉེ་རབས་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་གྲགས་ཅན་ཆུང་ཚེ་རིང་དང་ཅུང་བསམ་ཚུལ་བརྗེ་རེས་བྱས་བའི་གོ་སྐབས་བྱུང་བར་དགའ་བོ་བྱུང་ཞིང་། བོད་ཀྱི་སློབ་གསོ་དང་བྱུང་བའི་སྐོར་ལ་ལྟ་ཚུལ་མི་མཐུན་པ་ཁག་ཅིག་བགྲོ་གླེང་གི་ཚུལ་དུ་བྲིས་བ་ཡིན། གནས་ཚུལ་འདིའི་འབྱུང་རྐྱེན་ཡང་། ༼ནུབ་ཕྱོཊ་ཡུལ་ཁག་གི་བོད་ཕྲུག་དང་བོད་ཀྱི་སྐད་ཡིག་རིག་གཞུང་།།༽ http://www.tibettimes.net/news.php?id=7901ཞེས་བའི་ཁོང་གི་རྩོམ་ཡིག་ལས་བོད་ཕྲུག་རྣམས་ལ་ཞལ་འདོན་འདོན་དུ་བཅུག་དགོོས་མིན་ལས་འཕྲོས་བའི་གླེང་གཞི་ཞིག་ཡིན། གླེང་གཞི་འདི་ངེད་གཉིས་ཙམ་མིན་པ་བོད་པ་ཞིག་ཡིན་ཕྱིན། བྱོལ་ཐབས་མེད་པའི་གནད་དོན་ཞིག་ཏུ་སེམས་ནས་ཀློག་མཁན་ཡོངས་ལ་དཔྱད་གཞི་ཚུལ་དུ་ཕུལ་བ་ལས་གཅིག་རྒྱལ་གཅིག་ཕམ་གྱི་དགག་བཞག་མིན། ལྷག་པར་དུ་རྩོམ་པ་པོ་ཆུང་ཚེ་རིང་གིས་བསམ་བློ་བཏང་ཡ་ཡོད་པའི་གནད་དོན་མང་པོ་ཞིག་གསུངས་འདུག གཅིག་བྱས་ན་འོོག་ཏུ་འཁོད་པའི་གནད་དོན་ཁ་ཤས་ཁོང་གི་གནས་སྐབས་ཀྱི་གཟིགས་ཚུལ་ལས་དོན་དམ་གྱི་གཟིགས་ཚུལ་མིན་ཤས་ཆེ་ཞེས་ཞུ་འདོད་བྱུང་།
ཕྲན་གྱིས། རེད། དངོས་གནས་བདེན་པ་རེད། ཡིན་ཡང་། ཞལ་འདོན་སློབ་དགོས་གསུངས་བ་དེ་ལ་ཅུང་མོས་མཐུན་བྱེད་དཀའ་སྟེ། བོད་པའི་ནང་ནས་ཆོས་ལུགས་འདྲ་མིན་ལ་དད་མོས་བྱེད་མཁན་བྱེད་ཡོད་པ་མ་ཟད། བྱེད་ཀྱང་ཆོག་ལ། ད་ལྟ་ཆོས་མེད་རིང་ལུགས་པ་ཡང་དར་བཞིན་ཡོད་པས། ཞལ་འདོན་ནམ་ཆོས་ཀྱི་སྐོར་ལ་བསྲེས་ན་ཡག་པོ་མ་མཐོང་།
ཆོས་ལུགས་གང་དང་ལྟ་གྲུབ་གང་ཞིག་ལ་དད་མོས་བྱེད་མིན་ནི་ཕ་མའམ་ཁོར་ཡུག་ཅིག་གིས་བཀས་བཀོད་ལས་ལྡོག་སྟེ། བྱིས་པ་ཁོང་ཚོ་ནར་སོན་སྐབས་རང་འདོད་ཀྱིས་འདེམས་སུ་བཅུག་ན། མི་རིགས་འདི་གྲུབ་མཐའ་གཅིག་གི་བཀག་རྒྱ་ལས་གྲོལ་ཏེ་རང་དབང་གི་ཁ་དོག་སྣ་ལྔ་ཤར་ངེས་ལ། དེས་མི་རིགས་འདི་ཕྱོགས་ཡོངས་དང་འཇིག་རྟེན་སྤྱི་ཡོངས་མཐོང་བར་ཕན་ཐོགས་ཡོད་ངེས་རེད། ཡིན་ཏེ། བྱིས་པ་རྣམས་ཆུང་དུས་ནས་གྲུབ་མཐའ་གང་ཞིག་གིས་ཚད་མཐོའི་དབང་སྒྱུར་མ་བྱས་ཚེ་ཕྱོགས་གཅིག་མཐོང་པའི་རྟག་མཐའ་རིང་ལུགས་པ་མི་ཆགས་པ་མ་ཟད། ནར་སོན་ཚེ་རང་མོས་ཀྱིས་དགའ་ཕྱོགས་དང་འཇིག་རྟེན་ལྟ་སྟངས་མི་འདྲ་བ་རེ་འབྱུང་ཞིང་། ལྟ་གྲུབ་མ་འདྲ་བའི་འཇིག་རྟེན་ལྟ་སྟངས་འོག་གསར་བཏོད་དང་ཤེས་རབ་སོགས་ཅི་འདོད་དུ་འབྱུང་ལ། དེས་དོན་མེད་ཀྱི་བཀག་རྒྱ་དང་དགོས་མེད་ཀྱི་གནའ་གོམས་འོག་ཏུ་མི་འགྲོ་བར་རང་རང་གི་ཁེ་ཕན་ཆེད་རང་སྟོབས་རང་སྤེལ་གྱིས་བྱེད་ངེས་རེད།
ཡིན་ཏེ། མི་རེ་རེ་ལ་འཇིག་རྟེན་ལྟ་སྟངས་དང་བདེ་སྐྱིད་ངོས་འཛིན་བྱེད་སྟངས་མི་འདྲ་བས་རང་དང་མཐུན་པའི་བདེ་སྐྱིད་སྒྲུབ་སྟངས་ཀྱི་ལམ་བུ་རེ་འཚོལ་ཞིང་། སྐྲུན་ནས་མི་རིགས་འདི་ལྟ་གྲུབ་རེ་ཟུང་དང་གྲུབ་མཐའ་རེ་ཟུང་གི་དབང་སྒྱུར་འོག་ལས་གྲོལ་ངེས་རེད། དེ་ལྟར་གྲོལ་ན་གསར་བཏོད་དང་ཚུར་ལེན་སོགས་ཅི་འདོད་དུ་འབྱུང་བས་མི་རིགས་འདིའི་རིག་གནས་ཕུན་ཇེ་ཚོགས་དང་། འཇིག་རྟེན་ལྟ་སྟངས་ཇེ་ལེགས་སུ་འགྲོ་བས་སྔོན་ལྟར་གཞན་གྱི་གཡོ་སྒྱུའི་འོག་ཏུ་ཚུད་ནས་ཕམ་ཁ་མྱོང་ཞིང་། ལུང་པ་བརླགས་པའི་སྐྱོ་གར་སོགས་སྐྱར་ཟློས་ཡང་ཟློས་བྱེད་དགོས་མེད་པ་འདོད།
ཆུང་གིས༼ཁྱེད་ཀྱི་དགོངས་ཚུལ་ཡག་པོ་འདུག དེ་ལ་དགག་པ་ཞུ་གི་མེད། བསམ་གཞི་ཁ་ཤས་ཞུས་ན། ང་ཚོ་མི་འབོར་ས་ཡ་དྲུག་རེད། དེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མི་འབོར་གྱི་ཕྱེད་ཀ་ཡང་ཟིན་གྱི་མེད། མི་འབོར་ཉུང་བའི་སྤྱི་ཚོགས་དེའི་ནང་ཆོས་ལུགས་འདྲ་མིན་དང་། གྲུབ་མཐའ་འདྲ་མིན་ཆེད་མངགས་བསྐྲུན་ན་མཐུན་སྒྲིལ་དང་། ནུས་པ་བསྒྲིལ་ཕྱོགས་ཐད་ཕན་ཆ་ག་ཚོད་ཡོད་དམ།༽ དེ་ནི་ཆེད་མངགས་ཀྱིས་གྲུབ་མཐའ་འདྲ་མིན་དར་སྤེལ་བཏང་བ་མ་ཡིན་པ། གྲུབ་མཐའ་གང་རུང་ཞིག་གི་ནུས་པའི་རྟག་མཐའ་ལྷུང་དུ་མི་འཇུག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་ཤིག་ལ་མཚོན་ན་ལུས་ཕུང་ལྟར་འབྱུང་བ་བཞི་ཡི་ནུས་བ་ཆ་སྙོམས་སུ་དགོས་བས་ཡིན།
གྲུབ་མཐའ་འམ་ཆོས་ལུགས་གང་ཞིག་གི་རྟག་མཐའ་རུ་མ་ལྷུང་ཚེ། དངོས་ཡོད་ཀྱི་ཁེ་ཕན་དང་རང་དབང་། མིའི་རིན་ཐང་སོགས་གེག་མེད་དུ་མཐོང་བས་རང་གི་ཁེ་ཕན་དང་འཚོ་གནས་ཀྱི་ཆེད་དུ་མི་རིགས་དེ་རྣམ་དཔྱོད་ལྡན་པའི་ངང་མཐུན་སྒྲིལ་ཡོང་ངེས་རེད། མཐུན་སྒྲིལ་དེ་ནི་རྨོངས་དད་དང་དག་སྣང་གི་མཐུན་སྒྲིལ་ལས་ལྡབ་འགྱུར་གྱི་ནུས་བ་ཆེ་སྟེ། མི་རིགས་གང་ཞིག་ཡིན་ཡང་དེའི་ཚེ་སྲོག་གཅིག་པ་ཡིན་ཞིང་ན་ཚ་གཅིག་པ་ཡིན་པའི་དེ་ཉིད་རྟོགས་པས་རེད། དེ་ཉིད་དེ་ནི་ཆོས་ལུགས་དང་ལྟ་བ། དད་མོས་དང་ལུང་ཚན་འཐེན་འཁྱེར་གྱི་རྒྱ་ལས་རྒལ་བས་གནད་འགགས་སྐབས་བོད་མི་རྣམས་རྣམ་དཔྱོད་དང་ལྡན་ངང་མཐུན་སྒྲིལ་ཡོང་ངེས་རེད།
དེ་ལྟར་མ་ཡིན་པར་གྲུབ་མཐའ་ག་གེ་མོ་ཞིག་དང་ཆོས་ལུགས་ག་གེ་མོ་ཞིག་གི་དད་མོས་ལ་རྟེན་ནས་མཐུན་སྒྲིལ་ཡོང་དགོས་ཚེ། ཆོས་རྒྱུད་རེ་ལ་བླ་ཆེན་རེ་དང་། ལྷག་པར་དུ་ཆོས་མེད་རིང་ལུགས་དང་བོན་པོ་རྣམས་ལ་མཚོན་ན་བོད་ཀྱི་མཐུན་སྒྲིལ་དེ་ཙམ་མཁོ་མེད་དུ་འགྱུར་ངེས་ཞིང་། མཐུན་སྒྲིལ་ཟེར་ཡང་དོན་གྱིས་ཆོས་ལུགས་བྱེ་བྲག་པ་གཅིག་གམ་གང་ཟག་བྱེ་བྲག་པ་ཞིག་གི་ཁྱབ་ཁོངས་སུ་སྒྱུར་བའི་ཉེར་ལེན་ལྟ་བུ་འགྱུར་བས་རྒྱུན་རིང་ཕྱིན་ན་འགོག་རྐྱེན་འཕྲད་ངེས་རེད། ཡིན་ཏེ། ད་ལྟ་འཛམ་གླིང་གང་སར་ཆོས་མེད་རིང་ལུགས་པའི་གྲངས་ཚད་ཀྱི་མྱུར་ཚད་ཆོས་ལུགས་ཀུན་གྱི་འཕེལ་ཚད་ལས་མགྱོགས་ཤིང་བོད་ལའང་འགོ་གཙུགས་ཟིན་པས་ཡིན། ལག་ལེན་གནང་སྟངས་ཀྱང་ང་ཚོས་གསར་བཏོད་བྱེད་མ་ཐུབ་ཀྱང་ཡར་ཐོན་ཅན་གྱི་ལུང་པ་གཞན་ལ་དཔེ་ལྟས་ནས་ཚུར་ལེན་བྱས་ན་ལེགས་ཤིང་། དེས་མ་འོངས་བའི་ལོ༢༠-༣༠ནང་ཐོལ་རྒལ་གྱི་ནུས་བ་ཐོན་པ་ཡིད་ཆེས་ཡོད། དེ་ལྟར་མིན་པ་ཆོས་ལུགས་ཀྱི་བཀག་རྒྱའི་འོག་ཏུ་ཚུད་པ་ཡིན་ན་རིམ་བཞིན་སྔ་ལྟར་བླ་མའི་བྲན་གཡོག་རུ་འགྱུར་ཞིང་། བླ་མས་རང་གི་ཁེ་ཕན་ཆེད་སྲོལ་རྒྱུན་གྱི་རྨོངས་དང་མ་དག་པའི་གོམས་སྲོལ་རྙིང་པ་གང་ཐུབ་ཀྱིས་རྒྱུན་སྲིང་བྱེད་པས་བོད་ཀྱི་མ་འོངས་བའི་ཡར་རྒྱས་ལ་འགོག་རྐྱེན་ཐེབས་ངེས་རེད།
