ཀ་ཁའི་རྫི་བོ།
ཁ་བའི་ལ་རྒྱ་བོར་བའི་རྒྱལ་འཚོང་དག །
ཁ་པར་བརྡ་འཕྲིན་རླུང་འཕྲིན་དར་ནས་བཟུང་།།
ཁ་རྡུང་གཏོང་ལམ་མང་དུ་སོང་བ་དང་།།
ཁ་བྲལ་རིང་ལུགས་ཟེར་ཞིང་ཁྱི་བཞིན་འབ།།
ཁ་ལ་བསྟན་འགྲོ་འཁྱེར་བའི་བླ་སྤྲུལ་རེས།།
ཁ་འབྲས་མཚར་བའི་ན་ཆུང་བུ་མོ་ཡི།།
ཁ་རུ་བྱུགས་རྒྱུ་སྐེ་རུ་འདོགས་རྒྱུའི་ཆེད།།
ཁ་པར་ནང་ནས་ཡོང་སྒོ་འཚོལ་ལ་བྲེལ།།
ཁ་དོག་དཀར་དམར་བརྩད་སའི་ཆོས་རའི་ནང་།།
ཁ་ཆེ་རྟག་མཐའ་རྒྱང་འཕེན་ཆད་མཐའ་ཞེས།།
ཁ་ཕོ་གནམ་གྱིས་མི་ཁེབས་འདོན་མཁན་ལས།།
ཁ་པར་ནང་གི་ས་བཤིག་གཙོ་བོའང་འདུག །
ཁ་རྗེ་དབང་ཐང་ཅན་གྱི་དཔོན་པོ་དག །
ཁ་སྟབས་ཞན་པའི་མི་སེར་ས་ཁྲལ་སོགས།།
ཁ་ཤེད་ཚ་བོས་ཕར་འདེད་ཕུག་འདེད་བྱེད།།
ཁ་པར་འདི་ཡང་ལྟག་སྒོ་གསར་པར་གྱུར།།
ཁ་བཤད་སྐམ་པོས་མཁས་པའི་མིང་འཛིན་ཚོ།།
ཁ་ཕོར་དོན་དུ་གཞན་རྩོམ་བརྐུ་བར་མཁས།།
ཁ་གསག་གཅམ་བུས་མཐོན་པོ་ཀུན་ལ་འཁྲབ།།
ཁ་པར་རང་ཉིད་སྒྲོགས་ས་བྱེད་ལ་ལྟོས།།
ཁ་ལ་ཉན་ན་སློབ་བུ་རེ་བ་ཅན།།
ཁ་རཱ་ཨོ་ཁེ་དགོང་ཚོགས་ཆག་མེད་འགྲིམ།།
ཁ་ཐ་སྣ་ཐ་ཡོད་ཚད་ཧབ་ཐོབ་རྒྱག །
ཁ་པར་ཆུ་ཚོད་འཕྲོ་བརླག་གཏོང་སྤྱད་ཆགས།།
ཁ་ལས་རླུང་རྟ་དར་བའི་ཚོང་བ་ལས།།
ཁ་ཅིག་སྔ་འདང་ཕྱི་འདང་མི་རྒྱག་པར།།
ཁ་ཐུག་ཁེལ་ན་ནག་ཚོང་ཨ་ཙ་མ།།
ཁ་པར་ནང་ནས་མུན་ནག་མདའ་འཕེན་བྱེད།།
ཁ་ཕོས་རྒྱན་འཛུགས་སྐྱག་ལངས་ཤོར་བ་འགའ།།
ཁ་པར་གྲག་དུས་ལག་པར་ཟ་འཕྲུག་གིས།།
ཁ་གྲངས་མང་བའི་ལག་དངུལ་ནས་བཟུང་སྟེ།།
ཁ་ཚང་ཤོར་ན་མཐའ་མ་མཛུབ་གུའང་འཇོག །
ཁ་ལྕེ་བདེ་བའི་གསར་བུ་མགོ་སྟོང་དག །
ཁ་པར་ནང་ནས་འཆལ་གཏམ་རྫོགས་མཐའ་མེད།།
ཁ་རྒྱབ་གཉིས་ཀ་རང་མགོ་མི་ཐོན་ཡང་།།
ཁ་ཏ་བོང་བུའི་རྣ་བར་གསེར་བླུགས་དཔེ།།
ཁ་པར་དཀྱུས་མས་མྱི་གྲལ་མ་ཚུད་པས།།
ཁ་ཡ་ན་ཟླའི་ཁྲོད་ནས་འགྲན་སེམས་ཀྱིས།།
ཁ་པར་ཆེད་དུ་མཁལ་མ་བཙོང་ནས་ནི།།
