༡ སྙན་ངག
སྙན་ངག ངའི་ཡ་ཁོག་ན་ལྷོག་ལྷོག་ལྡིང་བཞིན་པའི་སྙིང་གི་འཕར་སྒྲ་ཡིན།
སྙན་ངག མོའི་རྩ་ལམ་ན་དལ་མེད་རྒྱུགས་བཞིན་པའི་ཟུངས་ཁྲག་ཁོལ་མ་རེད།
སྙན་ངག ཁྱེད་ཀྱི་ཁ་སྣ་ནས་ཐོལ་ཐོལ་གཏོང་བཞིན་པའི་དབུགས་ཀྱི་འབྱིན་རྔུབ་རེད།
སྙན་ངག ང་ཚོའི་ནང་གི་དུངས་བ་གསལ་བྱེད་ཡ་ཐོད་ཀྱི་སྤྱན་མིག་རེད།
སྙན་ངག ཨ་མའི་སེམས་གཅོང་གི་ན་ཚ་གསོ་བྱེད་རིན་ཆེན་རིལ་བུ་རེད།
སྙན་ངག གསར་སྐྱེས་ཀྱི་གཞོན་ནུ་ཚོའི་མི་ཚེའི་གསོན་ཤུགས་རེད།
སྙན་ངག དུས་ཚོད་ཀྱིས་རྒས་རྒྱུ་མེད་པའི་གནའ་བོའི་གླུ་གཞས་རེད།
སྙན་ངག དགྲ་ལ་ཐུག་ན་རྣོན་པོའི་མཚོན་ཆ་ཡིན།
སྙན་ངག གྲོགས་ལ་ཐུག་ན་སྒྱུ་རྩལ་གྱི་ལག་རྟགས་ཡིན།
སྙན་ངག མཛའ་མོར་ཐུག་ན་བཅོས་མེད་ཀྱི་བརྩེ་དུངས་ཡིན།
སྙན་ངག བླ་མར་མཇལ་ན་དད་མོས་ཀྱི་འདོན་དབྱངས་ཡིན།
སྙན་ངག བལྟས་ན་མིག་དབང་འཕྲོག་པའི་མཛེས་མ་ཞིག
སྙན་ངག ཉན་ན་སྙན་དབང་གསོ་བའི་གཞས་མ་ཞིག
སྙན་ངག མྱངས་ན་སྒྱུ་རྩལ་རྫོགས་པའི་གཡེམ་མ་ཞིག
སྙན་ངག བསྣམས་ན་པད་མ་ཅན་བཞིན་ཞིམ་པ་ཞིག
སྙན་ངག རེག་ན་འདོད་པ་ཉམས་སུ་མྱོངས་འདྲ་ཞིག
སྙན་ངག བུ་མོ་གཅེར་རུ་ལྟ་བུའི་མཛེས་པ་ཞིག
སྙན་ངག གཅེར་རུའི་ནུ་མ་ལྟ་བུའི་འབུར་བྲིས་ཤིག
སྙན་ངག འབུར་བྲིས་འབུར་འབུར་འགུལ་རྒྱུ་ཡོད་པ་ཞིག
༢ སྙན་ངག་མེད་ན།
སྙན་ངག་མེད་ན་རྣམ་འགྱུར་མེད་པའི་ངོ་གདོང་འདྲ།།
སྙན་ངག་མེད་ན་སྲོག་གིས་མ་བཟུང་བེམ་རོ་འདྲ།།
སྙན་ངག་མེད་ན་སྐྱེ་དངོས་མེད་པའི་བྱེ་ཐང་འདྲ།།
སྙན་ངག་མེད་ན་བྱེ་ཐང་ནང་གི་རྔ་མོང་འདྲ།།
སྙན་ངག་མེད་ན་བྲོ་བ་མེད་པའི་ཟ་མ་འདྲ།།
སྙན་ངག་མེད་ན་དབྱངས་རྟ་མེད་པའི་འཚོ་བ་འདྲ།།
