དགེ་འདུན་རྒྱ་མཚོ།
ལ་ཁའི་ཆིག་ལབ། ༼ཚན་པ་བཅུ་བ༽
རྒྱ་ནག་ས་ཆར་ཁྱི་གོང་ཆེ་ན་ཡང་ཁྱི་ཚོང་བརྒྱག་མཁན་ཞིག་གང་ན་ཡོད། བདེན་ནི་རེད། ལྟོག་ནས་ཤི་དགོས་ཀྱང་གཞན་གྱི་ཁྱི་བརྐུས་ནས་ཁ་གསོ་མཁན་གླིང་འདིར་ཚེ་ཚེ་མ་གཏོགས་བྱུང་མ་མྱོང་། ངོ་མ་ཚེ་ཚེ་ཟེར་བ་དེ་ནི་མྱི་མ་རེད། ཁྱེད་ཚོས་མི་དེ་རིག་ཨེ་མྱོང་།
སྔོན་ཆད་གཡག་དང་ལུག་བཙོང་ནི་རེད། ཁ་རྩང་དེ་རིང་ཁྱི་ཡང་བཙོང་གི་ཡོད་ཐལ། བཙོག་གི་ཡ། ད་ཤི་ན་དགའ་ས་རེད། མ་ཤི་སྔོན་ལ་ཅི་ཞིག་རིག་རྒྱུ་ཡང་མི་ཤེས་ཐལ།
ཚེ་ཚེ་ཟེར་བ་དེ་མི་ཅི་འདྲ་ཞིག་རེད། མྱི་དེ་ངས་ཀྱང་ཐེངས་གཅིག་རིག་ན་འདོད།
ལྟ་རྒྱུ་ཅི་ཡོད། གདོང་རྐོ་སྣ་ཉག་པ་ཁ་མཐུག་པོ་ཅན་ཞིག་ཡིན།
རྒད་པོ་རྒན་མོ་འཛོམས་ས་ན་ཡང་འདིའི་སྐོར་གཅིག་པུ་བཤད་བསྡད་ཡོད། དེ་རིང་གི་སྐད་ཆ་དེ་ས་ཁྱབ་རྡོ་ཁྱབ་དུ་གྱུར་པས་རྩྭ་དང་རྩི་ཤིང་གིས་ཀྱང་གླེང་གིན་ཡོད་མི་སྲིད་པ་མིན།
ཨ་མྱེས་རབ་ཡངས་ཀྱི་གདོང་གི་འཛུམ་མདངས་དེ་སྐད་ཅིག་ལ་ཡལ་བ་དང་ཁ་ལག་གཉིས་ཀ་ཡང་དུས་གཅིག་ཏུ་འདར་མཁན་ཞིག་ཏུ་གྱུར། སྙིང་རྗེ། སྡེ་བ་གོང་འོག་བར་གསུམ་ན་ཁོ་ལ་ཁ་མི་གཏོང་མཁན་མི་གཅིག་ཀྱང་མེད།
དོན་རྐྱེན་འདིའི་མཇུག་འབྲས་ད་དུང་ཅི་ཡོང་མི་ཤེས་པས་སྡེ་བའི་བསམ་ཤེས་ཅན་འགའ་ལ་སེམས་འཚབ་ལངས། ཉིན་གཅིག་ལས་མ་འགོར་བར་འབྲོང་ཤུལ་སྡེ་བའི་འབྲེལ་ཡོད་དང་གནད་ཡོད་མི་སྣ་རྣམས་བསྡུས་ཏེ་གྲོས་མོལ་གྱི་འགོ་བཙུགས། ལྕགས་ཚ་ཐོག་ནས་བརྡུང་དགོས་པ་རྒད་པོ་འདི་ཚོས་ཤེས་ཡོད་ནི་རེད།