ཆུང་གིས༼དེ་ལ་དགག་པ་ཞུ་གི་མེད། ཡིན་ནའང་ད་དུང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་བསམ་གཞིགས་བྱེད་དགོས། ང་ཚོ་བོད་པའི་གནས་སྟངས་འདི་དམིགས་བསལ་རེད། གཅིག་ནས་མི་འབོར་ཉུང་། གཉིས་ནས་རང་བདག་གིས་དབང་བསྒྱུར་ཡུལ་གྱི་ས་ཆ་ཁེར་གཙང་མེད། གསུམ་ནས་ཡུལ་ལུང་མང་པོར་ཁ་འཐོར་ནས་ཡོད། གནས་སྟངས་འདི་འདྲའི་འོག་ང་ཚོ་རྒྱུན་སྐུད་ཅིག་གིས་བཟུང་བསྡད་ཡོད་པ་དེ་ནི། ནང་ཆོས་རེད། དད་མོས་རེད། འཇིའུ་མི་རིགས་ལོ་སྟོང་ཕྲག་རིང་སྐྱབས་བཅོལ་དུ་གནས་དགོས་བྱུང་ཡང་། ཐ་མ་རྒྱལ་ཁ་གང་ལ་གང་འཚམས་འཐོབ་པའི་ལོ་རྒྱུས་དེའི་ནང་། ཁོང་ཚོའི་ཆོས་ལུགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
དེ་ཚོར་བསམ་གཞིགས་མ་བྱས་པར། ཡར་ཐོན་རྒྱལ་ཁབ་ལ་དཔེ་བལྟས་པ་ཡིན་ཞེས། གཟིམ་ཆུང་མ་བྱུང་གོང་ནས་སྦྲ་གུར་བཤིགས་ན། ཐ་མ་མཇུག་འབྲས་བློ་ཡུལ་ལས་འདས་པ་ཡོང་ཉེན་ཡོད། ངས་ཐད་ཀར་ཞུས་པ་ཡིན།༽ རེད། བདེན་པ་རེད། ཡིན་ཡང་རྗོའུ་ཆོས་ལུགས་དང་བོད་ཀྱི་ནང་ཆོས་གཉིས་མི་འདྲ་སྟེ། རྗོའུ་ཆོས་ལུགས་ཀྱིས་དཔལ་འབྱོར་དང་ལྷག་པར་དུ་མི་འབོོར་འཕེལ་རྒྱས་ལ་མི་གནོད་པ་མ་ཟད། རྒྱོའུ་ཆོས་དཔོན་རཱ་བྷིའི་ཡིན་ཡང་ཆང་ས་རྒྱག་པའི་འོས་འགན་ཡོད་ལ། ཁོས་འཇིག་རྟེན་གྱི་ཁྱིམ་པ་བ་དང་དཀོན་མཆོག༼ལྷ༽གཉིས་ཀྱི་འབྲེལ་མཐུད་ཀྱི་ཟམ་པ་བྱེད་དགོས་བས་དེ་གཉིས་ལ་རྒྱུས་ལོན་བྱེད་ཆེད། ཆུང་མ་ལེན་འོས་ཤིང་མི་ལེན་མཁན་༢༠༠༨ལོར་གཅིག་བྱུང་བས་རྒྱུན་ལྡན་མིན་པའི་གནས་ཚུལ་གྱུར་ཡོད།
བོད་ཀྱི་ཆོས་དཔོན་ལས་ཆང་ས་རྒྱག་ཆོག་མཁན་རེ་ཟུང་ལས་མེད་པ་མ་ཟད། དགེ་འདུན་པ་༩༨%དབུ་མེད་དང་འགྲོགས་མི་ཆོག་པས་མི་འབོར་འཕེལ་རྒྱས་ལ་གནོད་ཅིང་། སྤྲུལ་སྐུ་རྣམས་དཀའ་ལས་ཅི་ཡང་བྱེད་མི་དགོས་བར་ཆུང་དུས་ནས་རྒྱན་སྤྲུག་ལྟ་བུ་རྒྱལ་ཁ་ཐོབ་ཅིང་། རིན་པོ་ཆེར་ཆགས་པས་དེས་གདུལ་བྱ་ལ་ཁ་གཡར་ནས་མི་མང་ཅི་འདོད་དུ་བེད་སྤྱོད་བཏང་ཕྱིན། མི་རིགས་ཤིག་ལ་མཚོན་ན་འགྱེད་ས་ནས་ལངས་མི་པའི་སྐྲན་ནད་ཆགས་ཡོད། ཞབས་ཞུ་བ་ལ་ཁ་གཡར་ནས་གླ་མེད་ཀྱི་མི་མང་རང་འདོད་ཀྱིས་བཀོལ་སྤྱོད་བྱེད་པས། གླ་མེད་ཀྱི་མི་མང་རྣམས་ཡག་ས་བཤད་ན་ཞབས་ཞུ་པ་རེད་ལ། སྡུག་ས་ནས་བཤད་ན་བྲན་གཡོག་པ་རེད། གླ་མེད་ཀྱི་མི་མང་བླ་མ་རྣམས་ཀྱིས་རང་གི་སྙན་གྲགས་དང་བདེ་དོན་སྒྲུབ་བྱེད་ཀྱི་ལག་ཆར་གྱུར་ཡོད་ལ། ཁོང་ཚོས་འགྲོ་བའི་བདེ་དོན་གླེང་བའང་དོན་དངོས་རང་ཉིད་ཀྱི་བདེ་དོན་སྒྲུབ་བྱེད་ཁོ་ནར་གྱུར་ཡོད།
ཁོང་ཚོས་ཁེ་ཕན་ཡོད་དུས་བོད་དོན་གླེང་བཞིན་ཡོད་ལ། མེད་དུས་ཆོས་པས་ཆབ་སྲིད་ལ་ཁ་གཡར་མི་བྱེད་གསུངས་བཞིན་ཡོད། ཁོང་ཚོས་ཁ་ནས་ཆོག་ཤེས་གསུངས་ཀྱང་བོད་པ་ཐམས་ཅད་གྲྭ་བ་བཟོས་ཞིང་ཡུལ་ལུང་ཐམས་ཅད་ལྷ་ཁང་གིས་གང་ཡང་ཉུང་སྐྱོན་ལས་མང་སྐྱོན་མེད། ལྷག་པར་དུ་རྗོའུ་ཆོས་ལུགས་ཀྱིས་རྗོའུ་མི་རིགས་ཀྱི་ཚབ་མཚོན་ཐུབ་ཀྱང་། ནང་པ་ཟེར་ན་བོད་མི་རིགས་ལ་མི་གོ་བ་ཀ་ཁ་ཡིན་པས་རྒྱ་ནག་གིས་བོད་ཀྱི་རིག་གཞུང་ནང་ཆོས་ཀྱི་ངོ་བོར་སྒྱུར་ཞིང་། བོད་ཀྱི་མི་རིགས་ལྷི་མ་ལ་ཡའི་མི་རིགས་སུ་སྒྱུར་ནས་རྩ་མེད་བཟོ་པའི་སྲིད་བྱུས་འཛིན་བཞིན་ཡོད། དེ་བརྟེན། ཡོ་རོབ་སོགས་ཕྱི་རྒྱལ་གྱི་འགྲེམ་སྟོན་ཁང་མི་ཉུང་བ་ཞིག་ལ་རྒྱ་ནག་གིས་གང་ཐུབ་ཀྱིས་གནོད་ཤུགས་སྤྲད་ཅིང་། བོད་ཀྱི་རིག་གཞུང་འགྲེམ་སྟོན་གྱི་མིང་བྱང་ནང་ཆོས་སམ། ཧི་མ་ལ་ཡར་སྒྱུར་དགོས་ཞེས་འབོད་སྐུལ་ཞུས་བའི་ཡི་གེ་ཡང་ཕྲན་གྱིས་ཀློག་རྒྱུ་བྱུང་ལ། པེ་ཅིང་སྤྱི་ཚོགས་ཚན་རིག་ཁང་གིས་བསྒྲིགས་པའི་བོད་རྒྱུད་སངས་བསྟན་གྱི་ཐང་ག་དང་ལྷ་སྐུ་བཅས་ལ་ནང་པའི་རིག་གཞུང་ཞེས་བའིཁྱབ་བསྒྲགས་ལས་༼བོད༽ཅེས་བའི་ཚིག་འདི་མི་འདུག
ཁོས་ཚོ་རེ་བར་བོད་ཀྱི་སྒྱུ་རྩལ་ཡོད་སའི་རྒྱལ་སྤྱིའི་འགྲེམ་སྟོན་ཁང་ཀུན་ལ་དེ་ལྟར་འབྲི་རྒྱུའི་རེ་སྐུལ་དང་། ཁེ་ཕན་སྤྲད་ཀྱིན་འདུག་་་་་། ཡིན་ཡང་། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་བོད་པ་དང་བོད་ཀྱི་གྲོགས་པོ་ཚོའི་ངོ་རྒོལ་བྱེད་པ་དོགས་ནས་ཁས་ལེན་བྱས་མི་འདུག གང་ལྟར་བོད་ཅེས་བའི་ཚིག་འདི་རྒྱ་ནག་ལ་གནོད་ཀྱིན་ཡོད་པ་གསལ་པོ་རེད།
ཞལ་འདོན་འདོན་པ་ཡིན་ན་གཙོ་བོ་བླ་མ་སྤྲུལ་སྐུ་ལ་བསྟོད་པ་དང་སྐྱབས་མཆི་ཡིན་ཕྱིན། མི་རིགས་བྲན་གཡོག་བཏང་མཁན་ལ་ཉེས་བ་མེད་པ་བྱ་དགའ་སྤྲད་པ་ནི་མ་འོས་བར་མཐོང་། བོད་མི་ས་དྲུག་ཙམ་ཡོད་པས་ཕྱོགས་གཅིག་ནས་བལྟས་ན་ཉུང་ཡང་། ཕྱོགས་གཞན་ཞིག་ནས་ལྟས་ན་ཧ་ཅང་མང་། ལས་སླ་པའི་གྲངས་འབོར་ཉུང་ཉུང་ཞིག་མ་རེད། རྒྱ་ནག་ལ་མི་འབོར་མང་ཡང་ནང་མ་མཐུན་པའི་དཀའ་ངལ་མང་དག་ཅིག་ཡོད་པས་དེ་ཙམ་སྟོབས་མ་རེད། ཁོང་ཚོའི་ནང་ཁུལ་གྱི་དཀའ་ངལ་ནི་ཕྱི་ཡི་དཀའ་ངལ་ལས་ཀྱང་ཆེ་བས་ཁོང་ཚོའི་བསམ་པ་ནང་བཞིན་ནམ། ཕྱི་ཚུལ་ནས་ལྟས་བ་ལྟ་བུ་སྟོབས་ཆེན་མིན་པ་འདོད།
ཆུང་གིས༼བྲན་འཁོལ་གྱི་བསམ་བློའི་ཐད་ནས་བཤད་ན། ད་ཕན་རྒྱ་ནག་གི་དབང་སྒྱུར་ལ་མགོ་བོ་མ་བསྒུར་བར། ངོ་རྒོལ་དང་བློས་གཏོང་ཆེ་ཤོས་བྱེད་མཁན་དེ་སེར་མོ་བའི་སྡེ་ནས་ཐོན་ཡོད།
དེ་ལ་རྒྱུ་མཚན་གྱི་རྒྱབ་ལྗོངས་སྣ་ཚོགས་ཤིག་ཡོད་དེ།