སྙན་ངག་མེད་ན་དགའ་རོགས་མེད་པའི་མི་ཧྲེང་འདྲ།།
སྙན་ངག་མེད་ན་གོ་རྒས་བུ་མོ་གོ་མེད་འདྲ།།
སྙན་ངག་མེད་ན་སེའུ་བཅུ་བའི་ངག་དང་འདྲ།།
སྙན་ངག་མེད་ན་མི་རྒན་འཆོལ་བའི་འཆོལ་གཏམ་འདྲ།།
སྙན་ངག་མེད་ན་སྒྱུ་རྩལ་མེད་པ་ཡིན།།
སྒྱུ་རྩལ་་མེད་ན་གང་ཡང་མེད་པ་ཡིན།།
སྙན་ངག་མེད་ན་ཡིད་སེམས་སྟོང་པ་ཡིན།།
ཡིད་སེམས་སྟོང་ན་འཇིག་རྟེན་སྟོང་པ་ཡིན།།
ཐུགས་རྗེ་ཆེ། འདི་མོ་རེ་ཨེ་འབྲིའི་རེ་བ་ཡུན་རིང་བརྒྱབ་པ་ཡིན། ཡི་དམ་ཚེ་རིང་གི་”སྙན་ངག་གི་བླ་སྲོག་བཤད་པའི་”ཁ་ཡ་ཕལ་ཆེར་ཡོང་ས་རེད། དགའ་ནི་ཞིག་རེད།
ཨ་རོགས་ཀླུ་སྨྱོན། ངས་སྐྱར་ཀློག་བྱས་མ་ཚར་སྔོན་ལ་ཁྱོས་ཀློག་ཚར་བ་མ་ཟད་མཆན་ཡང་རྒྱབ་ཚར་ཡོད་ཀ ཁྱོད་འདི་མྱི་མགྱོགས་པ་རྟ་འདྲ་འདྲ་ཞིག་རེད། ནུབ་ཕྱོགས་རྒྱལ་ཁབ་ནང་སྡོད་མཁན་ད་ངོ་མ་ཁྱོད་འདྲ་འདྲ་ཞིག་དགོས་གི
ཀླུ་སྨྱོན་ལགས། ངས་ཁྱེད་ཀྱི་ཡིག་བྱང་དུ་རྩོམ་བསྡུའི་གསལ་བརྡ་ཞིག་བཏང་ཡོད་པ་ཁ་བརྡ་ཚང་དུ་འགོད་ན་ཅི་འདྲ་འདུག་དགོངས་ཤིག
སྙན་ངག་འདི་ཧྲ་རྒྱུའུ་ད་ལོས་ཧྲ་ར། བཀའ་འགྱུར་ཨ་ཡེའི་རུམ་བསྡད་ཡོད་དུས་ད་སྙན་ངག་འདོན་རྒྱུ། ཡར་ལོངས་ཤོག་ཟེར་ན་ལངས་ཐུབ་ས་ཅིག་མ་རེད་ཀོ
བྲིས་པ་དངོས་གནས་བློར་བབས་སོང་།
སྙན་ངག་མེད་ན་དགའ་རོགས་མེད་པའི་མི་ཧྲེང་འདྲ།།
ཁྱོས་འདི་ང་ལ་བཤད་ཀོ་ནི་མིན་ནམ། དགའ་རོགས་བཙན་པོ་ཞིག་ལས་དགའ་རོགས་མེད་པའི་མི་ཧྲེང་དགའ་གི་གོ
སྙན་ངག་བྲིས་དང་རང་བཙན་བསྐྱར་གསོ་བྱེད།།
སྙན་ངག་བྲིས་དང་གཞིས་བྱེས་ལྷན་འཛོམས་ཡོང།།
སྙན་ངག་བྲིས་དང་འཚོ་བར་དྲོད་ཁོལ་རྒྱས།།
སྙན་ངག་བྲིས་དང་ཐམས་ཅད་ལྷུན་གྱིས་འགྲུབ།།