རས་གུར་ཆེ་ཆུང་འགའ་ལས་མེད་ཀྱང་མཐའ་སྐོར་ན་མི་རྟ་གཉིས་ཀ་འཚུབ་ལང་ལོང་བྱེད། ཨ་མྱེས་རབ་ཡངས་ཚང་གི་གཉེན་སྟོན་ལས་འབྲོང་ཤུལ་སྡེ་བའི་གྲོས་འཚོགས་རྫིག་གི་ཡ། རས་གུར་རྣམས་རྐང་ཚ་དང་ཐག་ཉེ་བའི་རི་འབུར་ཞིག་གི་སྒང་ན་ཕུབ་ཡོད། རི་སེ་བོ་ནས་བལྟས་ན་མཐོང་འདུག་པ་འདི་ནི་རྐང་ཚའི་རུ་སྐོར་ཞིག་རེད། ཁོ་ཚོས་ཀྱང་ཅི་ཡང་མ་ཤེས་པས་ངོ་མཚར་བའི་ལྟད་མོ་ཞིག་ལ་སྒྲིམ་པ་བཞིན་བལྟས་ཡོད། གཅན་ཚའི་ཚོ་སྒོ་བཅོ་བརྒྱད་པོ་ནང་འཁྲུག་བརྒྱག་ན་ཐང་གི་ཟེར་ནས་རྐང་ཚའི་རྐང་མོ་ཚོ་བའི་ཁྲོད་དུ་ཡང་གླེང་སློང་ཆེ།
སེང་ཁྱི་ཆབ་ཆ་ལ་བསླེབས་ཡོད་པ་མི་འགས་མཐོང་མྱོང་འདུག རྒྱ་རྒན་ཞིག་གིས་ཁྲིད་ནས་འགྲོ་སོང་ཟེར། དེ་ནས་གར་སོང་ཆ་མེད་རེད། སུས་ཀྱང་རྩད་གཅོད་བྱེད་མ་ཐུབ། ཡང་གཅིག་བཤད་ན་ད་གཟོད་སེང་ཁྱི་རྒྱ་ཁོག་ཞིག་ལ་བསླེབས་ཡོད་ན་ཐང་། བཤས་ཏེ་ཤ་ཟ་མི་སྲིད་པ་མིན་པས་སྙིང་རྗེ། ཡིན་ན་ཡང་བྱ་ཐབས་བྲལ། ཤི་རེ་ཁོ། དེང་སང་གི་གསར་བུ་འདི་ཚོར་འདྲ་མེད་གི་ཡ། རྒད་པོ་ཚོ་འཛོམས་ནས་གླེང་མོལ་སྣ་ཚོགས་བྱེད།
ད་རུང་བསྐྱར་དུ་སྡེ་བས་མི་མངགས་ཏེ་རྩད་གཅོད་མུ་མཐུད་ནས་བྱེད་ངེས་ཡིན། དེའི་འགྲོ་གྲོན་རྗེས་སུ་དོན་དག་རྩད་ཆོད་ན་རྩིས་བརྒྱག་གི་ཡིན། སྐད་ཆ་འདི་མིག་ཤེལ་ནག་པོ་གྱོན་མཁན་གྱི་སྡེ་དཔོན་དེས་བཤད་སོང་།
ཡར་བཤད་མར་བཤད་པའི་མཐའ་མའི་ཐག་ཆོད་ལ་མནའ་སྐྱེལ་རྒྱུར་གྲོས་མཐུན་བྱུང་བ་རེད། མིས་མི་ཟ་བ་མནའ་དང་ཁྱི་མི་ཟ་བ་དུག་ཡིན་ཟེར།