༡ བོད་འདི་དུས་རབས་བཅོ་ལྔ་བmiddle ageལྟར་ད་དུང་ཡང་ཆོས་ལུགས་ཀྱིས་དབང་སྒྱུར་ཤུགས་ཆེ་ཡོད་ཅིང་། ཆོས་སྲིད་ཟུང་འབྲེལ་ལས་ཐོན་ཏེ་ལོ་ངོ་གསུམ་བཞི་ལས་འགྲོ་བཞིན་མེད་པས། སེར་མོོ་བ་ནི་བོད་ཀྱི་ཤེས་ཡོན་པའི་འབྱུང་ཁུང་གཙོ་བོ་དང་། ཡིག་རྨོོངས་ལས་གྲོལ་བ་ཆེ་ཤོས་དེ་ཡིན་ཞིང་། དེ་ལས་ལྷག་གི་ཤེས་ཡོན་པའི་དཔུང་ཁག་ཅིག་བོད་ཀྱི་སྤྱི་ཚོགས་ཁྲོད་ཐོན་ཁོམ་མེད་ཅིང་། ཐོན་མ་ཐུབ་པས་སེར་མོ་པས་རྒྱ་ནག་གིས་བོད་ལ་བཟུང་བའི་མ་དྲང་བའི་སྲིད་བྱུས་ལ་ངོས་འཛིན་གཏིང་ཟབ་ཡོད་པས་ཡིན།
༢ ཆོས་ལུགས་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་ཚད་མཐོའི་རང་བཞིན་གྱིིས་ལོ་མང་དབང་སྒྱུར་བྱེད་པས། བོད་ཀྱི་ཕུལ་བྱུང་གི་མི་སྣ་དང་། ཞབས་འདྲེན་གྱི་མི་སྣ་གཉིས་ཀ་རྩྭ་དང་ལྡུམ་བཞིན་སེར་མོ་བའི་ཁྲོད་དུ་ཡོད་པས། རྒྱ་ལ་རྒོལ་མཁན་དང་། རྒྱལ་ཚོང་མཁན་གཉིས་ཀ་སེར་མོ་བའི་ཁྲོད་དུ་ཡོད།
༣ སེར་མོ་བའི་གྲས་ནས་ཀྱང་རྣོ་ངར་ལྡན་པའིི་ལས་འགུལ་སྤེལ་མཁན་གཙོ་བོ་ནི་གྲྭ་རྐྱང་རྣམས་ཡིན་ཞིང་། སྤྲུལ་སྐུ་ཧ་ཅང་ཉུང་། འཐབ་རྩོད་ནང་དངོས་སུ་ཐོན་ནས་ཞུགས་མཁན་ཡང་ཆོས་དཔོན་རེ་ཟུང་ལས་ཐོན་དུ་མེད་པ་ནི་དྲང་བདེན་མིན་ཏེ། བོད་ལ་རང་དབང་ཞིག་ཐོབ་ཚེ་ཁེ་ཕན་ཐོབ་མཁན་གྱི་ལྟེ་བ་བླ་སྤྲུལ་རྣམས་རེད། ཡིན་ཡང་། ད་ལྟ་བོད་ལ་དཀའ་ངལ་ཡོད་སྐབས་སུ་སྤྲུལ་སྐུ་ཕལ་མོ་ཆེ་ཡིས་རང་ལ་སྦྱིན་བདག་དང་། གྲགས་པ་རྒྱས་ཆེད། སྲིད་དོན་ལ་ཁ་ཡ་མི་བྱེད་ཅིང་། སྤྱི་ཚོགས་ཀྱི་རྨོངས་དད་རྒྱུན་གནས་བྱེད་པ་ཕྱག་ལས་སྣ་ཚོགས་ཤིག་སྒྲུབ་པ་ནི་རང་ཉིད་ཀྱི་ཁོོ་ནི་ཁེ་ཕན་ལ་ཞེན་སེམས་ཆེ་དྲགས་ཤིང་། རང་མི་རིགས་ནི་རྗེས་ལུས ་ནས་ཡང་ལུས་སུ་ཁྲིད་པས་སྐྱོ་གར་གྱི་གཞི་མ་རེད། མ་ཟད་རྒྱ་མི་བོད་དུ་ཡོང་སྐབས་རྒྱ་ནག་ལ་ངོ་རྒོལ་མ་བྱེད་ཟེར་ནས་མང་ཚོགས་ཀྱི་སེམས་ཤུགས་གཅོད་མཁན་གྱི་སྣེ་ཡོད་མི་སྣ་མང་པོའང་ཆོས་དཔོན་ཚོའི་གྲས་ནས་ཡོད།
ཆོས་དཔོན་ཚོས་མང་ཚོགས་ལས་རྙེད་པའི་དཔལ་འབྱོར་གྱིས་ཅི་ལྕོགས་ཀྱིས་ལྷ་ཁང་དང་དགོན་སྡེ་བཞེངས་བ་ལས། ཕྱིར་མི་མང་གི་བདེ་དོན་ཆེད་དུ་བཏང་བ་ཉུང་ལ། ཐ་ན་དགེ་འདུན་པའི་གོ་རྟོགས་སེལ་བར་དོགས་ནས་གྲྭ་བར་རིག་གནས་དང་དྲ་རྒྱ་སྦྱང་བར་འགོག་རྐྱེན་བཟོ་མཁན་ཡོད་པ་མ་ཟད། རྩོམ་ཡིག་ཀྱང་གང་བྱུང་དུ་སྤེལ་བ་ངོ་རྒོལ་བྱེད་མཁན་ཆོས་དཔོན་ཚོའི་གྲས་ནས་ཅི་འདོོད་དུ་ཡོད། ལྷག་པར་དུ་སློབ་སྦྱོང་མེད་པའི་མང་ཚོགས་ཀྱི་བསམ་བློར་རྒྱབ་སྐྱོར་དང་། གནའ་གོམས་ལ་མཐུན་འགྱུར་གྱིས་མི་མང་རྣམས་རང་གི་ཁེ་ཕན་ཆེད་བེད་སྤྱོད་བཏང་བ་ཉུང་ཉུང་མིན། མང་ཚོགས་རྒྱབ་རྩ་རུ་ཁྲིད་དེ་བླ་མ་ལ་གུས་བཀུར་མེད་མཁན་ཚོ་གང་ཐུབ་ཀྱིས་གནོད་ཤུགས་སྤྲད་པས་བོད་ལ་མཚོན་ན་རྣམ་དཔྱོད་ཀྱི་རང་དབང་བཀག་སྡོམ་བྱེད་པའི་ལྕགས་སྒྲོག་ཅིག་ཡིན་ཞིང་། དེས་ད་དུང་ཡང་བོད་འདི་བླ་མའི་བཏང་འཛིན་འོག་ཏུ་འཇུག་པར་རམ་འདེགས་བྱེད་ཀྱི་ཡོད།
གལ་སྲིད་བོད་མི་རྣམས་གང་འདོད་དུ་བླ་མའི་བཏང་འཛིན་འོོག་ཏུ་ཕྱིན་པ་ཡིན་ན་མང་ཇ་མང་སྐོལ་དང་། ལྷ་ཁང་གསར་རྒྱགས། ཚོགས་བསག་དགེ་སྒྲུབ་དང་ལྷ་གསོ་ཀླུ་གསོ་སོགས་བསླབས་ནས་འདུག་ངེས་ལ། འཁོར་བ་ལ་རྒྱས་མངའ་མེད་ཅིང་རྒྱན་སྤྲུག་ལས་རིན་པོ་ཆེ་ཆགས་པའི་བླ་མ་ཚོས་རང་དང་མཐུན་པའི་ཆོས་ཁྲིམས་རེ་བསྒྲགས་ཤིང་། དེ་ལ་མཁས་བ་རྣམས་ཀྱིས་རང་གི་ཁེ་ཕན་དང་། མཐུན་ཕྱོགས་ཀྱི་ཆེད་དུ་བཞད་འཛུམ་གྱིས་རྒྱབ་སྐྱོར་ཐོབ་པས། སློབ་སྦྱོང་གི་གོ་སྐབས་མེད་པའི་ཡིག་རྨོངས་མང་ཚོགས་རྣམས་ཀྱིས་ཁོོང་ཚོའི་དོ་ཟླ་མི་འོང་ཞིང་། རིག་པ་རྣོ་བ་རེ་ཟུང་གིས་དེ་ནི་དངོས་ཡོད་དང་རིང་ཞིང་དོགས་གཞི་རུ་འདོད་ཀྱང་། བཤད་ས་མེད། མི་ཆེན་དེ་དག་གིས་ཀྱང་ལྟ་ཚུལ་དེ་ལྟར་འཛིན་ཞིང་རྒྱབ་སྐྱོར་བྱེད་པ་མཐོང་ཚེ་རང་གི་འདོད་པའི་ལྟ་ཚུལ་ཡང་ནོར་འཁྲུལ་རེད་སྙམ་ནས་བློ་སྤོབས་ཞུམ་ངེས་ཡིན། ཡིན་ཏེ། བླ་མ་རྣམས་ཀྱིས་སྡེ་བའི་གནད་ཡོད་མི་སྣ་དང་ལག་རྡང་སྦྲེལ་བྱས་ཤིང་ཆོས་ཁྲིམས་དང་སྡེ་ཁྲིམས། གོམས་ཁྲིམས་སོགས་མཉམ་དུ་སྦྲེལ་བས་དེའི་འོག་ནས་ཐར་མཁན་ཧ་ཅང་ཉུང་།
ཆུང་གིས༼ཞབས་ཞུའི་ལས་དོན་གང་ཞིག་བྲན་ལས་ཡིན་མིན་དེ། གླ་ཆ་ཡོད་མེད་ཙམ་གྱིས་ཐག་གཅོད་ཐུབ་པ་མིན་པར། རང་མོས་ཡིན་མིན་ལའང་བལྟ་དགོས། བཙན་བཀོལ་ཡིན་ཕྱིན་གླ་ཆ་ཡོད་རུང་བྲན་བཀོལ་རེད།༽ དེ་ལ་བདེན་ཆ་ཡོད་ཀྱང་ཡོངས་སུ་བདེན་པ་མིན་ཏེ། བྲན་གཡོག་ཡིན་མིན་ནི་གླ་ཆ་ལའང་ལྟ་དགོས་ཏེ། ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཀྱིས་ལས་མི་རྣམས་ལ་ངེས་བར་དུ་སྤྲད་དགོས་བའི་མ་མཐའི་གླ་ཆ་གཏན་འཁེལ་བྱས་ཡོད་ཅིང་། དེ་སྲུང་སྐྱོབ་བྱེད་ཆེད་དུ་གཞུང་སྒེར་གཉིས་ཀྱི་ཚོགས་པ་ཡོད། ཕྲན་གྱིས་ཀྱང་” ཡག་ས་བཤད་ན་ཞབས་ཞུ་བ་དང་། སྡུག་ས་ནས་བཤད་ན་བྲན་གཡོག་རེད”ཅེས་བ་ལས་ཚད་ལྡན་གྱི་བྲན་གཡོག་རེད་ཅེས་ལབ་མེད།
གནོན་ཤུགས་ཡོད་མེད་ནི་ཧ་ཅང་གིས་བཤད་དཀའ་ཞིང་མི་ཐུབ་སྟེ། གྲྭ་བ་ཕལ་ཆེར་བ་ཕ་མས་བཟོས་ཤིང་དགོན་པར་བཏང་ལ། དགོན་ཁྲིམས་ཀྱང་འདོད་པ་ཡོད་མེད་ལ་མ་ལྟོས་བ། གཙོ་བོའི་སྤྲུལ་སྐུ་ལ་མཐུན་འགྱུར་བྱེད་ཆེད་བཟོས་ཤིང་། མ་བྱས་ན་དགོན་གྲོང་གཉིས་ཀྱིས་གནོད་ཤུགས་ཡོད་པ་མ་ཟད། དགེ་ཆོས་ཀྱིས་ཀྱང་དགོན་བདག་སྤྲུལ་སྐུ་ལ་གུས་བཀུར་བྱེད་རྒྱུ་དཀའ་ངལ་འཕྲད་པས་བླ་བྲང་ནས་ཐོན་དགོས་བྱུང་ཡོད། དེ་འདྲ་དཔེ་བརྗོད་བརྒྱ་ཕྲག་དུ་མ་སྔ་ནས་ད་བར་བོད་ལ་ཡོད། དེ་བརྟེན། གྲྭ་རྐྱང་རྣམས་ལ་གནོད་ཤུགས་སམ་མངོན་པ་མི་གསལ་བའི་བཙན་དབང་མེད་ཅེས་བཤད་མི་ཕོད། བྲན་གཡོག་ལའང་བཙན་བཀའ་དངོས་ཤུགས་གཉིས་དང་། ཤུགས་རྐྱེན། བཏང་འཛིན་ཡོད་མེད་དང་། ལས་ཡུན་སོགས་ལ་ལྟ་དགོས་ཏེ། http://www.yourdictionary.com/slave
a person who is completely dominated by some influence, habit, person.
Slave is defined as to work really hard for a long period of time.
An example of slave is to engage in physical labor at work for 14 hours a day.
