འདི་ལོར་བསྟན་འཛིན་ཀུན་གསལ་མོ་ལོ་ག་ཚོད་ཅིག་ལ་བསླེབས་ཡོད་དམ།
མོའི་མཛེས་སྡུག་གི་ལང་ཚོའི་མེ་ཏོག་དེ་ད་ལྟ་ས་ཕྱོགས་གང་ཞིག་ན་ལྡེམ་བཞིན་ཡོད་དམ།
མོའི་སྙན་འཇེབས་ཀྱི་གླུ་སྐད་དེ་ད་ལྟ་ཡུལ་ཕྱོགས་གང་ཞིག་ན་གྲག་བཞིན་ཡོད་དམ།
མོའི་སྐྲ་ལོ་ནག་པོ་དེ་ད་ལྟ་མཚོ་འགྲམ་གང་ཞིག་ན་སྐྱོད་བཞིན་ཡོད་དམ།
མོའི་རྐང་རྗེས་ཆུང་ཆུང་དེ་ད་ལྟ་སྲང་ལམ་གང་ཞིག་ཏུ་འཇོག་བཞིན་ཡོད་དམ།
དེ་རིང་ཞོགས་པར་ངས་དྲ་ངོས་ཤིག་ལས་མོའི་གཞས་རྙིང་པ་ཞིག་ལ་ཉན་པ་ཡིན།
གཞས་དེ་ནི་དྲན་གླུ་ཞིག་དང་ལྷག་པར་དུ་ཕ་མ་དྲན་གླུ་ཞིག་རེད།
དེའི་གཞས་ཚིག་རེ་རེ་ནི་འབར་བཞིན་པའི་མེ་ལྕེ་རེ་རེ་དང་འདྲ་བར།
ངའི་དོན་ལྔ་སྣོད་དྲུག་ཐལ་བ་ནས་རྡུལ་ཕྲན་བར་དུ་བསྲེགས་སོང་།
“བྱམས་སེམས་ཅན་གྱི་སྐྱེད་མ། རྨི་ལམ་ནང་དུ་མཇལ་སོང་།”
ཚིག་རྐང་གཉིས་ལས་མེད་པའི་གཞས་ཚིག་འདི་ཙམ་གྱིས།
རྒྱང་རིང་ན་བཞུགས་པའི་ངའི་ཨ་མ་རྒན་མོ་དེའི་སྣང་བརྙན་རབ་རིབ་ཅིག
ངའི་མིག་མདུན་དུ་གློག་བརྙན་བཞིན་བཤམས་ཡོང་།
ངའི་ཨ་མ་ལོ་ལོན་ཞིག་ཡིན།
ངའི་ཨ་མ་ནད་པ་ཞིག་ཡིན།
ངའི་ཨ་མ་སེམས་ཆུང་ཞིག་ཡིན།
ངས་རང་གི་ཨ་མའི་སྐོར་ལ་བསམ་བློ་གཏོང་ཐེངས་རེ་རེ་བཞིན།
ངའི་མིག་ཆུ་ཡོད་ཚད་ཐར་སེ་འཐོར་འགྲོ
ངའི་མིག་ལམ་དུ་ཨ་མའི་རྒས་གཟུགས་འཆར་ཐེངས་རེ་རེ་དང་།
ངའི་རྣ་ལམ་དུ་ཨ་མའི་གསུང་སྐད་གྲག་ཐེངས་རེ་རེར།
ངས་རང་དབང་མེད་པར་ཁ་པར་ལག་ཏུ་བླངས་ནས་ཨ་མར་ཁ་བརྡ་རེ་བྱེད་ན་འདོད་ཅིང་།
ངས་རང་ཉིད་འདི་འདྲའི་ས་མཐའ་སྡེ་མཐའ་ཞིག་ལ་ཅིའི་ཕྱིར་ཡོང་བ་ཡིན་ཞེས་རང་ཉིད་ལ་སྡིགས་དམོད་ཀྱང་ལན་མང་བྱེད་མྱོང་།
བསྟན་འཛིན་ཀུན་གསལ་གྱི་གཞས་རྙིང་བ་དེ་ལ་ཉན་རྗེས།
ངས་ཡང་སྐྱར་རང་གི་ཨ་མ་ལོ་ལོན་དེ་དྲན་ནས་མིག་མཐར་མཆི་མ་འཁོར་ཞིང་།
ཨ་མས་ནུ་བོ་བརྒྱུད་དེ་བསྐུར་པའི་སྐད་ཆ་དེ་ཡང་སྐྱར་དྲན་ཡོང་།
ངག་འཕྲིན་དེ་ནི་ཧ་ཅང་ཐུང་ཞིང་སྟབས་བདེ་ཞིག་ཡིན་པ་སྟེ།