གྲང་བའི་དུས་ན་སྙན་ངག་གོས་སུ་སྒོམ།།
ལྟོགས་པའི་དུས་ན་སྙན་ངག་ཟས་སུ་སྒོམ།།
འགྲོ་བའི་དུས་ན་སྙན་ངག་རོགས་སུ་སྒོམ།།
ཉལ་བའི་དུས་ན་སྙན་ངག་དགའ་མར་སྒོམ།།
འཇིག་རྟེན་ཁམས་སུ་ཇི་སྙེད་ཡོད་པ་རྣམས།།
སྙན་ངག་མཁན་པོ་ཁྱེད་ལ་དབང་གྱུར་བས།།
བདག་སོགས་དགའ་རོགས་མེད་པའི་སྐྱེས་བུ་ཚོར།།
ནམ་ཡང་ཐུགས་ནས་མ་བོར་སྙན་ངག་མཁན།།
བདུད་རྩི་ཆང་འདི་སྙན་ངག་འཐུང་སྐབས་འདེད་རྟ་ཡིན།།
བདུད་རྩི་ཆང་འདི་སྙན་ངག་འབྲི་སྐབས་སྣག་ཚ་ཡིན།
བདུད་རྩི་ཆང་འདི་གཏམ་བཤད་བྱེད་སྐབས་ཁ་ལྕེ་ཡིན།
བདུད་རྩི་ཆང་འདི་སྒྱུ་རྩལ་བཞེངས་པའི་ལག་ཆ་ཡིན།
བདུད་རྩི་མེད་ན་ཀླད་པ་སྟོང་པ་ཡིན།
བདུད་རྩི་མེད་ན་སྙན་ངག་སྲོག་མེད་ཡིན།
བདུད་རྩི་མེད་ན་གསོན་པ་དོན་མེད་ཡིན།
བདུད་རྩ་མེད་ན་ང་རང་ཤི་བོ་ཡིན།
བདུད་རྩི་ཆང་འདི་རང་གི་དགའ་མ་ཡིན།།
སྙན་ངག་ཐན་ཐུན་རང་གི་བུ་ཕྲུག་ཡིན།།
བདུད་རྩི་སྙན་ངག་གཉིས་ཀ་མེད་པ་ན།།
དགའ་མ་བུ་ཕྲུག་མེད་པའི་ཁེར་རྐྱང་ཡིན།།
དབྱངས་ཅན་མ་ལ་ངོ་བསྟོད་བྱེད་དུས་སུ།།
འཇམ་པའི་དབྱངས་ལ་ཁ་ཡག་བཤད་དུས་སུ།།
སྙན་ངག་འབྲི་བའི་རྣམ་དཔྱོད་ང་ལ་མེད།།
བདུད་རྩི་མཆོད་པའི་གོམས་སྲོལ་ང་ལ་མེད།།
ངག་དབང་ལྷ་མོར་ཨོང་དོང་བསྟན་པ་ནས།།
ཤེས་རབ་ལྷ་ལ་རྒྱབ་ཀྱིས་ཕྱོགས་པ་ནས།།
མྱིད་ཐག་ཕྲ་མོའི་འགུགས་ཆ་ཇེ་ཡངས་རེད།།
ལྕེ་སྣེ་དམར་པོ་མཉེན་ཆ་ཇེ་ཆེ་རེད།།
ཚངས་དབྱངས་རྒྱ་མཚོ་དང་དགེ་ཆོས་གཉིས་ཕར་ཕུད། གཞན་པ་ཚོས་བདུད་རྩི་འཐུང་ཞོར་ཅིག་འབྲི་ཐུབ་ཨེ་ཐུབ། དོན་གྲུབ་རྒྱལ་གྱིས་ཐ་མག་འཐེན་ཞོར་འབྲི་གི་ཡོད་པ་ཐག་ཆོད་རེད། ཡིན་ན་ཡང་ཆང་འཐུང་ཞོར་ཅིག་བྲིས་པའི་སྐད་ཆ་མ་གོ ཐང་གི་སྙན་ངག་པ་ལིས་པེས། དཀར་གསལ་ཟླ་བ་ག་དུས་འཆར་མིན་སྐོར། །ཆང་ཕོར་བཏེགས་ནས་དགུང་སྔོན་མཐོན་པོར་འདྲི། །ཞེས་པ་ཞིག་བྲིས་ཡོད་བསམས།