ཆུང་གིས༼ བོད་ཀྱི་ནང་ཆོས་འདི་བོད་མི་རིགས་ཀྱི་ངོ་བོ་དང་འབྲེལ་བ་ཡོད་པར་མཐོང་སྟེ། དེང་སྐབས་རྒྱ་ནག་གཞུང་གིས། བོད་ནང་གི་དགོན་སྡེ་རྣམས་ཕྱི་ལ་སྟོན་ཆེད་ཙམ་ལས། དོན་དམ་གྱི་འཆད་ཉན་བྱེད་མི་འཇུག་པ་དང་། གྲྭ་གྲངས་ལ་ཚོད་འཛིན་བྱེད་བཞིན་ཡོད་ཅིང་།༽ བོད་ཀྱི་དགོན་སྡེ་ཕྱི་ལ་སྟོན་ཆེད་དང་གྲྭ་འབོར་ལ་ཚོད་འཛིན་བྱེད་ས་ནི་བོད་ཀྱི་དགོན་སྡེ་ཐམས་ཅད་མིན་ཞིང་། རྒྱ་གཞུང་ལ་ཉེན་ཁ་ཡོད་པའི་ཚོགས་སྡེ་གང་ཞིག་ཡིན་ཡང་དེ་ལ་ཚོད་འཛིན་ཡོད་པས། གྲྭ་འབོར་ཚོད་འཛིན་ཡོད་སའི་བོད་ཀྱི་དགོན་དགོན་སྡེ་ཁག་ནི་གནས་ཚུལ་དེ་དང་མཚུངས་བ་ལས་དམིགས་བསལ་གྱི་རྒྱུ་མཚན་མ་མཐོང་། ཡིན་ཏེ། ཚོགས་པ་དང་དགོན་སྡེ་གང་ཞིག་རྒྱ་གཞུང་ལ་ཉེན་ཁ་མཐོང་ན་དེར་ཚོད་འཛིན་ཡོད་ལ། མི་སྒེར་ལའང་དེ་ལྟར་ཡིན། དེ་ནི་གཅིག་བསྡུ་རིང་ལུགས་དང་མི་སེར་སྤེལ་བའི་ལམ་ལུགས་ལ་མཚོན་ན་རྒྱུན་ལྡན་ཞིག་རེེད།
ཆུང་གིས༼བོད་བརྒྱུད་ནང་བསྟན་གྱིས་བོད་ཀྱི་ངོ་བོ་གཏིང་ཟབ་ས་ནས་མཚོན་པ་དེར་རྩོད་པ་ཧ་ལམ་མེད།༽ བོད་རྒྱུད་ནང་བསྟན་གྱིས་བོད་མིའི་ངོ་བོ་སྣ་ཚོགས་ཤིག་མཚོན་པ་བདེན་ཡང་། དེ་རྒྱུ་མཚན་དུ་བྱས་ནས་བོད་པའི་ཡོད་ཚད་ནང་བསྟན་དང་འབྲེལ་བ་མི་འོས་སྟེ། ནང་བསྟན་ཞེས་ན་བོད་ལ་མི་གོ་བ་མ་ཟད། བོད་རྒྱུད་ནང་བསྟན་ཞེས་ཀྱང་བོད་མི་ཁོ་ནར་མི་གོ་ཞིང་འབྲུག་བལ་སོག་གསུམ་སོགས་ཐེ་བས་ཡིན།
རྒྱུ་མཚན་གཞན་ཞིག་ནི། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཆོས་སྲིད་ཟུང་འབྲེལ་གྱིས་འཛམ་གླིང་དབང་སྒྱུར་བྱས་ཤིང་། དེའི་འོག་ནས་སྔོན་ཐོན་གྱི་རྒྱབ་ཁབ་མང་པོས་ཆོས་དང་ཆབ་སྲིད་གཉིས་ཀྱི་དབྱེ་བ་ཕྱེ་ཙམ་ཡིན་ཕྱིན། རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཡང་དེའི་ཚོས་ལུགས་གྱིས་མི་རིགས་དེའི་གནའ་བོའི་ངོ་བོའི་གཏིང་ཟབ་མཚོན་ཡང་། དེ་རྒྱུ་མཚན་དུ་བྱས་ནས་མི་རིགས་དེའི་སློབ་ཆུང་ནས་བཟུང་བྱིས་པ་རྣམས་ལ་ཞལ་འདོན་སྐྱོར་དུ་བཅུག་ན། མི་འོས་ཤིང་དེས་གནའ་བོའི་ཆོས་སྲིད་ཟུང་འབྲེལ་གྱི་འདུ་ཤེས་སླར་གསོ་དང་། བྱིས་པ་རྣམས་ལ་རང་འདོད་ཀྱིས་འཇིག་རྟེན་གྱི་ཁ་དོག་སྣ་ཚོགས་རྙེད་པའི་འགོག་རྐྱེན་འགྱུར་བས། ཡར་རྒྱས་ཀྱི་རྒྱལ་ཁབ་དང་མི་རིགས་གཞན་ལྟར་གཞུང་གི་ངོས་ནས་ཆོས་ལུགས་གང་ཞིག་ལ་སྐུལ་མའམ། འགོག་རྐྱེན་མི་བཟོ་རྒྱུ་གནད་དུ་མཐོང་། ཡིན་ཏེ། བྱིས་པ་ནི་བྱིས་པ་རང་ཡིན་པས་ཕ་མའམ་དགེ་རྒན་གྱིས་གང་གསུངས་བས་བདེན་དུ་རློམས་ཤིང་། མཐའ་མེད་ཀྱི་ཤེས་རབ་ཡར་རྒྱས་ལ་འགོག་རྐྱེན་ཐེབས་ཕྱིན། ནར་མ་སོན་བར་ཆོས་ལུགས་གང་ཞིག་དང་། ཉེན་ཚབས་ཆེ་བའི་གྲུབ་མཐའ་གང་ཞིག་གིས་བློ་ཁ་མ་སྒྱུར་ན་མི་རིགས་དེའི་འཇིག་རྟེན་གྱི་ཁ་དོག་སྣ་ལྔ་མཐོང་ཞིང་། ནར་སོན་ཚེ་གང་ཟག་སོ་སོོའི་རང་དང་མཚམས་པའི་འཇིག་རྟེན་གྱི་མཛེས་བ་དང་། མི་ཚེའི་སྙིང་པོ་ཞིག་ཉམས་སུ་ལེན་ངེས་རེད།
གལ་སྲིད་མི་རིགས་ཤིག་ལྟ་གྲུབ་བྱེ་བྲག་པ་ཞིག་དང་གཞུང་ལུགས་བྱེ་བྲག་པ་ཞིག་གི་བཏང་འཛིན་འོག་ནས་གྲོལ་ན། སྣ་འཛོམས་ཀྱི་རང་བཞིན་ལྡན་པའི་ཤེས་བྱ་སྐྱེད་སྲིང་བྱེད་པས་དཀའ་ངལ་གང་ཞིག་འཕྲད་ཀྱང་དེ་དང་དེའ་མཚུངས་ཀྱི་ཆེད་མཁས་པ་ཚོས་གདོང་ལེན་བྱས་ཤིང་། དཀའ་ངལ་ལས་རྣམ་པ་རྒྱལ་ངེས་རེད། དེ་ལྟར་མ་ཡིན་པ་ཆུང་དུས་ནས་ཆོས་ལུགས་སམ་གྲུབ་མཐའ་བྱེ་བྲག་པ་ཞིག་གིས་དབང་སྒྱུར་གཏིང་ཟབ་བྱས་ཚེ། དེ་དང་དེ་མཚུངས་ཀྱི་སྒང་ལ་ཆེད་མཁས་བ་ཡོང་པ་ལས་གཞན་དུ་ཆེད་མཁས་བ་འོང་དཀའ་ཞིང་། མི་འོང་བར་བྱིས་བའི་སྐབས་ནས་སློབ་གསོའི་བཀག་རྒྱ་ཐེབས་པས་ཡིན།
ཆུང་གིས༼མི་འབོར་གྱི་ཐད་དེང་སྐབས་གྲྭ་བཙུན་ཙམ་མ་ཟད། མི་སྐྱས་ཀྱང་ཕྲུ་གུ་མི་སྐྱེ་བ་དང་། སྐྱེས་ཀྱང་མང་མཐའ་གཉིས་ལྷག་མི་སྐྱེ་བ་འདི་ཚོར་དགོངས་པ་བཞེས་འོས༽ རེད། དེང་སྐབས་མི་རྐྱས་ཀྱང་ཕྲུ་གུ་མང་དུ་སྐྱེས་ཡ་འདོད་མོས་མེད་ན། ཅི་འདོད་དུ་གྲྭ་བར་བཟོས་ན་གྲངས་ཉུང་སྒང་དུ་མཁུར་བོ་དང་། མུ་གེ་ཡི་སྒང་དུ་ཟླ་ལྷག་མ་རེད་དམ། མི་སྐྱས་ཀྱང་མང་མཐའ་གཉིས་ལྷག་མི་སྐྱེས་བར་དགོངས་པ་བཞེས་འོས་གསུངས་བར་མོོས་མཐུན་ཡོད། ཡང་ལོ་ཉུ་ཤུ་ཙམ་གྱི་སྔོན་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བཤད་སྲོལ་ཞིག་ནི། སྐྱེས་པ་ནི་དབུ་མེད་དང་མི་འདྲ་བ་རིགས་རྒྱུད་སྤེལ་བར་དེ་ཙམ་མཁོ་གལ་མེད་ཚུལ་འདོད། དེ་ནི་ཆེད་མངགས་ཀྱིས་མཐུན་ཕྱོགས་ལ་རྒྱབ་སྐྱོར་བྱས་ཤིང་། ནག་ཉེས་གཡོ་འགེབས་བྱེད་པའི་བྱ་སྤྱོད་ཅིག་སྟེ། ཁྱིམ་གཅིག་ལ་མཚོན་ན་ཁྱོ་ག་ནི་འཁོར་བའི་གཞི་འཛིན་དང་། སྐྱེས་སྨན་དང་ཕྲུ་གུ་སྙོར་སྐྱོང་བྱེད་མཁན་གྱི་རྩ་བ་ཡིན།
གནས་ཚུལ་དེ་ད་དུང་ཡང་འགྱུར་བ་མེད་པ་ཡར་ཐོན་ཅན་གྱི་ཨ་རི་དང་ཡོ་རོབ་ཡིན་ཡང་ཁྱོ་ག་ནི་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་གྱི་གཞི་མ་ཡིན། ཁྱོ་ག་མེད་པའི་དབུ་མེད་ནི་མོ་རྐྱང་་ཡིན་ཞིང་། དེའི་ཕྲུ་གུ་ནི་དྭ་ཕྲུག་ཡིན་པས་ཚད་ལྡན་གྱི་རྒྱལ་ཁབ་དང་། སྡེ་བ་ཡོད་ན་དམིགས་བསལ་གྱི་རོགས་སྐྱོབ་ཡོད། དེ་ནི་ཁྱིམ་གཞི་འཛུགས་རྒྱུ་དཀའ་བ་ཡོངས་གྲགས་ཀྱིས་ངོས་ལེན་བྱས་བས་རེད། ཡིན་ཡང་། ཆོས་ལུགས་ཀྱི་ཐད་སྤྱོད་པ་བོད་མི་ཁ་ཤས་ཀྱིས་འདི་ལྟར་བསམ་པ་རང་ཉེས་འགེབས་ཆེད་མིན་ན། དབུ་མེད་ནི་མ་མོ་ལྟར་ཕྲུ་གུ་སྐྱེད་བཟོ་བྱེད་ཁོ་ན་རུ་ངོས་འཛིན་བྱས་བས། སྐྱེས་སྨན་གྱི་ཐོབ་ཐང་ལ་གུས་བཀུར་མེད་པའི་ནར་ཚར་རེད་སྙམ།
ཆུང་གིས༼དཔལ་འབྱོར་གྱི་ཐད། བོད་ཀྱི་དཔལ་འབྱོར་དང་དགོན་སྡེའི་འབྲེལ་བ་ཧ་ཅང་ཆེ། བོད་པའི་ཁྲོམ་གཞུང་གི་ཐོན་རྫས་མང་ཆེ་བ་ཐང་ཀ་དང་ཆོས་ཆད། དེ་མིན་ནང་ཆོས་ཀྱི་ནང་དོན་དང་འབྲེལ་བ་ཆེ་ཞིང་། གང་དུ་དགོན་པ་ཡོད་ན། དེ་ལ་བོད་པའི་ཁྲོམ་ར་ཞིག་ཆགས་ཡོང་བའི་གནད་དོན་འདི་ཚོ། ཕྱི་མིས་མ་མཐོང་ན་ཁག་མེད། འོན་ཀྱང་རང་ཅག་གིས་རིག་དགོས་པ་གནད་ཆེའོ།།༽ བོད་ཀྱི་ཁྲོམ་གཞུང་དུ་མཆོད་རྫས་ཡོད་པ་ནི་ཆོས་ལུགས་ཀྱིས་བོད་ལ་ཞབས་འདེབས་ཞུས་བ་མིན་པ། བོད་ཀྱིས་ཆོས་ལུགས་ལ་ཞབས་འདེབས་བྱེད་པའི་མཚོན་བྱེད་གལ་ཆེན་ཞིག་རེད། དེས་མེད་དུ་མི་རུང་འཚོ་བར་མཁོ་བའི་བོད་ཀྱི་ཇ་དངོས་མང་པོ་ཞིག་དང་། ལག་རྩལ་མང་པོ་ཞིག་རྩ་མེད་བཟོས་ཡོད། ཆོས་སེམས་ཆེ་དྲགས་པས། རྒྱལ་ཁབ་དང་མི་རིགས་སྲུང་སྐྱོབ་ཀྱི་གོ་མཚོན་བཟོ་སྐྲུན་བྱེད་པ་ལྟ་ཅི། ཐ་ན་བོད་ཀྱི་མགར་བས་རྡུང་བའི་ཐོང་གཤོལ་དང་ཟོ་བ། གྲི་རིང་སོགས་ཚོང་སྒྱུར་བྱེད་པར་མགར་བ་དང་ཚོང་པ་མང་པོ་འཚེར་སྣང་ཡོད།