༡.ཁ་གང་པད་འདོགས་གླེན་རྟགས་སྟོན་མཁན་བྱུང་།།
ཁ་མཆུ་ནག་པོ་འདི་ཡིས་བསླངས་པ་ཡོད།།
ཁ་ཁྲིམས་བཞག་ཅིང་སྡེ་འཁྲུག་བསྡུམས་པའང་ཡོད།།
ཁ་པར་སྐོར་ལ་བཤད་ན་སྒྲུང་རིང་བས།།
ཁ་ཁུ་སིམ་པོར་ཏོག་ཙམ་ངལ་གསོ་བྱ།།
༿མཆན། ༡.རང་ཉིད་ལ་དངུལ་ཁ་གང་ཁོ་ན་ཡོད་པ་ངོམ་སོའི་ཆེད་པད་ཀོར་རམ་དཔྲལ་བར་འདོགས་པའི་གཏམ་དཔེའོ།།
༄༅། ། ཉེ་ཆར་ངོས་རང་ལ་རྒྱ་གར་གྱི་གསར་འགོད་པ་ཞིག་ཐུག་སོང་། ཁོང་གི་རྒྱ་གར་ནང་གི་བོད་མི་དག་བཙན་བྱོལ་བ་ཞིག་རེད་ཟེར་ནའང་། བོད་མི་གསུམ་བཞིའི་དབར་ཀུ་ཤུ་རྟགས་ཅན་གྱི་དངོས་པོ་རེར་ལག་ཏུ་འཁྱེར་རྒྱུ་ཡོད་བདེན་པ་རེད་ཟེར། དེའི་སྐོར་གྱི་གསར་འགྱུར་ཞིག་སྟོན་གྱི་ཡིན་ཟེར། དེ་ནི་ཁྱེད་རང་བོད་པའི་མི་གཤིས་དངོས་ཅུང་ཡོད་ན་འཕྱར་འཕྱར་བྱེད་མཁན་དང་སྤྱི་ཚོགས་ཧྲིལ་པོའི་གནས་སྟངས་། རྒྱུས་མངའ་གང་ཡང་མི་འདུག ལྷག་པར་ས་ཁང་དང་ཉིན་རེའི་འཚོ་བའི་ཐད་དཀའ་ངལ་ཅན་གྱི་བརྒྱུད་རིམ་མང་པོ་ཞིག་འགྲེལ་བཅོས་བྱེད་བྱུང་།
ཡག་པོ་བྲིས་འདུག
ཁ་པར་ཡོད་པས་གྱེས་པའི་ཕ་མ་འཁྲིས་སུ་ཡོད་པ་འདྲ།།
ཁ་པར་ཡོད་པས་ཐག་རིང་ཕུ་ནུར་ཁ་བརྡ་བྱས་ན་ཆོག།
ཁ་པར་ཡོད་པས་ཚིག་གཅིག་དོན་དུ་ལ་ལུང་འགྲིམ་མི་དགོས།།
ཁ་པར་འདི་ཡི་དགེ་མཚན་དེབ་རྒན་བྲིས་ཀྱང་ཚར་རབས་མེད།།
བོད་ཡིག་ཚེ་སྲོག་ཆད་ལ་ཉེ་དུས་ཚང་མས་ཀུ་ཤུ་ཉོས།།
མཁལ་མ་གཉིས་ཆ་བཙོང་དགོས་ཁེལ་ཡང་ཀུ་ཤུ་ལྔ་པ་ཞིག།
སང་གནངས་མགྱོགས་པོ་ཉོ་རུ་འགྲོ་ཡ་གྲོགས་པོ་གྲོགས་མོ་ཀྱེ།།
གོང་གི་ཤོ་ལོ་ཀ་དགུ་བ་དེ་བཟོ་བཅོས་ཅུང་བྱའོ།
ཁ་ལྕེ་བདེ་བའི་གསར་བུ་མགོ་སྟོང་དག །
ཁ་རྒྱབ་གཉིས་ཀ་རང་མགོ་མི་ཐོན་ཡང་།།
ཁ་ཤོམ་འཐེན་སའི་ཁ་པར་ཅི་བས་རྫིག།
ཁ་ཏ་བོང་བུའི་རྣ་བར་གསེར་བླུགས་དཔེ།།
ཁ་བརྡ་རྩོམ་སྒྲིག་པ་དང་མཆན་འདེབས་མཁན་གྱི་ཀློག་པ་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུ།