༄༅། །དད་ལྡན་ལྷག་བསམ་གཡོ་མེད་གཞིས་བྱེས་བོད་མི་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། རང་ཅག་བོད་མི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་མཚུངས་ཟླ་བྲལ་པ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས། མདོ་སྨད་ཆོལ་ཁས་༸སྐུའི་གྱ་སྟོན་འབུལ་རྒྱུའི་གསོལ་འདེབས་༸སྙན་སེང་ཞུས་པར་ཐུགས་བརྩེ་ཆེན་པོས་བསྐལ་བཟང་གི་ཞལ་བཞེས་བསྩལ་པ་ལྟར། ༸སྐུའི་གྱསྟོན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལས་དོན་འགོ་འཛུགས་བྱས་ཏེ་གྲ་སྒྲིག་བྱེད་བཞིན་ཡོད་ལ། ༸རྒྱལ་དབང་ཡིད་བཞིན་ནོར་བུའི་སྐུ་ཚེ་ཞབས་པད་བསྐར་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་སླད། ༸སྐུའི་གྱ་སྟོན་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་ཞིག་ལྷག་བསམ་དག་པའི་སྒོ་ནས་འབུལ་གཏན་འཁེལ་ཡོད་པས། ཕྱི་ལོ་༢༠༡༣ ཟླ་༧ ནས་༢༠༡༥ ཟླ་༧ ཚེས་༡ བར་ལོ་འཁོར་གཉིས་རིང་། བོད་ཕྱི་ནང་གི་རྒྱ་ཆེ་སེར་སྐྱ་ཡོངས་ཀྱིས་མཆོག་གསུམ་སྤྱན་སྔར་མཆོད་སྤྲིན་རྒྱ་ཆེན་དང་། ཁ་འདོན་དགེ་སྦྱོར་གྲངས་གསོག རྐུན་ཇག་འཕྲོག་བཅོམ་དང་དམར་ཟས་སྤོང་བ། སྲོག་མི་གཅོད་པ། རི་རྒྱ་ཀླུང་རྒྱ་སྡོམ་པ། ཉལ་ཐ་དུ་ཆང་གཅོད་པ། འཁྲུགས་རྩོད་རྒྱན་རྩེད་སྤོང་བ། དགོན་སྡེ་དང་ཆོས་སྒར་སོ་སོས་ཆོས་ཁྲིམས་ཚུལ་བཞིན་སྲུང་བ། གཞུང་ཆེན་བློར་འཛིན་དང་འཆད་ཉན་སོགས་སློབ་གཉེར་ལ་ཤུགས་སྣོན་རྒྱག་པ་དང་། དགོན་སྡེ་སྤྱི་ཐོག་ནས་༸རྒྱལ་བའི་ཞབས་རིམ་སྨིན་སྒྲུབ་བྱེད་པ། ཆོས་ཐོག་འཕར་མ་འཛུགས་པ། དམར་ཟས་སྤོང་ཐབས་དང་། ཡུལ་ལུང་ཤོག་ཁ་སོ་སོས་མ་ཎི་དུང་སྒྲུབ་གསོག་པ། ལྷ་ཁང་དང་སྟོང་སྐུ་གང་མང་བཞེངས་པ། ཚ་ཁང་དང་ཚ་ཚ་འབུམ་ཕྲག་བཞེངས་པ། མཆོད་མེ་འབུམ་ཕྲག་གང་མང་དང་བསྟན་སྲུང་མཐུ་བོ་ཆེ་རྣམས་དང་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་ལ་བསང་གསོལ་འབུལ་བ། མིང་དོན་མཚུངས་པའི་ཚེ་ཐར་གང་མང་གཏོང་བ། དགོན་གྲོང་ཐུན་མོང་ནས་བོད་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་བྱ་རྒྱུ་སོགས།