རྐུན་མས་མནའ་ཟ་ནི་རེད། གཞན་གྱི་སྒོ་ཁྱི་བརྐུས་ཐུབ་ན་མནའ་སྐྱེལ་མི་ཐུབ་རྒྱུ་ཅི་ཡོད། བསམ་ཁོའི་ཨ་ཞང་གིས་ཁས་མ་བླངས། ཨ་ཞང་ལྷ་རྩེ་རྒྱལ་ནི་དབུལ་བོ་ཞིག་ཡིན་ན་ཡང་སྡར་མ་ཞིག་མིན། སྡེ་བའི་གྱབས་ན་ཁོའི་ཁ་སློང་ཐུབ་མཁན་མེད་ཟེར། དེས་ན་བསམ་ཁོ་འདི་ཡང་རིག་པ་རྒོད་པོའི་སྟེང་དུ་གླེན་རྟགས་ཀྱང་ཅུང་འདྲེས་པ་འདི་མ་ཞང་གི་ངོ་ལ་བལྟས་པ་ཨེ་ཡིན། ཡིན་མི་སྲིད།
འབྲོང་ཤུལ་སྡེ་བའི་རྒད་པོ་ཚོ་ངོ་མ་སྐྱིད་ནི་རེད། ཉིན་གསུམ་གྱི་རིང་ལ་གཡག་ཤ་དང་ལུག་ཤ་ཟོས་ནས་བསྡད་པ་རེད། ད་དུང་ཞོ་དང་འོ་ཇ་བཤད་མ་དགོས་པ་རེད། ཉིན་གསུམ་ལ་གྲོས་མོལ་བྱས་རྗེས་སྔར་གྱི་ལུགས་སྲོལ་རྙིང་བའི་སྟེང་ནས་ཐག་གཅོད་རྒྱུ་ཡིན། དེ་ནི་ལམ་སྲོལ་དང་ལུགས་སྲོལ་དྲི་མས་མ་གོས་པ་ཡིན་ནི་རེད།
དེ་ལ་སུས་མི་རྩིས་ན་དེས་འགན་ཁུར་དགོས་ཀྱི་ཡོད། སུས་མི་ཁུར་ན་དེའི་གཉའ་ལ་འགྱོག་གི་ཡིན། སྔུན་ནས་འཁུར་ན་ཡང་ནི་རེད། རྗེས་ནས་ལྗིད་མོ་ཞིག་གཉའ་ལ་བཀྱགས་ན་ཁུར་ན་མི་ཁྱག་ལ། དྲུད་ཀྱང་མི་ཁྲུད་ཟེར། སྡེ་བ་འདིའི་རྒད་པོ་ཚོ་ངོ་མ་བཙན་ནི་རེད།
མཐའ་མ་དེར་ཁྱི་རིན་ལ་གཡག་གཅིག་དང་རྨས་ཕོག་པའི་སྨན་ཡོན་ཡང་ཚེ་ཚེ་ནས་སྟེར་དགོས་པའི་གྲོས་ཐག་བཅད་པ་རེད། ཨ་མ་ཀླུ་མོ་འཚོ་མ་བུ་གཉིས་ལ་དབུགས་ལེན་ཁོམ་དང་སྐད་ཆ་བཤད་དབང་ཞིག་གཏན་ནས་མེད། ཨ་མ་ཀླུ་མོ་འཚོ་ལ་མཚོན་ན་རང་གི་བུ་བསམ་ཁོ་ལ་དོན་རྐྱེན་འདྲ་མ་བྱུང་ན་དེ་ལས་ལྷག་རེ་བ་དང་བསམ་འདུན་ཅང་མེད། ཕྱི་ནས་ཡོང་བའི་མནའ་མ་ཞིག་གིས་ཅི་ཞིག་བཤད་ཐུབ་བམ།
ཡིན་ན་ཡང་ཁྱི་རྐུན་དང་ཁྱི་ཚོང་གི་གཏམ་རྒྱུད་རིང་མོ་དེ་ཕྱོགས་ཡོངས་སུ་གྲགས་པ་དང་། རྒན་པོ་དང་རྒན་མོ་ཚོས་མ་ཎི་འདོན་ས་དང་ན་གཞོན་ཚོས་དགའ་འཛོམས་བྱེད་ས། ཐ་ན་བྱིས་པ་ཚོས་རྒྱན་པོ་འཇོག་ས་ཡན་ཆད་ན་འདིའི་སྐོར་གླེང་གིན་ཡོད། ཁྲི་ཀའི་ཁེར་སྒོ་ནས་བྱུང་བའི་གསར་འགྱུར་དེ་ཚེ་ཚེ་གང་དུ་སོང་ན་དེར་སྒྲོག་གིན་ཡོད།