སྒེའུ་ཁུང་མདུན་དུ་ཟླ་བའི་འོད་དཀར་གསལ།།
ས་གཞིའི་ངོས་སུ་སད་ཀྱིས་བཟུང་དང་འདྲ།།
མགོ་བོ་ཡར་ལ་དགྱེས་ནས་ཟླ་བར་བལྟས།།
མགོ་བོ་མར་ལ་སྒུར་ན་ཕ་ཡུལ་དྲན།།
ལི་པེའི་སྙན་ངག་འདི་ཚོར་བལྟས་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁྱད་ཆོས་དང་འདྲ་སེ་འདུག་ག ཝུན་ཁྲོན་ལ་ས་ཡོམ་རྒྱུགས་སྐབས་ལི་པེའི་ཁང་པ་ཡང་བསྣུབས་འདུག ལི་པེའི་སྡོད་ཁང་ཆང་རིགས་སམ་བོད་མི་སྤྱང་རིགས་ཀྱི་ས་ཆར་ཡོད་པར་བལྟས་ན་ཁོང་བོད་མིའི་རྒྱུན་འཛར་ཅིག་ཡིན་པའི་རྣམ་རྟོག་རྒྱ་མི་ཚོར་ཡོད་པ་རེད་ཟེར་བ་དེ་བདེན་ན་ཐང་གི
བདུད་རྩི་རན་ཙམ་འཐུང་ན་རྣམ་དཔྱོད་རྒྱས།།
བདུད་རྩི་འཇོལ་ཉོག་སྤྱད་ན་ཁྱི་གློའུ་བཞིན།།
ཅི་ཞིག་བྱས་དང་ཇི་ལྟར་ཉལ་བ་ཡང་།།
མི་དྲན་ཀླད་པ་མུན་པས་བཏིམས་པ་བཞིན།།
སྙན་ངག་ཡིན་མིན་མི་ཤེས།།
ཚིག་རྐང་ཐར་ཐོར་འགའ་རེ།།
ཨ་རོགས་ངས་ཀྱང་སྒྲིག་ཐུབ།།
སྙན་ངག་ཡིན་མིན་ཚད་གཞི།།
གང་འདྲ་ཞིག་ལ་འཇོག་དགོས།།
ཡུལ་སྐད་ཐར་ཐོར་འགའ་རེ།།
ག་ས་གང་ལ་གཏོར་ན།།
དེ་ནི་དེང་རབས་བོད་ཀྱི།།
སྙན་ངག་ཟེར་བ་ཨེ་རེད།།
དེང་རབས་སྙན་ངག་ཟེར་བར།།
ཚད་གཞི་འཇོག་ས་ལོས་དགོས།།
ཚད་གཞི་མེད་པའི་སྙན་ངག །
ཀུན་གྱི་རྣ་བར་མི་སྙན།།
འོ་ན་དྲ་གྲོགས་རྣམས་ཀྱིས།།
སྙན་ངག་ཅེས་པ་གང་རེད།།
ཞིབ་དཔྱོད་ཐེངས་གཅིག་བྱོས་དང་།།
ཨ་རོགས་ད་ཐེངས་ཡང་སྙན་ངག་གི་མདའ་ལི་མ་ཞིག་འཕངས་འདུག་ག ཡག་པོ་གདའ། འགོ་བཙུགས་དུས་ནས་སྐྱེ་འགྲོ་ཐམས་ཅད། རང་བྱུང་ཁམས་ཆེན་མོ་དང་སྙན་ངག་གི་སྲོག་གམ་སྲོག་མཚོན་བྱེད་ཀྱི་འཕར་ལྡིང་ངམ་འཕར་སྒྲ་(rhythm)དེ་ཚོར་ཡོང་གི་འདུག