མདོར་ན་སྤྱི་སྒེར་ལྷ་སྡེ་མི་སྡེ་ཡོངས་ནས་རྣམ་དཀར་དགེ་བའི་ལས་སུ་འབད་བརྩོན་ལྷོད་མེད་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་སྤྱི་དང་། ལྷག་པར་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་༸རྒྱལ་བའི་ཞབས་རིམ་སླད་བཀའ་འགྱུར་དག་འདོན་དང་། པཎ་གྲུབ་བཅུ་བདུན་གྱི་བསྟོད་པ། སྒྲོལ་དཀར་གཟུངས་སྔགས་དུང་ཕྱུར། མནྜལ་བཞི་ཆོག་དང་འབྲེལ་ཏཱ་རེ་བསྟོད་པ་འབུམ་ཐེར། མ་ཧཱ་གུ་རུའི་ཐུགས་དམ་གནད་བསྐུལ། གསུང་བྱིན་བདེན་པའི་རྔ་སྒྲ། བདེན་ཚིག་སྨོན་ལམ། མ་ཎི་དུང་ཕྱུར། སྲོག་བླུ་གང་མང་། མཆོག་དམན་ཀུན་ནས་དཀར་ཟས་ལ་འབད་གལ་ཆེ་བ་བཅས་ཀྱི་བཀའ་ལུང་ཕེབས་འདུག་པས། ཕྱོགས་ཡོངས་ནས་དགེ་སྒྲུབ་འདི་དག་༸རྒྱལ་བ་རིན་པོ་ཆེ་ཞབས་པད་བརྟན་པའི་ཁོ་ནའི་ཆེད་དུ་སྨིན་སྒྲུབ་འཐུས་ཚང་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། སྡིག་སྤོང་དགེ་སྒྲུབ་དང་ཞབས་རིམ་གྲངས་ཐོ་བརྒྱུད་ལམ་ཁག་སྤྱད་ནས་ཚོགས་ཆུང་ལ་བསྐུར་ཐུབ་གནང་རྒྱུ་དང་། བཀའ་ལུང་ནང་གསལ་ཞལ་འདོན་ཁག་ཅིག་མདོ་སྨད་དྲ་རྒྱའི་ནང་བཅུག་ཡོད་པས་དགོས་གལ་བྱུང་ཚེ་དེ་ནས་ཕབ་བཤུ་གནང་རྒྱུ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།
མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་ཕུལ།
ཧཧཧཧཧ མང་པོ་མ་གསུངས། འབྲུག་ཆུའི་ཞལ་འདེབས་འབྲུག་ཆུར་སྤྡོད་རོགས། དེ་ནས་ང་ཚོས་ལྟོས་ཆོག
མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལགས། ཁྱེད་ཚང་གིས་འདི་ལྟར།
༼ལྷག་པར་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་༸རྒྱལ་བའི་ཞབས་རིམ་སླད་བཀའ་འགྱུར་དག་འདོན་དང་། པཎ་གྲུབ་བཅུ་བདུན་གྱི་བསྟོད་པ། སྒྲོལ་དཀར་གཟུངས་སྔགས་དུང་ཕྱུར། མནྜལ་བཞི་ཆོག་དང་འབྲེལ་ཏཱ་རེ་བསྟོད་པ་འབུམ་ཐེར། མ་ཧཱ་གུ་རུའི་ཐུགས་དམ་གནད་བསྐུལ། གསུང་བྱིན་བདེན་པའི་རྔ་སྒྲ། བདེན་ཚིག་སྨོན་ལམ། མ་ཎི་དུང་ཕྱུར༽