རྐུན་མའི་ངོ་ན་ཤིག་ཡོད་ཟེར་བ་ཅི་ལ་མི་བདེན། སྐད་ཆ་དེ་གོ་ཐེངས་རེར་ཚེ་ཚེ་ཡིས་ལག་བརྙབས་ཀྱིས་རང་གི་གདོང་ལ་ཡང་ཡང་མི་འཕྲུག་ཐབས་མེད་རེད། བྱིས་པ་ཚོས་ཀྱང་ཚེ་ཚེ་མཐོང་སྐབས་ལམ་ཁ་ནས་བསྒུགས་ཏེ་ལྟད་མོར་ལྟ་བཞིན་ཡོད། འཇིག་རྟེན་འདིར་རང་ཉིད་ལས་སྡུག་པའི་མི་ཞིག་མེད་པར་ར་སྤྲོད་བྱེད་ཀྱིན་ཡོད་པས་དོན་དེ་ཚེ་ཚེའི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད་པ་སྨོས་ཅི་དགོས།
ཚེ་ཚེ་ཁོ་ཡང་མི་ཞིག་ཡིན་པའི་ཆ་ནས་ང་རྒྱལ་དང་ལ་རྒྱ་མི་རྩོད་མཁན་ཞིག་ག་ལ་ཡིན། དེས་རྐྱེན་གྱིས་ཚེ་ཚེ་ཁོས་ད་དུང་བདེན་དཔང་དགོས་ཀྱི་ཡོད་ཚུལ་བཤད་ནས་ཁས་ལེན་རྩིས་མེད། རྣམ་འགྱུར་ལ་བལྟས་ན་ཁོས་ཁོག་ལ་ངན་སེམས་ཀྱིས་དམིགས་ཡུལ་གཞན་ཞིག་བཅངས་ཡོད། ང་ཡང་སྐྲག་ནི་ཞིག་རེད།
བསམ་ཁོས་ཚེ་ཚེ་ལ་ཉེས་འཛུགས་བྱས་ཡོད་ནི་མ་རེད། སྐད་ཆ་དེ་ཚོ་ནི་སྐབས་དེ་དུས་ཀྱི་ཚོང་རོགས་ཚོས་ཕྱི་ལ་བསྒྲགས་པ་དང་། རྒྱ་མི་དེ་ཚོའི་སྐད་ཆ་ལུང་འདྲེན་བྱས་པ་ཤ་སྟག་རེད། གསར་བུ་ཚོའི་གྱབས་ན་འདི་ལྟར་གླེང་ཕྱོགས་འཛིན་མཁན་ཡང་ཡོད་ནི་རེད། ད་དུང་ཚེ་ཚེ་ཡིས་བཤད་ན་བསམ་ཁོས་ཁོ་བོའི་ཁྱིམ་ཚང་གི་མིང་བརླགས་པ་དང་མི་ཁོ་བོ་སྡེ་བའི་ཕོ་གྲལ་ནས་མགོ་འགྱོག་སྲོལ་མེད་པར་བཟོས་སོང་། གྱོད་མི་བརྒྱག་གི་ན་ཨ་མའི་ཤ་ཟེར་ནས་མནའ་སྐྱེལ་བཞིན་ཡོད།