སྙིང་གི་འཕར་སྒྲ། ཟུངས་ཁྲག་གི་འཁོར་འགྲོས། དབུགས་ཀྱི་འབྱིན་རྔུབ་སོགས་ཀྱི་དབྱངས་གསེབ་ཏུ་ཉི་ཟླའི་འཆར་ནུབ། དུས་བཞིའི་རེས་མོས། རྒྱ་མཚོའི་འཕེལ་འགྲིབ། ཚེ་སྲོག་དང་སྐྱེ་དངོས་ཀྱི་འཕེལ་འགྱུར་དང་སྐྱེ་འཆི་སོགས་ཆེས་གདོད་མའི་འཕར་སྒྲ་དག་ཐོས་རྒྱུ་འདུག
སྙན་ངག་ཞེས་པ་དཔང་པོ་ལྔའི་ཚོར་ཤེས་དང་ཚོར་ཤེས་དེ་ཚོའི་སྤྱོད་ཡུལ་ལམ་དེ་ཚོ་ཚང་མ་གཡེར་མེད་འདྲེས་པ་འདྲ་པོ་ཞིག་བྲིས་འདུག་པས་ཡིད་ལ་ཚོར་བ་རྣོན་པོ་ཞིག་དང་སྐྱིད་པོ་ཞིག་སྤྲད་སོང་། ཐུགས་རྗེ་ཆེ། ཡིན་ནའང་ཁྱེད་ཀྱིས་ན་ནིང་བྲིས་པའི་༼ཨ་ཕའི་ཁ་ཆེམས་༽ལ་འགྲན་ཐུབ་ས་མ་རེད། དེ་ཡིན་རྒྱུ་རེད། གཅིག་སྙན་ངག་གི་འགྲེལ་རེད། ཅིག་ཤོས་སྙན་ངག་ཅིག་རེད།
ཡ་ཡ་ཡ། ཐུགས་རྗེ་ཆེ། ངས་འདི་སྙན་ངག་ཅིག་མིན་པར་སྙན་ངག་ངོ་སྤྲོད་ཅིག་ཡིན། ངོ་སྤྲོད་ཅིག་ཡིན་ནའང་སྒྱུ་རྩལ་གྱིས་བཅངས་པའི་ངོ་སྤྲོད་ཅིག་དང་ཚེ་སྲོག་གིས་བཟུང་བའི་ངོ་སྤྲོད་ཅིག་ལ་བརྩོན་པ་བྱེད་ཁུལ་བྱས་པ་ལྟར། གཡག་སྙིང་ཞིག་ལའང་ཚོར་བ་རྣོན་པོ་དང་སྐྱིད་པོ་ཞིག་སྟེར་གི་ཡོད་ན་འདི་སྙན་ངག་ཅིག་རེད་ཅེས་བཤད་མི་ཆོག་གམ།
དེས་ན་སྙན་ངག་ཡིན་མིན་གྱི་དབྱེ་མཚམས་ཀྱང་གཙོ་བོ་ཀློག་པ་པོའི་མྱོང་ཚོར་ལ་ལྟོས་ཏེ་བཤད་ན་འཚམས་པོ་ཡོད་པ་མ་རེད་དམ།
རེད་ཡ། ཐང་རྒྱལ་རབས་ཀྱི་སྙན་ངག་སུམ་བརྒྱ་ཕྱོགས་བསྒྲིགས་དེབ་ཅིག་ངས་བལ་ཡུལ་ནས་ཉོས་ཏེ་ཀློག་མྱོང་། དེའི་ནང་དུ་སྙན་ངག་ལ་ལའི་ཐང་བོད་དམག་འཁྲུག་ཀྱང་རོབ་ཙམ་རེ་བསྟན་འདུག