གོང་དུ་སྨྲས་པ་དེ་ཚོའི་ནང་བོན་པོའི་ཞབས་རིམ་དང་གསོལ་འདེབས་སྨོན་ལམ་སོགས་གྱི་མཚན་བྱང་ཙམ་ཡང་མཐོང་རྒྱུ་མི་འདུག། དེ་མེད་པའི་དགོས་པའི་རྒྱུ་མཚན་གང་ཡིན་ནམ། མདོ་སྨད་ཕྱོགས་ལ་བོན་པོ་མང་པོ་ཡོད་པ་རེད། ཁོང་ཚོ་ལ་ཁྱེད་ཚང་གིས་རེ་སྐུལ་ཞུ་རྒྱུ་མེད་པ་ཡིན་ནམ།
དཀར་ཕྱོགས་ཀྱི་བྱ་བར་བརྩོན་པར་ཡི་རང་། ཞར་བྱུང་། བོད་སྐད་ཡི་གེ་དག་པར་འབྲི་བ་ལ་བརྩོན་ན། ༧གོང་ས་མཆོག་གི་ཞབས་རིམ་སྒྲུབ་པའི་མཆོག་ཏུ་འགྱུར་བ་ལ་ཐེ་ཚོམ་མི་དགོས། ཁྱེད་རྣམས་ཀྱི་གསལ་བསྒྲགས་ཀྱི་ཡི་གེ་འདིར་ཡང་ཁ་སྐད་ཤོར་བ་གསུམ་འབའ་ཞིག་དག་པར་བྱེད་ན་ཡང་བོད་ཀྱི་རིག་གཞུང་ལ་ཕན་ངེས། དེ་ཡང་། སྙན་སེང་ལ། སྙན་གསན། བསྩལ་པ་ལ། སྩལ་པ། རྒྱག་པ་ལ། རྒྱབ་པ། ཞེས་དག་བཅོས་བྱེད་ཐུབ་ན། བོད་ཀྱི་རིག་གཞུང་ལ་བརྩིས་པས། ༸རྒྱལ་དབང་ཡིད་བཞིན་ནོར་བུའི་སྐུ་ཚེ་ཞབས་པད་བསྐར་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་སླད་ཀྱི་ཞབས་རིམ་མཆོག་ཏུ་འགྱུར་བར་སེམས་སོ།
སྙན་སེང་ལ། སྙན་གསན།
བསྩལ་པ་ལ། སྩལ་པ།
རྒྱག་པ་ལ། རྒྱབ་པ།
ཞེས་དག་བཅོས་བྱེད་ཐུབ་ན་་་་་་་ཟེར།
རྒན་དྭགས་པ་བློ་དཔལ་ལགས་ལ་རི་བོ་མཛུབ་སྟོན་ཅིག་བྱེད།
བོད་ཡིག་ཅེས་བྲི་རིགས་པ་ལ། ་་་་་་ བོད་སྐད་ཀྱི་ཡི་གེ་་་་ཟེར་འདུག་པ་འདི། ཁྱེད་ཉིད་བོད་མིན་པས། བོད་ཀྱི་བརྡ་སྤྲོད་རིག་པའི་སྡེབ་སྦྱོར་མ་གོ་བར་ཟད་པས། བོད་མིའི་སྐད་ཀྱི་གཤིས་ལ་ཐུགས་སྣང་གནང་གལ།
ཁྱེད་རྣམས་ཀྱི་གསལ་བསྒྲགས་ཀྱི་་་་་་ ཟེར་བའི་བདག་སྒྲ་ཁ་སྤུ་སྐྱེས་སྐྱེས་སུ་འདུག་པ་འདི་ཡང་། སྡེབ་སྦྱོར་ལ་རྨོངས་པའི་རྟགས་སུ་འཁུམ། དེས་ན། བོད་སྐད་ཀྱི་སྡེབ་སྦྱོར་ལ་ཐུགས་སྣང་མཛོད།
སྙན་སེང་་་་ཞེས་པ། ཚིག་དག་ཅིང་དོན་ཡིད་དུ་འབབ་པ་ཉིད། མ་དག་པར་འདོད་པ་དེ་ཡང་། ཉིད་ཀྱིས། བོད་སྐད་ལ་རྒྱུས་མངའ་ཞན་པའི་རྟགས་སུ་འཁུམ་པ་སྟེ། སྙན་སེང་པར་བྱེད་པ་སྟེ། གནས་ཚུལ་གང་ཞིག