རྐུན་མས་བརྐུས་ཐུབ་ན་མནའ་ཟ་ལོས་ཐུབ། དེང་སང་གསར་བུ་ཚོའི་ཁྲོད་ན་མནའ་མི་ཟ་ནི་དང་ཆང་མི་འཐུང་ནི་གང་ན་ཡོད། འདི་ངེད་ཚང་གི་སྐྱག་ཁ་མས་ང་ལ་བཤད་ནི་རེད། ཁོ་སྐྱེ་བའི་རིང་ལ་བསམ་ཁོ་འཇིག་རྟེན་འདིར་འདུག་རྩིས་མ་བྱེད། བསམ་ཁོའི་སྐེ་གཅོད་རྒྱུ་ཡིན་ཚུལ་དང་། སྙིང་ལེན་རྒྱུ་ཡིན་སོགས་མི་མང་སར་ཁ་ཤོམ་མང་བོ་འཐེན་གྱིན་ཡོད་ནི་རེད། ཚེ་ཚེ་ཟེར་བ་དེ་མི་ཅི་འདྲ་ཞིག་ཡིན་པ་སྡེ་བ་ཀུན་པོས་ལྟ་འདོད་ཡོད།
ལྟ་རྒྱུ་ཅི་ཡོད། ཤ་སྐམ་གདོང་ཉག་པ་ཞིག་ཡིན།
འོ། རྒྱུས་ཡོད་ཚུལ་ལ་བལྟས་ན་ཁྱེད་གཉིས་ཀྱི་འབྲེལ་བ་ཡང་གཏིང་ཟབ་ནི་མིན་ནམ། ཧ་ཧ། གཅིག་བྱས་ན་ཆུང་འདྲིས་བྱམས་པ་ཡིན་ན་ཐང་།
ང་ལ་མཚོན་ན་ཡང་རྒྱུན་དུ་སེམས་མི་སྐྱིད་པ་དང་སྙིང་ཡང་ལྡང་མཚམས་མི་འཇོག་གི་ཡ།
དེ་ནི་བསམ་ཁོ་ལ་དོན་དག་འདྲ་འབྱུང་སྲིད་པས་སེམས་ཁྲལ་ཡོད་པས་ཡིན་སྲིད། ངས་ཀྱང་ནོར་ལུག་དེད་ནས་བསམ་ཁོའི་རྗེས་བསྙེགས་ནས་སོང་བ་ཡིན། རི་མགོར་བསླེབས་དུས་ཉི་མ་ཡང་རྩྭ་ཐང་ཡོངས་སུ་འཕྲོས་ཟིན་ཡོད།
ད་ནི་སྟོན་ས་ལ་རུ་ཁ་སྤོར་རན་ཡོད་པས་ལོ་གཅིག་གི་རིང་ལ་ས་འདིར་ཕྱིར་ཡོང་མི་ཤེས། རྩྭ་མགོ་ཡང་སེར་བོར་གྱུར་འདུག་པ་དང་ཉི་ཟེར་ཕོག་པས་རི་ལུང་ཐམས་ཅད་གསེར་མདོག་གི་འོད་ལམ་ལམ་བྱེད། སེམས་སྐྱོ་བ་ལ་ཡང་མཐའ་མེད་པ་ཞིག་རེད། བསམ་ཁོས་རྩྭའི་ཉག་མ་འགའ་འབལ་གྱིན་བསམ་བློ་གཏོང་གིན་འདུག དེ་ནི་ཁོས་སེང་ཁྱི་དྲན་པ་དང་སེམས་སྐྱོ་བས་ཡིན་ཡང་སྲིད།
སེང་ཁྱི་ཡི་དོན་ལ་སེམས་སྡུག་བྱེད་ཀྱིན་ཡོད་པ་སྨོས་མ་དགོས་པ་རེད། དེས་རྐྱེན་གྱིས་ངས་ཀྱང་ཅི་ཞིག་བྱེད་དགོས་པ་ཤེས་མ་སོང་། ཁོས་ང་ལ་བལྟས་ཏེ་དགོད་འཛུམ་རེ་བསྟན་ཡང་དེ་ནི་བཅོས་མ་ཞིག་རེད། དོན་ལ་ཁོག་ན་སེམས་སྡུག་ཞིག་སྦས་ཡོད་པ་གསལ་བོ་ཡིན། དེ་རིང་ང་ལ་དེ་ཙམ་དོ་སྣང་མི་བྱེད་པ་འདི་ཁོས་སེང་ཁྱི་དྲན་པས་ལོས་ཡིན།