ཚོང་སྒྱུར་བྱེད་མཁན་ལ་སྤྱི་ཚོགས་ཀྱི་ཁ་རྨས་ཕོགས་པས་བོད་ཀྱི་མགར་བས་རྡུང་བའི་ཇ་དངོས་དེ་དག་གང་བྱུང་གིས་ལག་ཏུ་ཐོོབ་དཀའ་བས། བོད་མི་རྣམས་ཀྱིས་རྒྱ་བལ་དང་ཁ་ཆེའི་ལག་ནས་མི་ཉོ་ཐབས་མེད་ཆགས་ཤིང་ཉོས་བས་བོད་ཀྱི་དཔལ་འབྱོར་ཡར་རྒྱས་དང་། ལག་རྩལ་འཕེལ་རྒྱས་ལ་ཚད་མཐོའི་རང་བཞིན་གྱིས་གནོད་སྐྱོན་བཟོས་ཡོད། ཡོད་དེ། ཚོང་སྒྱུར་བྱེད་པ་ལ་འཚེར་སྣང་ཡོད་པས་འཚོ་བ་ལག་རྩལ་ཁོ་ན་ལ་བརྟེན་མ་ཐུབ་ཅིང་། ལག་རྩལ་གྱིས་འཚོ་ཐབས་མ་འདང་པས་ལས་རིགས་དེ་དག་རིམ་བཞིན་ཡར་རྒྱས་ལས་ལྡོག་སྟེ། ཉམས་རྒུད་དུ་གྱུར་བས་བླ་མའི་ཆོས་ལུགས་ཀྱིིས་བོད་ཀྱི་དཔལ་འབྱོར་གྱི་རྨང་གཞི་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད།
མ་ཟད་འཚོ་བ་སྦྱིན་བདག་ལ་རྟེན་པའི་ལམ་ལུགས་སློབ་ཅིང་། སྦྱིན་བདག་ལས་གཞན་རྟེན་གྱི་འདུ་ཤེས་སྐྱེད་པས་མི་རིགས་འདི་རང་རྐང་སྟེང་ལངས་བར་འགོོག་རྐྱེན་བཟོས་ཤིང་། སྦྱིན་རྟེན་གྱི་གོམས་གཤིས་འོོག་རང་ཉིད་ཀྱི་ངལ་གཙོ་ལ་རྟེན་ནས་ཡོང་འབབ་གསབ་པར་ཡིད་ཆེས་བརླགས་ཏེ། སྦྱིན་བདག་གི་ངོ་སོ་སྲུང་ཆེད་དུ། ཞི་དུལ་གྱི་ཚུལ་ཆོས་བྱེད་དགོས་ཤིང་མ་བྱེད་ན་སྦྱིན་བདག་མི་ཐོབ་པས། ཚུལ་ཆོས་ཀྱི་སྤྱི་ཚོགས་ཀྱིས་བོད་ཁམས་སྒྱུར་ཞིང་། དཔལ་འབྱོར་གསག་པ་ལྟ་ཅི་དངུལ་ལ་དགའ་བའི་ཚིག་ཅིག་ཀྱང་ཁ་ནས་ཐོན་པར་འཛེམ་བཟོ་བྱེད་དགོས་ཤིང་། མ་འཛེམ་ན་མི་ངན་ཡིན་པའི་མི་ཁ་འཁོར། བླ་མ་རྣམས་ལ་སྦྱིན་བདག་ཐོབ་ཆེད་བོད་མི་ཡོངས་ཀྱིས་མྱི་བཟང་གང་ཐུབ་ཀྱིས་བྱེད་དགོས་ཤིང་། མ་བྱེད་ན་བླ་མར་སྦྱིན་བདག་འཚོལ་བའི་ཁོར་ཡུག་ལ་གནོད་པས་བླ་མར་མཆོད་པ་མི་འགྱུར་ཞིང་། བླ་མར་ཕྱི་རྒྱལ་གྱི་སྦྱིན་བདག་ཚད་ལྡན་ཐོབ་པར་འགོག་྄རྐྱེན་མི་འཕྲད་སླད་བླ་མས་གང་ཐུབ་ཀྱིས་སྤྱི་ཚོགས་ལ་གནོད་ཤུགས་སྤྲད་ཅིང་། བླ་མའི་ཆེད་བོད་མི་ཡོངས་ཀྱིས་ཚུལ་ཆོས་བྱེད་དགོས།
སེམས་ན་སེམས་ཅན་ཐམས་ཅད་མ་བསམ་ཡང་བསམ་ཚུལ་བཤད་དགོས་བ་ལ། མ་བཤད་པ་མི་རིགས་གླེང་ན་ཅོལ་ཆུང་དུ་ལྟ། དགྲ་གཉེན་དང་གཙང་རྩོག་གི་དབྱེ་བ་མེད་ཚུལ་གླེང་དགོས་ཤིང་། མ་གླེང་བ་ཆབ་སྲིད་བཤད་ན་གུ་དོག་ཏུ་ལྟ་བའི་སྤྱི་ཚོགས་གང་མཚམས་ཤིག་བསྐྲུན་པས་སྤྲུལ་སྐུའི་དགོས་མཁོ་སླད་སྦྱིན་བདག་ལ་གང་བྱུང་གིས་དགའ་བསུ་གནང་དགོས་ཤིང་། གནང་མཐར་མཆོད་ཡོན་གྱི་འབྲེལ་བའི་འོག རང་ས་ཤོར་བས་ཆོས་ལུགས་ཀྱིས་བོད་ཀྱི་དཔལ་འབྱོར་ལ་ཕན་ཞེས་བ་ཧ་ཅ ང་ནི་དངོས་ཡོད་དང་བར་ཐག་ཧ་ཅང་རིང་།
ད་ལྟའང་བོད་དུ་མཁན་པོ་ཚུལ་ཁྲིམས་བླ་གྲོས་ཀྱི་དགེ་ཁྲིམས་ལུགས་འོག་ཏུ་རྭ་མང་པདྨས་རང་གི་སྒོ་ཟོག་བཙོང་བ་དགེ་ཁྲིམས་དང་འགལ་ཏེ་ཁོང་ལ་ཆོས་སྒོ་བརྒྱབས་ཤིང་། རྗེས་སུ་ཁོང་གི་བུ་གྲོངས་སྐབས་སུ་ཆོས་སྒོ་ཕྱེ་བའི་སྐྱབས་འཇུག་ཞུས་ཀྱང་། མ་ཕྱེ་ཞིང་སེར་མོ་བ་གཅིག་ཀྱང་ཤི་ཆེད་དུ་མ་ཕེབས་ཁར། དུར་ཁྲོད་དུའང་ཕུང་པོ་འཁྱེར་དུ་མ་བཅུག་པས་མཐར་དགོན་པའི་གད་སྙིགས་བསྲེགས་ས་རུ་བསྲེག་ཚུལ་དང་། ཡང་སྟོང་གསལ་གྱིས་ཀྱང་རང་གི་སྒོ་ཟོག་བཙོང་བ་དེ་དགེ་ཁྲིམས་ལ་ཐོགས་ཏེ་ཆོས་སྒོ་བརྒྱབས་ཀྱང་། རྗེས་སུ་ཁོའི་ཆུང་མ་པདྨ་ཡི་གྲི་འོག་ལས་གྲོངས་བའི་ཤི་མཆོད་དུ་རྒྱ་སྒོར་གཅིག་ཁྲི་ཡི་ཉེས་བ་བཏང་ཏེ་ཆོས་སྒོ་ཕྱེ་ཚུལ་སོགས་གྲགས། གལ་སྲིད་རང་ལ་རང་གི་ཕྱུགས་ཟོག་ཉོ་བཙོང་གི་བདག་དབང་མེད་ན། བཀས་བཀོད་རྒྱུད་འཛིན་གྱི་དཔལ་འབྱོར་ལམ་ལུགས་རེད་ལ། མི་སེར་གྱི་འཚོ་ཐབས་ལ་བསམ་བློ་མ་བཏང་བ་ནི་སྒེར་སེམས་ཆེ་དྲགས་པས་རེད།
སེར་མོོ་པས་རང་གིས་ལས་ཀ་མི་བྱེད་པ་གཞན་ལ་བརྟེན་པ་མ་ཟད། ལས་ཀ་བྱེད་མཁན་ལའང་རང་གི་དགོས་མཁོ་ཡིས་བཀག་འགོག་བྱེད་པ་ནི། ཁྱིམ་གཅིག་ལ་མཚོན་ན་ཁྱིམ་གཞི་རྩ་མེད་འགྲོ་བའི་སྔ་ལྟས་དང་། མི་རིགས་ཤིག་ལ་མཚོན་ན་ཉམས་རྒུད་ཀྱི་ས་བོན་རེད། བླ་མས་དགེ་ཁྲིམས་སྲུང་དགོས་ཤིང་སྲུང་བར་སྐུལ་མ་བྱེད་དགོས་ལ། དེ་ནི་ཁོང་ཆོའི་འཆོ་བ་ཡིན་ཕྱིན། དེ་ལྟར་མ་བྱེད་ན་གྲགས་པ་མི་རྒྱས་ཤིང་། གྲགས་པ་མེད་ན་གཞན་གྱི་གུས་བཀུར་མི་ཐོབ་པས་གུས་བཀུར་མེད་ན། སྦྱིན་བདག་བྱེད་མཁན་དཀའ་ཡང་། རང་གི་གྲགས་པའི་ཆེད་དང་། འཚོ་བའི་ཆེད། སྦྱིན་བདག་གི་གུས་བཀུར་ཐོབ་ཆེད་དུ་མི་སེར་གྱི་འཚོ་ཐབས་སྣང་མེད་དུ་བཞག་ན་དྲང་བདེན་མ་རེད་ལ། སྤྱི་ཚོགས་ཤིག་ལ་མཚོན་ན་ཧ་ཅང་གི་གྱོང་གུད་རེད།
ཡིན་ཏེ། ཆོས་ལུགས་ཀྱི་འདུ་ཤེས་ཤུགས་ཆེར་ལྡན་པའི་མི་རིགས་ཤིག་ལ་མཚོན་ན་ཆོས་དཔོན་གྱི་བཀའ་ནི་ཁྲིམས་ལུགས་ལས་ཀྱང་ལྷག་ཡིན་ཞིང་། དེ་ལ་རྗེས་འབྲང་དང་རྒྱབ་སྐྱོར་བྱེད་མཁན་གྱི་མཁས་བླུན་སྟོང་ཕྲག་དུ་མ་ཡོད་ལ། དེ་དག་ལས་ཆོས་ལུགས་ཀྱི་རྟག་མཐའ་རིང་ལུགས་པ་ཚོས་དུས་ཀུན། ཆོས་དཔོན་གྱི་ངོ་སོ་སྲུང་ཆེད་དང་རང་གི་དགོས་མཁོ་སྒྲུབ་ཆེད། རང་དང་ལྟ་གྲུབ་མི་མཐུན་མཁན་ཡོངས་ལ་བླ་མ་དང་། ཆོས་ལུགས་ཀྱི་དར་ཆ་འཁྱེར་ནས་ཅི་ལྕོགས་ཀྱིས་རྡུང་འདེག་བཏང་བས། མི་རིགས་ཤིག་ལ་མཚོན་ན་སྤྱི་ཡོངས་ཀྱི་ཤེས་བྱ་དང་། སྣ་འཛོམས་ཀྱི་ཤེས་རབ་འཕེེལ་བར་འགོག་རྐྱེན་བཟོ་པས་ཚབས་ཆེའི་གྱོང་གུད་རེད། དེའི་རང་ཕྱོགས་ཀྱི་དཔལ་འབྱོར་འཚོལ་བྱེད་ཀྱི་རྐང་ལག་བསྡམ་པ་ལས་འགྲན་རྩོད་ཁྲོད་ཞུགས་མཁན་གཞན་གྱི་རྐང་ལག་སྡམ་མི་ཐུབས་པས། ཁོང་ཚོར་མཚོན་ན་གོ་སྐབས་ཤིག་ཡིན་ཕྱིན། གནའ་བོད་ལྟར་རྒྱལ་སྤྱིའི་འཕེལ་ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་པས་རྗེས་ལུས་ལས་རྩ་སྟོང་དུ་འགྲོ་བའི་ཉེར་ལེན་དུ་མཐོང་། ལྷག་པར་དུ་མི་གཅིག་གིས་ཆོས་ཁྲིམས་འགལ་ན་ཁྱིམ་ཡོངས་ལ་ཉེས་ཆད་འགེལ་བ་ནི་བཀས་བཀོད་རྒྱུད་འཛིན་གྱི་ཆད་པ་གཅད་སྟངས་ཡིན་ཕྱིན་བདུག་རྩུབ་ཅན་གྱི་བྱེད་ཐབས་སུ་ཁུམས།