གཞན་གྱི་རྣ་བར་ཐོས་པར་བྱེད་པའམ། སྒྲིབ་པ་གསལ་བར་བྱས་པས་ན། སྙན་སེང་ངོ་། ཚིག་ཉུང་གིས་བསྟན་ན། སེང་པ་ནི། བར་མཚམས་སམ། མཚགས་ལྷོད་པར་བྱས་པའི་དོན་ནོ། རྒན་བློ་དཔལ་ལགས། དག་ཡིག་སྦྱོངས་པར་རིགས་སོ། སེང་པ་ཡིས་ཐ་དད་པའི་བྱ་བའི་རྣམ་འགྱུར་སྟོན་ལ། གསན་པ་ནི་ཐ་མི་དད་པའི་བྱ་བའི་རྣམ་འགྱུར་མཚོན་པ་ཡིན་ན། རྒན་བློ་དཔལ་ལགས། རིགས་ཀྱི་བུ། རིགས་པ་སློབ་པར་རིགས་སོ།
་བསྐལ་བཟང་གི་ཞལ་བཞེས་བསྩལ་པ་ལྟར་་་་ཞེས། བསྩལ་ཟིན་པའི་བྱ་བ་དུས་འདས་པ་ཇི་བཞིན་བསྟན་འདུག་ཉིད། དག་པ་འབའ་ཞིག་ཏུ་གནས་མོད། ཉིད་ཀྱིས། སྩལ་པ་བྲི་རིགས་སོ་ཅེས་པ་ནི། རྒན་བློ་དཔལ། ཉིད་ཀྱིས་བྱ་བའི་ཚིག་གི དུས་གསུམ་གྱི་སྦྱོར་ལུགས་སློབ་གལ་ཆེ་བ། ཀུན་ལ་བསྒྲགས་པ་ཙམ་མོ།
རྒྱག་པ་་་་་ཟེར་བ་ཡང་། ཐ་མི་དད་པའི་བྱ་བའི་ཚིག་ཡིན་ལ། དུས་གསུམ་གྱི་དབང་དུ་བྱས་ན། དུས་མ་འོངས་པར་ངེས་སོ། དེས་ན། གསལ་བསྒྲགས་སུ། ་་་་་་་སློབ་གཉེར་ལ་ཤུགས་སྣོན་རྒྱག་པ་་་ཟེར་བ་ནི། ཡོངས་སུ། ཀུན་ཏུ། རྣམ་པ་ཐམས་ཅད་ནས་དག་པར་ཟད་མོད། ཉིད་ནས། རྒྱབ་པ་བྲི་དགོས་གསུངས་པ་འདིས། རྒན་བློ་དཔལ་ལགས། ཉིད་ནས་བོད་སྐད་དང་བོད་ཡིག་སློབ་པར་རིགས་སོ།
མདོ་སྨད་ཆོལ་ཁས་༸གོང་ས་མཆོག་གི་སྐུའི་གྱ་སྟོན་གྱི་སྐོར་ལ་གསལ་བཤད་དང་དགེ་སྐུལ་གནང་བ་བཅས་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ནེ་གི་རབ་དགའ་མཆོག
རང་རེས་བཀའ་བསྟན་གསུང་འབུམ་བཅས་ལ་སྦྱངས་་ནས། ལོ་ཁ་ཤས་མཇུག་ལ་ང་ལ་གོང་གསལ་མིང་ཚིག་གསུམ་ལ་སུ་བདེན་པ་འདུག་བལྟ་ཆོག
དེ་མིན་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས། བོད་ཀྱི་སྐད་ཀྱི་ཡི་གེ་དག་མ་དག་ལྟ་མཁན་སོགས་ལ། འདི་ལྟར་གསུངས་ཏེ།
ནོར་མེད་ཟས་གོས་མཆོག་འདོད་དང་།
གཞན་ལས་སློང་ཞིང་ང་རྒྱལ་ཆེ།
བསྟན་བཅོས་མི་ཤེས་རྩོད་པར་འདོད།
འདི་གསུམ་འགྲོ་བའི་བཞད་གད་གནས།།
ཁྱེད་ཀྱིས་སློབ་སྟོན་བཞིན་བོད་ཀྱི་བཀའ་བསྟན་གསུང་འབུམ་དང་། བོན་གྱི་རིག་གཞུང་ན་བོད་ཡིག་ལེགས་པར་བྲིས་པ་རེ་མིག་མཐོང་འབྱུང་ཚེ་སྦྱོང་ངེས་ལ། ཁྱེད་ཀྱིས་ཀྱང་དེ་ལྟར་སྦྱང་ཐུབ་ན། ལོ་ཁ་ཤས་ནས་ཐུག་པའི་རེ་བ་མཆིས་སོ།