ཚེ་ཚེ་ཡི་སྐོར་ཅིག་བསམ་ཁོ་ལ་བཤད་བསམ་ཡང་ཁ་ནས་མི་ཤོད་ཐལ། ཡང་གཅིག་བཤད་ན་ཁོས་སྐད་ཆ་ཚང་མ་གོ་ཡོད་ན་ཡང་ཐང་། ངས་ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་ཁོ་དགའ་བའི་སྐད་ཆ་ཞིག་བཙལ་ཡང་རྙེད་དཀའ།
མཐའ་མ་དེར་ངས་དགེ་རྒན་དོན་འགྲུབ་འཚོ་ཡིད་ལ་འཁོར་བྱུང་། དགེ་རྒན་སྐམ་པོ་སོང་བའི་ཤུལ་དུ་ཚབ་ལ་དོན་འགྲུབ་འཚོ་ཟེར་བའི་བུ་མོ་ཞིག་ཡོང་ནི་རེད། ངེད་གཉིས་གཅན་ཚ་རྫོང་སློབ་འབྲིང་དུ་མ་སོང་བར་དུ་མོ་ང་ཚོའི་དགེ་རྒན་ཡིན། མོ་ཡང་རོང་མོ་ཞིག་ཡིན། རྒྱ་ལྭ་གོན་རྒྱུར་ཧ་ཅང་དགའ། ཡག་མོ་སྒོ་ཡང་མི་ཆོག་རྒྱུ་མེད། ལོ་ན་གཞོན་ཞིང་སྐྱེས་གཟུགས་ལྡེམ་པས་འབྲོག་ཕྲུག་མང་བོ་ཞིག་གི་སེམས་པ་ཤོར་ཡོད་ངེས་ཡིན། ད་དུང་སེམས་བཟང་མ་ཞིག་ཀྱང་ཡིན།
དགོད་བྲོ་བ་ཞིག་ལ་སློབ་ཁྲིད་ཀྱི་སྐབས་སུ་ཡང་མོས་ཤེལ་སྒོ་ལག་ཏུ་བཟུང་ནས་གདོང་ལ་ལྟ་ནི་རེད། གཙང་སྤྲ་ལ་དགའ་བ་དང་ཁ་ངོ་ཡང་ཡང་འཁྲུད་ནི་རེད། མོའི་གཟུགས་པོའི་སྟེང་ན་ཡི་ཙི་དང་གདོང་བྱུགས་ཞོང་ཧྥ་ཀོ་ཡི་དྲི་མས་ཁྱབ་ཡོད། དྲི་ངན་དེ་གཅན་ཚའི་རྩྭ་ཐང་ཡོངས་ལ་ཁྱབ་ཡོད་པས་འཕྱ་སྨོད་བྱེད་མཁན་ཡང་མང་ནི་རེད།
གདོང་བྱུགས་དྲི་མ་དེ་སྣ་ལ་ཚོར་མཁན་གྱི་དར་མ་ཚོའི་མགོ་ན་བ་དང་། བྱིས་པ་ཚོའི་མགོ་ཡོམ་འཁོར་བ། རྒན་རྒོན་ཚོས་སྐྱུག་རྒྱང་བྱེད་ནི་རེད། མོའི་གདོང་ཕུར་དྲི་མ་ཅན་དེས་གཅན་ཚའི་རྩྭ་ཐང་གི་མྱི་ཟོག་གཉིས་ཀ་ཡང་བརྒྱལ་ལ་ཁད་བྱེད་ལ།