ཕྱོགས་གཞན་ཞིག་ནས་སེར་མོ་པས་ཆོས་ཁྲིམས་འགལ་མཁན་ལ་ཆོས་སྒོ་བརྒྱབས་པ་ཙམ་ཚོད་མེད་ཀྱི་མནར་གཅོད་དུ་འདོད་པ་ནི། བཏང་ཡུལ་རྣམས་ཆོས་སེམས་ཆེ་དྲགས་ཤིང་ཤེས་ཡོན་གྱི་གོ་རྟོགས་དམག་དྲགས་པས་ལན་པ་འདོད། གལ་སྲིད་ཉེས་བ་དེ་ངོས་ལེན་བྱེད་ཐུབ་པ་ཡིན་ན་མཐར་ཐུག་གི་ཕམ་ཁ་མྱོང་མཁན་ནི་ཉེས་བ་བཏང་མཁན་གྱི་སེར་མོ་པ་དང་དེའི་ཕྱོགས་གཏོགས་ཡིན་པ་ལས་བཏང་ཡུལ་མིན་ཏེ། སེར་མོ་བའི་འཚོ་བ་མང་ཚོགས་ལ་རྟེན་དགོས་བ་ལས ་མང་ཚོགས་ཀྱི་འཚོ་བ་སེར་མོ་བར་རྟེན་མི་དགོས་བས་ཡིན། ལྷག་པར་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདས་ཟིན་ཡང་ད་དུང་ཡང་དེ་ལྟར་གནོད་ཤུགས་སྤྲད་པ་ནི་སྐྱོ་གར་གྱི་གནས་ཤིག་རེད། དེ་ནི་གསེར་རྟ་བྱུང་བའི་གནས ་ཚུལ་ཙམ་ཡིན་ཡང་། བོད་ཀྱི་ཡུལ་ལུང་གཞན་པ་ལའང་འདོད་པ་ཡོད་མེད་ལ་མ་ལྟོས་བ་ལྷ་ཁང་གསར་བརྒྱགས་དང་། མང་ཇ་རིམ་གྲོ་སོགས་ཆོས་ལུགས་ཀྱི་བྱེད་སྒོའི་ཆེད་དུ་དངུལ་ད ངོས་བསྡུ་སྐུང་བྱེད་ཅིང་། མ་སྤྲད་ཚེ་སྡེེ་བའི་སྐྱིད་སྡུག་ཁྲོད་ནས་ཕུད་པའི་ལམ་སྲོལ་ཡོད་ཅིང་། དེ་དག་ནི་བོད་ཀྱིི་དཔལ་འབྱོོར་ཡར་རྒྱས་ལ་གནོད་པ་སྙོམ་མེད་རེད།
གང་དུ་དགོན་སྡེ་ཡོད་ན་དེ་རུ་ཁྲོམ་ར་ཡོད་པ་བདེན་ཡང་། དེས་བོད་མི་ཉུང་ཤས་ཤིག་དང་། འཕྲལ་སེལ་གྱི་དཔལ་འབྱོར་གྱི་ཁེ་ཕན་སྒྲུབ་བྱེད་ལས་ཕུགས་རྒྱང་རིང་བའི་དཔལ་འབྱོར་ལ་གནོད་ངེས་རེད། རེད་དེ། དགེ་འདུན་པ་ནི་ལས་མེད་ཡིན་ཞིང་། འཚོ་རྟེན་ནི་སྦྱིན་བདག་གམ་ནང་མི་ཡིན་ཕྱིན་དཔལ་འབྱོར་གྱི་ནུས་ཤུགས་ཞན་ལ། ཕྲུ་གུ་སྐྱེད་སྲིང་གི་གོ་སྐབས་མེད་པས་མི་འབོར་གྱི་འཕེལ་ཁ་མེད་བས་ཁྲོམ་རའི་འཕེལ་རྒྱས་ཧ་ཅང་སྐྱོ། གལ་སྲིད་དགེ་འདུན་པ་དེ་དག་གིས་འཚོ་ཐབས་གཉེར་ཞིང་རིགས་རྒྱུད་སྤེལ་མཁན་ཡིན་ཚེ། ལོ་ངོ་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་དགེ་ལུགས་པའི་གྲྭ་ས་ཁག་ཀྱང་། དེང་སྐབས་མི་འབོར་ས་ཡ་ཕྱེད་ཀ་ཙམ་གྱི་བདག་ཉིད་Bratislavaདང་Osloལྟ་བུ་གྱུར་ཞིང་། དེ་ནི་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་སུ་མཆིས་བའི་གྲོང་ཁྱེར་ཞིག་ཏུ་གྱུར་བ་སྨོས་མེད་རེད།
དེ་ལྟར་བྱུང་ན་ད་ལྟ་ཡོད་པའི་དགོན་སྡེའི་དཔལ་འབྱོར་ལས་ལྡབ་བརྒྱ་ཕྲག་གིས་ཡག་ལ། དེས་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་བླ་མེད་ཀྱི་ཕན་ཐོགས་ཡོད་ངེས་རེད། ཡིན་ཏེ། གང་ནས་མི་མང་ཡོད་ན་དེ་རུ་ཁྲོམ་ར་ཆགས་ཤིང་། གང་དུ་ཁྲོམ་ར་ཆེ་ན་དེ་རུ་ཆབ་སྲིད་དང་ལག་རྩལ། རིག་གནས་དང་སྟོབས་ཤུགས་ཀྱི་འགྲན་རྩོད་རྒོད་ལ། འགྲན་རྩོད་ཀྱི་ཁྲོད་དུ་ཚད་མཐོའི་རང་བཞིན་གྱིས་ཡར་རྒྱས་འགྲོ་ངེས་རེད། དེ་ལྟར་ལོ་རྒྱུས་ཀྱི་རྒྱུད་རིམ་དང་རྒྱབ་ལྗོངས། ཁ་སྒྱུར་གྱི་བསམ་བློ་མ་བཏང་བ་ལྟས་ཚོད་ཀྱིས་ཉིད་ཀྱིས་གསུངས་བ་བཞིན་རེད།
http://blog.amdotibet.cn/TUERHUTE/archives/88424.aspx
http://www.tbnewyouth.com/article/news/201110121571.html
ཁྱེད་རང་གི་དགོངས་ཚུལ་དེ་ཅུང་ཐ་ལ་ལྷུངས་དྲག་པ་འདྲ།
ད་ཏག་ཏག་རེད། བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་མ་འཇོན་རབས་དང་སྡུག་རབས་རྐྱང་བཤད་སྡོད་ཨ། ཨོ་རྒྱན་རིན་པོ་ཆེ་ཐུགས་ཁག་མིན་འདུག །བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ། གསུང་བ་ལྟར། བོད་ཞེས་དེང་དུས་འཛམ་གླིང་ལ་གྲགས་པ་དེ་བོད་ཀྱི་སྤྲུལ་སྐུ་དང་བ྄ླ་མས་བྱེད་པ་རེད་ཟེར་ན་མ་འགྲིགས་པ་མེད། མ་ཟད་ལོ་ངོ་སྟོང་ལྷག་ཙམ་རིང་བླ་མ་དང་དགོན་སྡེ་ཁག་གིས་བོད་ཀྱི་མི་ལ་སྲི་ཞུ་ག་ཚོད་སྒྲུབ་མི་འདུག །དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ་རྣམས་ལ་སློབ་སྦྱོང་ཚང་མ་རིན་མེད་རེད། ལྟོ་གོས་གཏམ་གསུམ་ཚང་མ་དེ་ནས་གནང་དུས་རང་གི་དགེ་རྒན། རང་སློབ་སྦྱོང་བྱེད་ས་ཟ་ས་ཐུང་ས་ཚང་མ་དེ་ནས་ཡིན་དུས་ལས་ཀ་མ་ལས་ན་དགོན་པ་དང་བླ་མ་ལ་ག་ནས་ཁྱེར་ཡོང་། དེང་དུས་སློབ་སྦྱོང་བྱེད་ཡ་ལ་འགྲོ་སོང་ག་ཚོད་མིན་འདུག །༧སྐྱབས་མགོན་གྱིས་དབང་ཆ་ཚང་མ་མར་གནང་ཚར་རེད། ད་བྱེད་རྒྱུ་ཡོད་ན་བྱེད་ཤོག །བླ་མ་སྤྲུལ་སྐུ་ལ་ཁ་གེལ་མ་འདུག་ཆོ་ཡོད་མ་རེད། བུ་ལ་འཇོན་སྟང་ཡོད་ན་ལོངས་ཤོག། བྱེད་ཤོག། དུས་ཚོད་རན་སོང་། སྒོ་སྐབས་གནང་སོང་།
གོ་རྒྱུ་ལེན་རྒྱུ་མང་གི བསམ་བློའི་གཅར་རྡུང་རེད་ཡ། ད་ངོ་མ་དགེ་འདུན་པ་དང་གཙོ་བོ་སྤྲུལ་སྐུ་ཚོས་ཅིག་དཀའ་རྒྱུ་རེད། དགོན་པ་ཚོ་རྒྱ་དགོན་བཞིན་ལྷ་ཁང་ཆེ་ཐག་ཆོད་རེའི་ནང་དུ་བླ་གྲྭ་བཞི་ལྔ་རེ་ལས་མེད་པ་ཞིག་ཆགས་ན་ག་འདྲ་འདུག
དཀོན་མཆོག་གསུམ་་་་ཨ་ནུ་བའི་མིག་གཅིག་གིས་མཐོང་བའི་ལམ་དེ་་་ཁོ་བོས་ལོ་ངོ་བཅུ་གྲངས་ཤིག་གི་ཡར་སྔོན་ནས་ལྟ་ཚུལ་འདི་འདྲ་འཁུར་མྱོང་་་་ད་སྐབས་མིག་ཟུང་ཅུང་གུ་ཡོངས་སུ་སོང་བས་དེ་སྔའི་གུ་དོག་པའི་བསམ་བློའི་ནོར་འཁྲུལ་དང་་་་རང་ལས་གཞན་གྱི་བསམ་བློའི་ཚད་གཞི་ལ་གུས་བཀུར་བྱེད་འོས་པའི་ངེས་ཤེས་ཕྲ་མོ་ཞིག་རྙེད་བྱུང་།
་་་་་་་ ད་ལྟའང་བོད་དུ་མཁན་པོ་ཚུལ་ཁྲིམས་བླ་གྲོས་ཀྱི་དགེ་ཁྲིམས་ལུགས་འོག་ཏུ་རྭ་མང་པདྨས་རང་གི་སྒོ་ཟོག་བཙོང་བ་དགེ་ཁྲིམས་དང་འགལ་ཏེ་ཁོང་ལ་ཆོས་སྒོ་བརྒྱབས་ཤིང་། རྗེས་སུ་ཁོང་གི་བུ་གྲོངས་སྐབས་སུ་ཆོས་སྒོ་ཕྱེ་བའི་སྐྱབས་འཇུག་ཞུས་ཀྱང་། མ་ཕྱེ་ཞིང་སེར་མོ་བ་གཅིག་ཀྱང་ཤི་ཆེད་དུ་མ་ཕེབས་ཁར། དུར་ཁྲོད་དུའང་ཕུང་པོ་འཁྱེར་དུ་མ་བཅུག་པས་མཐར་དགོན་པའི་གད་སྙིགས་བསྲེགས་ས་རུ་བསྲེག་ཚུལ་དང་། ཡང་སྟོང་གསལ་གྱིས་ཀྱང་རང་གི་སྒོ་ཟོག་བཙོང་བ་དེ་དགེ་ཁྲིམས་ལ་ཐོགས་ཏེ་ཆོས་སྒོ་བརྒྱབས་ཀྱང་། རྗེས་སུ་ཁོའི་ཆུང་མ་པདྨ་ཡི་གྲི་འོག་ལས་གྲོངས་བའི་ཤི་མཆོད་དུ་རྒྱ་སྒོར་གཅིག་ཁྲི་ཡི་ཉེས་བ་བཏང་ཏེ་ཆོས་སྒོ་ཕྱེ་ཚུལ་སོགས་གྲགས། གལ་སྲིད་རང་ལ་རང་གི་ཕྱུགས་ཟོག་ཉོ་བཙོང་གི་བདག་དབང་མེད་ན། བཀས་བཀོད་རྒྱུད་འཛིན་གྱི་དཔལ་འབྱོར་ལམ་ལུགས་རེད་ལ། མི་སེར་གྱི་འཚོ་ཐབས་ལ་བསམ་བློ་མ་བཏང་བ་ནི་སྒེར་སེམས་ཆེ་དྲགས་པས་རེད། ་་་་་་་ཟེར།
་་་་་་ གལ་སྲིད་དགེ་འདུན་པ་དེ་དག་གིས་འཚོ་ཐབས་གཉེར་ཞིང་རིགས་རྒྱུད་སྤེལ་མཁན་ཡིན་ཚེ། ལོ་ངོ་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་དགེ་ལུགས་པའི་གྲྭ་ས་ཁག་ཀྱང་། དེང་སྐབས་མི་འབོར་ས་ཡ་ཕྱེད་ཀ་ཙམ་གྱི་བདག་ཉིད་Bratislavaདང་Osloལྟ་བུ་གྱུར་ཞིང་། དེ་ནི་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་སུ་མཆིས་བའི་གྲོང་ཁྱེར་ཞིག་ཏུ་གྱུར་བ་སྨོས་མེད་རེད། ་་་་་ཟེར།
འདི་ཀློག་འདོད་བྱུང་མོད། སུའི་བསམ་ཚུལ་གང་ཡིན་དང་སའི་དྲི་བ་གང་ཡིན་སོགས་ཁ་གསལ་མི་འདུག་པས་ཀློག་ཐུབ་མ་སོང་། འདི་ཡང་བོད་རིགས་རྩོམ་པ་པོ་ཚོས་ཡར་རྒྱས་གཏོང་དགོས་བའི་ཆ་ཞིག་རེད་དྲན།