ལིས་པེ་ཆང་རིགས་སམ་སྤྱང་རིགས་ཀྱི་ས་ཁུལ་དུ་འཚར་བ་ཞིག་ཡིན་ཚེ་བོད་རིགས་ཤིག་ཡིན་སྲིད། ཆང་རིགས་དང་སྤྱང་རིགས། འཇང་རིགས་སོགས་བོད་རིགས་ཡིན་ལུགས་ཀྱི་ཡིག་ཆ་འགའ་རེ་མཐོང་མྱོང་། ཚའོ་ཞོ་ཆིན་མན་ཇུ་དང་ལིས་པེ་བོད་རིགས་ཡིན་དུས་རྒྱ་རྒན་ཚང་ལ་ཅང་མེད་ཀ སུའུ་ཏུང་ཕོ་དང་ཏུའུ་ཧྥུ་སོགས་རེ་འགའ་ཡོད་ཀྱང་ལིས་པེ་ལ་འགྲན་ཨེ་ཐུབ།
ལ་ལས།
དིལླིའའི་བུ་མོ་ཞིག་ལ།
ཀ་མ་ལ་ལྟའི་ཞལ་ཁྱིམ་མཛེས།
ཁ་ནས་བཤད་པའི་གསུང་དེ་སྙན།
ག་དུས་ཡིན་ནའང་ཁྱེད་ལ་ལྷན།
ང་ཡིས་གླེང་མོལ་བྱ་ན་འདོད།
ཅ་ཅོ་ཆོ་མེད་ངས་མི་བཤད།
ཆ་མེད་ཡ་ཏོ་དེ་བས་མིན།
ཇ་ཆང་གཉིས་ལས་ཆང་མི་འཐུང༌།
ཉ་ཤ་ཕག་ཤ་ངས་མི་ཟ།
ཏཱ་རེ་སྒྲོལ་མའི་མིང་ཅན་མ།
ཐ་དད་བྱེད་དོན་ཅི་ཞིག་ཡིན།
ད་ལྟ་སྐྱེས་འབྲས་བཟང་ན་ཡང༌།
ན་སོ་མཐོ་ན་རྒས་མོ་ཡིན།
པ་ཊ་ལྟ་བུའི་རྣམ་དཔྱོད་ལྡན།
ཕ་ལམ་ལྟ་བུའི་མཛེས་སྡུག་ལྡན།
བ་སོ་ལྟ་བུའི་རིན་ཐང་ལྡན།
མ་ཚང་བ་ནི་ཁྱེད་ལ་མེད།
ཙ་རིའི་སྙུག་མའི་སྐུ་ལུས་ལ།
ཚ་བའི་ཡུལ་འདིར་ལོ་འདབ་རྒྱས།
ཛ་དྲག་ཆེན་བའི་ལས་དོན་ཀུན།
ཝ་ལེར་ཁྱེད་ཀྱིས་མ་འགྲུབ་མེད།
ཞ་གོས་རྒྱན་ཆ་མི་བཞེས་ཀྱང༌།
ཟ་ཟོར་མ་མཛེས་ཁྱེད་ལ་མེད།
འ་འུར་གོམས་གཤིས་མེད་ན་ཡང༌།
ཡ་མེད་བཏབ་བའི་ལོ་རྒྱུས་མེད།
ར་ལྟར་རོག་པའི་ཁོ་བོ་ལ།
ལ་ལུང་གང་ཡིན་ཅིའི་ཕྱིར་དྲིས།
ཤ་བརྩེ་ཆེ་མདོག་ཅིའི་ཕྱིར་ཡིན།
ས་ཆ་འདིར་ཤོག་ཅིའི་ཕྱིར་གསུང༌།
ཧ་ཅང་མགུ་བའི་རྣམ་འགྱུར་ལ།
ཨ་ལན་མི་སྤྲོད་མི་བཟོད་གི།
གོང་གི་སྙན་ངག་དེ་དང་འབྲེལ་བའི་མཆན་མིན་ཡང༌། ཁོ་བོར་དྲ་རྒྱར་རྩོམ་ཡིག་འཇོག་པའི་གསང་ཚིག་མེད་རྐྱེན་ཚོད་ལྟའི་ཚུལ་དུ་ཧོབ་བྲིས་ཀྱིས་སྙན་ཐུང་འདི་བཀོད་ལགས།