སྐད་ཆ་འདི་ཡང་སྐྱག་ཁ་མས་ང་ལ་བཤད་ནི་རེད། བུ་མོ་ཚོ་ཕན་ཚུན་ལ་ཕྲག་དོག་ཆེ་ཞིང་མཛེས་མ་ཞིག་རིག་ན་ཕྲག་དོག་གི་ཚེར་མ་དེ་མིག་ནང་ནས་སྐྱེས་ངེས་རེད། སྐྱག་ཁ་མ་དགེ་རྒན་དོན་འགྲུབ་འཚོ་དང་སྒྲོལ་ལེ་ཐོའུ་མ་སོགས་ལ་མི་དགའ་བའི་རྒྱུ་མཚན་གཞན་མེད།
ཨ་མ་ཀླུ་མོ་ཚོས་ཀྱང་བསམ་ཁོ་ཁྱིམ་དུ་བསླེབས་པ་དང་ཤུག་ལོའི་མནོལ་བསངས་གདུགས་ནས་གཙང་སྤྲ་བྱེད་ནི་རེད། ཨ་མ་ཀླུ་མོ་འཚོ་ལ་ཁག་ཡོད་ནི་མ་རེད། དགེ་རྒན་དོན་འགྲུབ་ཚོའི་དྲི་མ་དེ་བསམ་ཁོ་ལ་ཡང་བགོས་ཡོད་ནི་རེད། མོས་བསམ་ཁོ་ལ་ཁ་ཡག་དང་སྐད་ཆའི་ཚིག་སྙན་མོ་བཤད་པ་མ་ཟད་ལག་པས་ཀྱང་ཡང་ཡང་ཐུག་ནི་རེད།
མོས་ལག་པས་གང་ལ་ཐུག་ན་དེ་ལ་དྲི་མ་བགོས་ཡོད་ནི་རེད། དེས་རྐྱེན་གྱིས་སློབ་ཕྲུག་ཚོས་ཀྱང་དགེ་རྒན་ལ་རྒྱ་དྲི་བྲོ་ནི་རེད་ཟེར། དོན་ལ་ཞོ་ཧྥ་ཀོ་ཟེརབའི་ངོ་ཕུར་དེའི་དྲི་མ་རེད། དྲི་མ་དེ་ངས་ཐེངས་དང་པོར་གཅན་ཚ་རྫོང་ཐོག་ནས་ཚོར་བ་ཡིན།
དོན་འགྲུབ་ཚོ་ནི་དགེ་རྒན་སྐམ་པོ་དང་མི་འདྲ་བར་བྱིས་པ་ཚོར་བྱམས་སྐྱོང་བཟང་བོ་བྱེད་མཁན་གྱི་ཨ་མ་ཞིག་དང་མཚུངས། མ་ཟད་བསམ་ཁོ་ལ་དགའ་སྣང་བྱེད་ལ། བསམ་ཁོ་ཡང་མོ་ལ་དུངས་ཀ་ཆེ། མོས་ནམ་རྒྱུན་བསམ་ཁོ་ལ་བལྟས་ཏེ་བྱིས་པ་འདི་སྙིང་རྗེ་ནས་ཤི་ཐལ་ཟེར། ངོ་མ་སེམས་གཏིང་ནས་སྙིང་རྗེ་བ་ཡིན་རྒྱུ་རེད། བསམ་ཁོས་བཤད་ན་མོས་ལྐོག་ཏུ་ཁོ་ལ་འོ་ཡང་བྱས་མྱོང་ཟེར། ངས་བསམ་ན་དེ་ནི་རྒྱུ་ལྡན་ཞིག་མ་རེད། ངས་འདི་ལྟར་བསམ་བློ་བཏང་ཚེ་ཁ་ནས་གད་མོ་ཞིག་ཀྱང་མི་ཤོར་ཐབས་མེད་བྱུང་སོང་།
ཁྱོད་ཅི་ལ་བརྒད་ནི་ཡིན། ཁེར་དགོད་བྱེད་ན་རང་སྐྱོན་ཡིན།
ཁྱོས་དགེ་རྒན་དོན་འགྲུབ་འཚོ་ཨེ་དྲན་གི
དྲན་གི་ཡ། མོ་ད་སྐབས་གང་ན་ཡོད་ནི་རེད།
ངས་མི་ཤེས། སྔོན་ཆད་མོས་ཉི་མ་རེ་ལ་ངོར་ལྟའི་ཤེལ་སྒོ་ནང་ལ་ཐེངས་ཅི་ཙམ་ལྟ་བ་ཁྱོད་ཀྱིས་ཨེ་ཤེས།
མི་ཤེས། དེ་དྲིས་ནས་ཅི་བྱེད།
དེས་ན་གདོང་ལ་ཞག་ཚིལ་དྲི་ཅན་དེ་ཅི་ཙམ་བྱུགས་ཀྱིན་ཡོད་པ་ཨེ་ཤེས།
མི་ཤེས། མ་གཞི་ནས་མོ་ཡག་མ་ཞིག་ཡོད།
ལྟས་ངན་ཁྱོད་དགེ་རྒན་ལ་ཡང་དགའ་མྱོང་ཟིག་པ། བྱུང་རྒྱ་བྱུང་གིས་མ་ཡག་ན།། ཞོང་ཧྥ་ཀོ་ཡིས་ཡག་ནི་མ་རེད།
མོ་རང་མི་ཡག་གི་ཟེར་མཁན་སུ་ཡོད་དམ།
སྡེ་དཔོན་བསོད་ནམས་ཀྱིས་གཡར་བའི་དཔྱིད་ལྤགས་སྐམ་པོ་དེ་ཐང་ལ་བཏང་ནས་དེའི་སྟེང་དུ་ང་ཚོས་སོ་སོའི་མིང་བྲིས་ཏེ་དགེ་རྒན་དོན་འགྲུབ་འཚོ་ལ་བསྟན་པ་དེ་དྲན་ནམ།
ལོས་དྲན། དེ་དུས་ཀྱི་མ་མོའི་པགས་པ་སྤུ་མེད་དེ་དང་དེའི་སྟེང་གི་བོད་ཡིག་ཁྱ་ཁྱོག་དེ་ཚོ་ད་རུང་ངའི་མིག་ལམ་ན་གསལ་ལྷང་ངེར་ཡོད།
མོ་སོང་བ་ནས་བཟུང་སྟེ་གཅན་ཚའི་རྩྭ་ཐང་ལ་དགེ་རྒན་མེད། ཉིན་སློབ་དེ་སྒོ་བརྒྱབ་པ་ནས་ད་དུང་ཡང་གཅན་ཚའི་ཐང་ལ་སློབ་གྲྭ་མེད།
དེ་ནས་འདས་པའི་ལོ་རྒྱུས་ཀྱི་ཁྲོད་ནས་ངས་དགེ་རྒན་དོན་འགྲུབ་ཚོའི་བྱུང་བ་བརྗོད་འགོ་བརྩམས་པ་ཡིན། མོས་ལས་ཀ་གཡུགས་ནས་གློ་བུར་དུ་རྒྱ་གར་ལ་འབྲོ་ཆེད་ལྷ་ས་ལ་བྱོལ། སྟབས་མ་ལེགས་པར་ལམ་ཁྲིད་པས་མགོ་སྐོར་བཏང་ནས་མོའི་ཡོད་ཚད་ཤོར། ཁོག་ལ་ཕྲུ་གུ་ཞིག་ཀྱང་བཞག་མྱོང་། ལྷ་སའི་བར་སྐོར་ནས་སློང་མོ་བའི་འཚོ་བ་རོལ།
ཕ་མེད་པའི་བྱིས་པ་དེ་སྨན་ཁང་ནས་གཤག་བཅོས་ཀྱིས་ཕྱིར་མི་ལེན་ཐབས་མེད་བྱུང་།