ཨ་ནུ་ཐང་གིས་བསམ་ཚུལ་དེ་ཚོར་བདེན་པ་རེད། ཡིན་ན་ཡང་ཆུང་ཚེ་རིང་དང་ཁྱེད་གཉིས་ཀྱིས་བཤད་པ་གཞི་གཅིག་ལ་འབབ་པའི་དཀའ་ངལ་ཞིག་མཐོང་། དེ་ནི་ཁྱེད་ཀྱིས་དངོས་ཡོད་ཀྱི་ལྟ་གྲུབ་ཞིག་གཞི་ལ་བཞག་པ་དང་། ཆུང་ཚེ་རིང་ལགས་ཀྱིས་ད་ལྟའི་བོད་ཀྱི་གནས་ཚུལ་གཞི་ལ་བཞག་ནས་གླེང་ཡོད་པས་གཉིས་ཆར་ལ་རྒྱུ་མཚན་འདུག་བསམ། བོད་མིས་ཆོས་ལུགས་འདོར་བར་ཡུན་རིང་པོར་འགོར་རྒྱུ་དང་། ཨ་ནུ་ཐང་ལགས་ཀྱི་བོད་ལ་ཆོས་ལུགས་མེད་ན་འདི་དང་དེ་འདྲའི་ཡག་པོ་ཞིག་ཞེས་གླེང་ཡོང་དུས་ཡག་ས་ལ་ཡིད་སྨོན་ཙམ་ཞིག་རེད། ཆུང་ཚེ་རིང་གིས་ཆོས་ལུགས་ཀྱིས་འདི་ལ་ཕན་དང་དེ་ལ་ཕན་ཞེས་བཤད་ཡོང་དུས་ཆོས་ལུགས་བེད་སྤྱད་ནས་ཁེ་ཕན་སྒྲུབ་པའི་དངོས་ཡོད་གནས་ཚུལ་ཞིག་རེད། ངས་དེང་སྐབས་སྤྱན་རས་གཟིགས་ཀྱི་སྐོར་ཞིག་གླེང་འདུག་གི་ཡོད། དེ་ནི་བོད་མི་འདི་ཚོར་Critical thinking ཅུང་ཞིག་ལོབ་ཐུབ་ན་བསམ་པས་ཡིན།
རེད་རེད། ད་བོད་སྐད་རྒྱག་འདོད་ཡོད་མེད་དེ་ཡང་བྱིས་པ་དེ་ཚོ་ཆེན་པོ་ཆགས་ཆགས་སྒུགས་རྒྱུ་རེད། ། དེ་ནས་ཕྱུ་པ་གྱོན་འདོད་ཡོད་མེད་དང་དེ་བཞིན་བོད་པ་བྱེད་འདོད་ཡོད་མེད་ཀྱང་ཁོ་ཚོ་ཆེན་པོ་ཆགས་ཆགས་སྒུགས་ན་ཡག་པོ་འདུག །
རྩོམ་འདི་ཀློག་པའི་རྗེས་ཨ་ནུ་ཐང་བསོད་ནམས་ཟེར་བའི་མི་འདི་རླབས་ཆེ་བའི་བསམ་བློ་དང་དངོས་གནས་མཁྱེན་ཡོན་ཡོད་པའི་མི་ཞིག་རེད་འདུག་བསམ་པ་རང་དབང་མེད་པ་དྲན་སོང་། །
ཆུང་ཚེ་རིང་གིས་ཆོས་ལུགས་ཀྱིས་འདི་ལ་ཕན་དང་དེ་ལ་ཕན་ཞེས་བཤད་ཡོང་དུས་ཆོས་ལུགས་བེད་སྤྱད་ནས་ཁེ་ཕན་སྒྲུབ་པའི་དངོས་ཡོད་གནས་ཚུལ་ཞིག་རེད། ངས་དེང་སྐབས་སྤྱན་རས་གཟིགས་ཀྱི་སྐོར་ཞིག་གླེང་འདུག་གི་ཡོད། དེ་ནི་བོད་མི་འདི་ཚོར་Critical thinking ཅུང་ཞིག་ལོབ་ཐུབ་ན་བསམ་པས་ཡིན། ་་་་་ཟེར།
ནང་པ་སྒེར་པ་ཅིག་གིས་ཆོས་བྱེད་སྟངས་དང་། རྒྱུ་ནོར་ལ་ཉེས་དམིགས་བྱེད་སྟངས་གཉིས་དང་། ནང་པའི་རྒྱལ་ཁབ་ཅིག་གིས་ཆོས་སྲུང་སྟངས་དང་། རྒྱུ་ནོར་ཡར་རྒྱས་གཏོང་སྟངས་གཉིས་ལ། ཉ་ཉུང་མ་བསྲེས་ན་ལེགས། མཁས་དབང་ཅུང་ཚེ་རིང་ལགས་དང། དྲ་གྲོགས་མཁས་དབང་སྤོབས་པ་མཐའ་ཡས་ལགས། །
སྐུ་ཞབས་སྤོབས་པ་ལགས།
སྤྱན་རས་གཟིགས་དེ་ཕྱི་རོལ་ན་མེད། ནང་ནའང་མེད། བར་ནའང་མེད། འོ་ན་མེད་པ་ཡིན་ནམ་ཟེར་ན། མེད་པའང་མིན། ཚིག་འདི་ལ་དཔྱད་པ་ཟབ་མོ་གནོང་དང་ཐུགས་ལ་སྔར་མེད་ཀྱི་གོ་བ་སྐྱེས་འོང་།
སྐྱེ་འོང་། ཞེས་བཅོས་རོགས།
གཟུ་བོར་གནས་བའི་དྲ་གྲོགས་ཚོས་དགོངས་ཚུལ་གསུངས་བ་ཐུགས་རྗེ་ལེགས་འབུལ་ཡོད་ལ། ཕྲན་གྱིས་ཆོས་ལུགས་ལས་ཁེ་མེད་ཚུལ་གླེང་བཞིན་མེད་ཅིང་། ཡོད་པ་ནི་ཆོས་ལུགས་ཀྱི་ཁེ་ཕན་ནི་འཕྲལ་སེལ་གྱི་ཁེ་ཕན་ལས་ཕུགས་རྒྱང་རིང་བོའི་བོད་ཀྱི་ཁེ་ཕན་ལ་གནོད་ཚུལ་གླེང་བཞིན་ཡོད། མི་རིགས་ཤིག་ལ་མཚོན་ན་ཆོས་་ལུགས་སམ་ཉེན་ཚབས་ཆེ་བའི་གྲུབ་མཐའ་དང་མ་འབྲེལ་བའི་སློབ་གསོ་ནི། ཆོས་འབྲེལ་ལམ་གྲུབ་འབྲེལ་གྱི་སློབ་གསོ་ལས་ཡག་པ་ཡོོད་ཚུལ་གླེང་བ་ལས་ཆོས་ལུགས་རྩ་མེད་བཟོ་དགོོས་ཞེས་གླེང་བཞིན་མེད་ཅེས་ཞུ་འདོད་བྱུང་།
འཇིག་མེད་ནུབ་ལགས། ཁྱེད་ཀྱིས་དགོངས་ཚུལ་གསུངས་བ་ཐུགས་རྗེ་ཆེ། ངས་ཀྱང་དང་པོ་དེའི་སྐོར་ལ་བསམ་བློ་དུ་མ་འཁོར་ཡང་། རྗེས་སུ་ཆུང་ཚེ་རིང་གི་དགོངས་ཚུལ་ཀུན་གུག་རྟགས་ནང་བཀོད་ཕྱིན་ཆད་ང་ཟེར་ནས་ཡང་སྐྱར་སྨྲས་ན་ཡིག་ཚོགས་ལས་དགོོས་མེད་དུ་མཐོང་བས་མ་བཀོད་པ་ཡིན། གང་ལྟར་གུག་རྟགས་ནང་གི་དོན་ཚིག་རྣམས་ཆུང་ཚེ་རིང་གི་དང་། གུག་རྟགས་ཀྱི་ཕྱི་རོལ་གྱི་ཚིག་རྣམས་ཕྲན་གྱི་བསམ་ཚུལ་ཡིན།
གོང་གི་རྩོམ་ཡིག་ནང་དུ་ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་ལས་དྲི་བ་དྲི་ལན་གྱི་བཅར་འདྲི་མེད་ཅེས་ཞུ་འདོད་བྱུང་།
སྤོབས་པ་མཐའ་ཡས་ལགས། ༼ངས་དེང་སྐབས་སྤྱན་རས་གཟིགས་ཀྱི་སྐོར་ཞིག་གླེང་འདུག་གི་ཡོད། དེ་ནི་བོད་མི་འདི་ཚོར་Critical thinking ཅུང་ཞིག་ལོབ་ཐུབ་ན་བསམ་པས་ཡིན།༽ ཁོམ་པ་ཡོད་ན་འདི་ལ་འགྲེལ་བཤད་ཅུང་ཁ་གསལ་ཞིག་གསུགས་རོགས་གནང་། ཐུགས་རྗེ་ཆེ།
ངའི་སེམས་ལ་བོད་ཀྱི་གྲྭ་བ་རྣམས་ལ་ཡང་ཕྱི་རྒྱལ་བ་རེ་ཟུང་གི་ཆང་ས་རྒྱག་པ་བཞིན་ཟླ་དུས་ལོ་བཅད་ཀྱིས་གྲྭ་བ་བཟོས་པ་ཡིན་ན། གྲྭ་བ་རེ་ཟུང་གིས་གཟན་ཤམ་འོག་ནས་ཞྭ་མོ་ཕུད་དགོས་དོན་ཡང་མི་འདུག་ལ། ཨ་ནེ་རེ་ཟུང་གིས་ཤམ་ཐབས་འོག་ནས་གྲོད་ཁོག་སྐྲངས་དགོས་དོན་ཡང་མི་འདུག་སྙམ། མ་ཟད་གྲྭ་བ་བྱེད་བཞིན་པའི་སྐབས་སུ་ཚུལ་ཁྲིམས་གཙང་ཞིང་བསླབ་པ་སློབ་གཉེར་ལ་འབད་བརྩོན་གྱིས་རང་སེམས་ལ་དངོས་སུ་སྦྱར་ཏེ་གཞུང་ནས་བཤད་པ་ལྟར་ལག་ལེན་ལའང་དངོས་སུ་འཁྱེར་ཐུབ་རྒྱུ་རེད་བསམ་གི དེ་མིན་དེང་སང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས” བན་དེ་སྐྱ་མིན་སེར་མིན།། སངས་རྒྱས་བསྟན་པའི་དགྲ་བོ” ཞེས་གསུངས་བ་ལྟར་ས་གནས་རེ་ཟུང་ན་མང་པོ་འདུག ལྷག་པར་དུ་རྡ་རམ་ས་ལ་ན། སྤྱིར་སྲོལ་རྒྱུན་ལྟར་མི་ཚེ་གང་བོར་གྲྭ་བ་བྱེད་ཐུབ་ན་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་སྨོས་མ་དགོས་མོད། འོན་ཀྱང་སྙིགས་དུས་འདིར་བསམ་བློ་གསར་བ་ཞིག་གཏོང་དགོས་ཤིང་། མ་འོངས་བ་ན་ད་ལྟ་ལས་ཀྱང་སྡུག་ཏུ་འགྲོ་ངེས་བ་ཞིག་རེད།
རྣམ་པ་གཉིས་ཀྱིས་དགོངས་ཚུལ་གསུང་བ་ལ་བསམ་བློ་གཏོང་ས་ཡོད་པར་མ་ཟད་ངེས་པར་བསམ་བློ་གཏོང་དགོས་ངེས་རེད་དྲན་སོང་། མ་ཟད་ད་བར་བོད་ཀྱི་སྤྱི་ཚོགས་ནང་གླེང་གཞི་གང་མང་ཞིག་དང་བསམ་ཚུལ་འདི་གཉིས་ལ་འབྲེལ་བ་ཆེ་བ་གང་མང་ཞིག་སྔ་ཕྱི་་རེད་མ་གཏོང་དོན་དམ་འདི་ཚོས་ཐོག་ཏུ་བབ་ཀྱི་ཡིན་པ་དངོས་ཡོད་རེད། ལྷག་པར་བླ་གྲྭ་ཚོས་གཟབ་དགོས་པ་གང་མང་ཞིག་བསྟན་ཡོད་པ་རེད་ཆོས་བྱེད་མི་སྣ་སུ་ཞིག་ཡིན་ན་ཐད་གྲགས་པའི་བྱ་སྤྱོད་མི་སྤེལ་རྒྱུ་གལ་ཆེན་རེད་དྲན་ནས་ཡོད་བཀྲིན་ཆེ།
འཕགས་པའི་ཡུལ་དུ་ཁྱེའུ་སྣང་བ་སོགས། །
ཟབ་རྒྱས་ཆོས་ཚུལ་གསལ་ལ་བློ་ཡི་མིག །
སྟོང་ལྡན་པཎ་གྲུབ་འཁོར་ལོས་སྒྱུར་བ་ཡིས། །
སྐྱེས་རབས་མུ་ཏིག་ཕྲེང་བ་མཚར་དུ་དངར། །ཞེས་སོགས་ཀྱི་ཚིག་དག སྤོབས་མཐས་གོ་མྱོང་ངམ་། དེའི་ཚིག་དོན་ཤེས་སམ། རྒྱུས་ཡོད་དམ། མེད་ན་་་་་་་་་་
