གླིང་གཅེར་བུ།
ཁྱེད་ཀྱི་སྐད་ཆ་དེ་མགོ་ཐོག་ལ་ལྷུང་བས།།
ངའི་ལག་མཐིལ་ཀྱང་གད་མོའི་ཁྱབ་པར་བྱས།།
ཆར་བ་འབབ་ཤུགས་ལ་རླུང་བུ་བཙན་པས།།
སྐྲ་ལོའི་བདག་དབང་ནི་ང་དང་རིང་དུ་གྱེས།།
ལོ་མའི་ཁུར་བའི་ཕོ་བྲང་ཐེད་པོ་འདི་ཡང་།།
ང་ཚོ་ཁོ་ནར་དབང་བའི་གླུ་སྐད་དེ་ཡིན་ན།།
ཕྱི་དྲོ་འདི་ཀི་སྒྲ་དང་ལྷན་དུ་བསྡུས་དང།།
ངའི་རྐང་ལག་རྐྱང་ཚུལ་གྱིས་ཀྱང་མཛའ་བརྩེ་གླེང་།།
ངོ་གདོང་ཞིག་འབྲི་དེབ་ལ་གསལ་བ་དག་ནི།།
བུ་མོ་ཞིག་ཞེན་ཆགས་ལ་འཐིམ་པ་ལྟར་སྣང་།།
ལྷམ་སྒྲོག་གིས་བཅིང་བའི་ཐ་སྙད་གསོན་པོ་དེ།།
ཁ་ཕོད་ཆེ་ཚུལ་ནི་ངའི་ང་རྒྱལ་ཡིན་ཆོག།
ལག་པ་བསྲིངས་ཤུལ་ན་ཁ་བ་མེད་དོན་དེ།།
དུང་བ་ལ་དྲོད་ཁོལ་ཡོད་པའི་ལོས་ཡིན་མོད།།
ཚོད་ཚོད་ལ་ཁ་རེ་གདངས་བ་མི་བཟོད་ན།།
ང་ཡང་དཀོན་མཆོག་གི་རྩུབ་རས་ཤིག་བྱས་ཆོག།
དུས་ཚོད་ལ་བཀལ་བའི་ལོ་ཟླ་དག་བསམ་ན།།
འུ་ཚོ་སང་ཉིན་ཀྱི་ལོ་རྒྱུས་ཡིན་དགོས་ཀྱང་།།
རྨི་ལམ་འདི་མ་རྨིས་གོང་མགོ་བོ་ཡར་ལ་ཁྱོག།
ཉི་འོད་འགུལ་བའི་ཡི་གེ་དག་ང་ཚོར་དབང་།།
༢༠༣༡།༨།༤ཉིན།