སྤྱི་ཚོགས་ཅི་འདྲ་ཞིག་ཡིན་ཀྱང་དེར་རྩ་བའི་ལམ་ལུགས་སམ་སྒྲོམ་གཞི་གཉིས་ཡོད་ཅིང་དེ་གཉིས་ཀྱི་ནང་ནས་གཅིག་ནི་ཀུན་སྤྱོད་ཀྱི་རྩ་བའི་སྒྲོམ་གཞི་དང་། གཅིག་ཤོས་དེ་ཞི་བའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་རེད། རྩ་བའི་སྒྲོམ་གཞི་དེ་གཉིས་མེད་ན་འབུར་དུ་མཐོན་པའི་སྤྱི་ཚོགས་ཀྱི་ངོ་བོ་དེ་བརླགས་ཚར་བ་རེད། དེ་བས་ཀྱང་ང་ཚོར་མཚོན་ན། རྩ་བའི་ཀུན་སྤྱོད་ཀྱི་སྒྲོམ་གཞི་དེ་འཚི་མེད་ཞི་བའི་ལྟ་སྤྱོད་དང་བྱམས་སྙིང་རྗེ་རྩ་བར་གྱུར་བའི་ནང་ཚོས་དེ་རེད། གལ་ཏེ་སེམས་ཅན་ཐསམ་ཅད་བདེ་བ་དང་བདེ་བའི་རྩ་བར་འགྱུར་བར་སྨོན་པའི་ཆོས་ལུགས་ཤིག་དང་ང་ཚོ་རྒྱང་ཐང་རིང་པོར་ཕྱིན་ཚེ་ང་ཚོའི་སྤྱི་ཚོགས་དང་མི་རིགས་འདི་ཚར་སོང་བ་རེད། ད་ལྟའི་དུས་ཚོད་འདིར་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་ང་ཚོའི་རིག་གཞུང་ལ་དང་ཞེན་ཆེན་པོ་བྱེད་བཞིན་ཡོད། འོན་ཀྱང་། ང་ཚོ་དེ་བས་ཟློག་ཏེ་རང་ཉིད་ཀྱི་རིག་གཞུང་དང་ཁ་བྲལ་ཚེ་ང་ཚོ་ཚར་སོང་བ་རེད།
རྣམ་པ་ཚོས་དགོངས་ཚུལ་ལྷུག་པོར་གསུངས་བར་ཐུགས་རྗེ་ཆེ། གནད་དོན་གང་ཞིག་ཡིན་ཡང་མ་བཤད་པ་སྒུག་ནས་སྡད་ན་རང་བཞིན་གྱི་ཁོར་ཡུག་ཅིག་སླེབས་སུ་དཀོན་པས། རང་གིས་གང་ཤེས་བ་རྣམས་དགོས་བའི་ཆེད་དུ་མ་གསང་བ་རང་རིགས་ཀྱི་ཆེད་དུ་སྨྲ་རྒྱུ་གནད་དུ་ཁུམས་ཕྱིན། ཕྲན་གྱི་བསམ་ཚུལ་བགོ་འགྲེམས་བྱེད་ཁུལ་བྱས་བ་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན་དེ་འདྲའི་དཀའ་ཚགས་ཅན་ཞིག་མིན་ཞིང་ཆོས་དང་སྲིད་གཉིས་ཁ་ཞེ་གཉིས་མེད་ཀྱིས་ལོགས་སུ་ཕྱེ་དགོས་ཤིང་། སྔ་ཕྱི་ཙམ་མ་གཏོགས་དེ་ལྟར་ཡོང་ངེས་རེད། ཡོང་ངེས་རེད་ཟེར་ནས་སྒུག་ནས་མ་སྡོད་པ་ཡོང་བར་འབད་བརྩོད་བྱེད་དགོས་ཤིང་མ་བྱེད་ན། ཡོང་དུ་མེད་ཅིང་སླེབས་དུས་བོད་འདི་མེད་པ་འགྱུར་ངེས་རེད། བགྲོ་ལམ་དེ་འདོད་ཀྱང་མ་འདོད་ཀྱང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཡིན་ཕྱིན་སུས་ཀྱང་འགོག་ཏུ་མེད་པ་ཡོང་དུ་ངེས་བས། བོད་མི་རྣམས་ཀྱིས་ད་ནས་བཟུང་འགྱུར་བ་དེ་ལ་གྲ་སྒྲིག་བྱེད་དགོས། དེ་ལྟར་མ་བྱས་བ་དེང་གི་འཕེལ་ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་ན་བོད་འདི་རྗེས་ལུས་ནས་ཡང་ལུས་སུ་གྱུར་ཞིང་། མི་འདོད་བཞིན་དུ་རང་གི་སྐད་ཡིག་དང་རིན་ཐང་ཀུན་གཞན་གྱི་ཤུགས་རྐྱེན་དང་བཙན་དབང་འོག་ཏུ་ཚུད་ནས་རིམ་བཞིན་འཇའ་ལྟར་ཡལ་ཤིང་། བོད་མི་རིགས་ཀྱང་སྟོན་དུ་དཀའ་བའི་གནས་སུ་ཚུད་ངེས་རེད། གང་ལྟར། གཞན་གྱི་ཁ་གསག་དང་གཅམ་བུ་ལ་མགོ་མ་འཁོར་ཞིང་གྲགས་པ་ཡོང་ཆེད་དུ་རང་དོན་མ་ཤོར་ན། བོད་ཀྱི་རྩ་དོན་འགྲིག་པ་་ཡིན་པས་དེ་ལྟར་ཡོང་བའི་སྨོན་ལམ་ཡོད། གལ་སྲིད་དེ་ལྟར་མ་ཡིན་པ་གཞན་གྱིས་བསྟོད་མངགས་ག་ཚོད་ཡོད་ཀྱང་རང་དོན་ཤོར་ན་མཐའ་ཐུག་ལྡོམ་པ་ཆགས་ཤིང་། རང་གི་བུ་རབས་ཚ་རྒྱུད་རང་ས་ན་གཞན་མིར་འགྱུར་ཞིང་། གད་སྙིགས་ལྟར་རིན་མེད་དུ་འགྱུར་བས་དེ་ལྟར་མི་ཡོང་བའི་རེ་བ་ཡོད།
བཙན་པོ་བུ་ལགས།
ང་ཚོ་རང་གི་རིག་གཞུང་སྲུང་སྐྱོབ་དང་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཆེད་ཆོས་སྲིད་གཉིས་ཁ་ཞེ་གཉིས་མེད་ཀྱིས་ལོགས་སུ་འབྱེད་དགོས་བ་འདོད་པ་ལས། དེ་གཉིས་ཁ་བྲལ་བཏང་བ་དེས་བོད་ཀྱི་ངོ་བོ་སྲུང་སྐྱོབ་ལ་ཕན་པ་ལས་ཉིད་ཀྱི་ཐུགས་དགོངས་ལྟར་གནོད་ཀྱི་མེད། ནུབ་ཕྱོགས་མི་ཉུང་ཤས་ཤིག་གིས་དགའ་བོ་དང་བསྟོད་མངགས་ཡོད་པ་ལ་བརྟེན་ནས་ང་ཚོའི་རང་དོན་མ་བརླགས་པ་དེ་དག་མི་རིགས་འདི་རྒྱུན་གནས་བྱེད་པ་བེད་སྤྱོད་བཏང་ན་ཕུགས་རྒྱང་རིང་བའི་བོད་ཀྱི་མ་འོངས་བར་ཕན་ངེས་རེད། དེ་ལྟར་མ་མིན་པ་ནུབ་མི་ཁ་ཤས་ཀྱི་མངགས་པ་ཡོད་པ་ལ་བརྟེན་ནས་ང་ཚོ་རང་གོམས་ཀྱི་སྟེང་ནས་ལྟོ་སྐྱ་གོས་ལྷུག་གིས་ལྐུག་པ་ཨུ་ཚུགས་སུ་བསྡད་ཚེ། གྲགས་པའི་ཆེད་དུ་རང་དོན་ཤོར་ནས་མཐར་འགྱོད་པ་ལྟ་ཡི་མི་བཟོད་པ་ཞིག་མགོ་ཐོག་ཏུ་ལྷུང་ངེས། ནུབ་མི་ཚོས་བསྟོད་མངགས་མི་བྱེད་ས་དཀོན་ལ་དགག་པ་མི་བྱེད་སའང་དཀོན། ཁོང་ཚོས་རང་ཉིད་ནི་འཇིག་རྟེན་གྱི་དོ་བདག་དང་རྒྱས་སྤྲོས་བྱེད་མཁན་ཞིག་ཏུ་སྒོམ་པ་ལས་མི་རིགས་གཞན་དང་། ལྷག་པར་དུ་བོད་ལྟ་བུ་རྒྱས་སྤྲོས་མི་མཁོ་ཞིང་རྒྱས་སྤྲོས་བྱེད་མི་ཤེས་མཁན་གྱི་རི་མྱི་ལྟ་བུ་སྒོམས་མཁན་མང་ཞིང་། འགྲེམ་སྟོན་གྱི་དགོས་རྫས་བཞིན་ལྟེ་མོ་ལྟ་ཡུལ་དང་། སྙིང་རྗེ་སྒོམ་ཡུལ་ལས། རྒྱས་སྤྲོས་བྱས་ན་ཁོང་ཚོའི་འགྲམ་དུ་སླེབས་པས་ནུབ་མི་བརྒྱ་ཆ་༩༩་ཡིས་རིམ་བཞིན་ཕྲག་དོག་བྱེད་ངེས་རེད། ༼དེ་ནི་བརྗོད་གཞི་ཆེ་ཞིང་ནང་གསེས་མང་པས་རྗེས་སུ་ཁོམ་པ་བྱུང་སྐབས་རྒྱས་བ་འབྲི་ངེས་ཡིན༽
ང་ཚོས་ཤེས་དགོས་བ་ཞིག་ལ་ཡར་ཐོན་ཅན་གྱི་ནུབ་ཕྱོགས་མང་ཤོས་ཀྱི་ནང་ཆོས་མེད་རིང་ལུགས་པ། ཆོས་དད་ཡོད་མཁན་ལས་མང་ལ། ཤར་འཇར་མིན་དང་ནོར་ཝེ། སྒྲེ་མ་ཁི་སོགས་ཐེ་བའི་ཡོ་རོབ་ཀྱི་རྒྱལ་ཁབ་བདུན་གྱི་༢༠༡༢ལོར་ཞིབ་འཇུག་སྙན་ཐོའི་ནང་། རང་ལོ་ཉེར་བརྒྱད་མན་གྱི་མི་ཚོའི་གྲས་ནས་དཀོན་མཆོག་ཡོད་པ་འདོད་མཁན་བརྒྱ་ཆ་བཅུ་ལས་མ་ཟིན་པས་དེ་ལྟར་མུ་མཐུད་དུ་ཕྱིན་ན་ལུང་པ་དེ་དག་ཁྲོད་མ་འོངས་བར་ཆོས་ལུགས་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཡོད་ཚུལ་ཉམས་ཞིབ་པས་གླེང་ལ། དེ་བཞིན་CNNཡི་༢༠༡༡ལོར་ཞིབ་འཇུག་སྙན་ཐོ་ལས་ཨ་རི་ཐེ་བའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་བཅུ་གཅིག་ནང་ད་ནས་བཟུང་ཏེ་ལོ་བརྒྱའས་གཉིས་བརྒྱའི་རྗེས་སུ་ལུང་པ་དེ་དག་གི་ཁྲོད་དུ་ཆོས་ལུགས་གནས་ཐུབ་མིན་ཐེ་ཚོམ་ཡིན་པ་འདོད། རྒྱུ་མཚན་ནི། དམག་ཆེན་དང་པའི་སྐབས་སུ་ལུང་པ་དེ་དག་གི་བརྒྱ་ཆ༩༠ཙམ་ཆོས་དད་ཡོད་མཁན་ཡིན་ཡང་། ༢༠༡༡ལོར་དེ་ལས་ལྡབ་ཀྱིས་མར་ཆགས་པ་མ་ཟད། ཆོས་མེད་རིང་ལུགས་པའི་འཕེལ་ཚད་ནི་ཆོས་ལུགས་ཀུན་ལས་འཕེལ་ཚད་མགྱོགས་པས་རེད།
གང་ལྟར་ཞབས་སྙིང་རྗེ་དང་དགེ་སྡུག་གི་བསམ་བློ་ནི་མི་རྣམས་འཚོ་གནས་ཀྱི་ཆེད་དུ་རང་མཆིས་སུ་གནས་བ་ལས་དེ་ནི་ཆོས་ལུགས་ག་གེ་མོ་ཞིག་གམ། གྲུབ་མཐའ་ག་གེ་མོ་ཞིག་གིས་གནང་བ་མིན། དེ་ནི་མི་རྣམས་སྐྱེས་དུས་ནས་ལྷན་སྐྱེས་སུ་ཡོད་ལ། དགེ་སྡུག་གི་བསམ་བློ་དེ་དང་ཀུན་སྤྱོད་ཀྱིས་མི་ལ་འཚོ་གནས་ཀྱི་དགོས་མཁོ་སྐྲུན་པས་རེད། རང་མཆིས་སུ་གནས་བའི་བསམ་བློ་དེ་ལ་གྲུབ་མཐའ་ག་གེ་མོ་ཞིག་དང་གོམས་སྲོལ་ག་གེ་མོ་ཞིག་གིས་ཤུགས་རྐྱེན་སྤྲད་ཐུབ་པ་ལས་རྩ་མེད་དུ་ནམ་ཡང་བཟོ་མི་ཐུབ་ལ། ཐུབ་ཚེ་མི་དེ་དང་ལྷག་པར་དུ་མི་རིགས་དེ་འཚོ་གནས་ལ་དཀའ་ངལ་འཕྲད་པ་ལོ་རྒྱུས་ར་སྤྲོད་ཡོད།