“འདི་ལོར་ཅིག་མ་ཐུག་དེ་ནས་ཐུག་ཐབས་དཀའ་ཀི་འདོད་ཀི”
བསྟན་འཛིན་ཀུན་གསལ་གྱིས་ཕ་མ་དྲན་གླུ་འདི་གཏོང་ཞོར་མིག་ཆུ་གཏོང་གིན་འདུག་ཀྱང་།
ཐོས་ཚོད་ལ་མོའི་ཨ་མ་དེ་མོ་རང་ཉིད་དང་མཉམ་དུ་བསྡད་ཡོད་སྐད་འདུག
ཡིན་ན་ཡང་གཞས་མ་ཞིག་དང་གཞས་ཚིག་ཅིག་གི་སྒྱུ་རྩལ་ངོམ་དགོས་ན།
བསྟན་འཛིན་ཀུན་གསལ་གྱི་མིག་ཆུ་ཡང་དེ་ལྟར་བཞུར་ལོས་དགོས།
ཡིན་ན་ཡང་ངའི་ཨ་མ་དྲན་པའི་མིག་ཆུའི་རིན་ཐང་དེ་སྒྱུ་རྩལ་གྱི་རིན་ཐང་ཞིག་གིས་ཇི་ལྟར་གཞལ་ཐུབ་ཨང་།
སེམས་གཏིང་གི་གཞས་མ་བསྟན་འཛིན་ཀུན་གསལ་ལགས།
ཁྱེད་ཀྱིས་འདི་ལྟར་ས་མཐའི་འཁྱམ་པོ་ང་འདྲ་བ་དག་གི་སེམས་ཁམས་ལ་དྲན་ཤིང་སློང་དོན་ཅིའི་ཕྱིར་ཡིན་ནམ།
ཁྱེད་རང་འདི་ལྟར་ཨ་མ་དང་རྒྱང་ཐག་རིང་བའི་སྐྱེ་བོ་ཇི་སྙེད་ཅིག་གི་མིག་མཐའ་རུ་མཆི་མའི་ཟོལ་གྱིས་འཛུམ་དོན་ག་རེ་ཡིན་ནམ།
ངས་རྒྱལ་མཚམས་ཀྱི་འགག་སྒོ་ཡོད་ཚད་གཏོར་ནས་ཨ་མར་མཇལ་དུ་འགྲོ་ན་འདོད།
ངས་འཇིག་རྟེན་གྱི་བརྩེ་བ་ཡོད་ཚད་ཁུར་ནས་ཨ་མར་མཇལ་དུ་འགྲོ་ན་འདོད།
ངས་སེམས་ཁོང་གི་མིག་ཆུ་ཡོད་ཚད་བརྒལ་ནས་ཨ་མར་མཇལ་དུ་འགྲོ་ན་འདོད།
ང་རང་ཨ་མའི་སྐྲ་ལོ་དཀར་པོ་དེར་བྱིལ་བྱིལ་ཐེངས་ཤིག་བྱེད་དུ་འགྲོ་དགོས།
ང་རང་ཨ་མའི་ལག་ཏུ་ཇ་ཚ་བོ་ཕོར་བ་གང་འཇོག་ཏུ་འགྲོ་དགོས།
ང་རང་ཨ་མར་ཉལ་ས་དྲོན་པོ་ལན་གཅིག་བཅའ་རུ་འགྲོ་དགོས།
ང་རང་ཨ་མ་མ་གྲོངས་སྔོན་ལ་ཐེངས་གཅིག་འཕྲད་དུ་འགྲོ་དགོས།
བསྟན་འཛིན་ཀུན་གསལ་གྱི་གཞས་དེ་ངའི་རྣ་ལམ་དུ་ད་དུང་གྲག་བཞིན་འདུག
མོའི་རྒྱབ་ལྗོངས་ཀྱི་མཚོ་རླབས་རེ་རེ་བཞིན་ངའི་ཨ་མའི་བྱམས་བརྩེའི་བསྡུས་གཟུགས་རེ་རེར་གྱུར་ཅིང་།
མོའི་གནག་སྣུམ་གྱི་སྐྲ་རྐང་རེ་རེ་བཞིན་ངའི་ཨ་མའི་བཀའ་དྲིན་གྱི་ཉག་མ་རེ་རེར་གྱུར་སོང་།
མོའི་སྙན་འཇེབས་ཀྱི་གཞས་གདངས་རེ་རེ་བཞིན་ངའི་ཨ་མའི་བརྩེ་གདུང་གི་གསུང་སྐད་རེ་རེར་འཁྱུད་སོང་།
མོའི་མཛེས་སྡུག་གི་འཛུམ་མདངས་རེ་རེ་བཞིན་ངའི་ཨ་མའི་ལྷད་མེད་ཀྱི་སྤྱན་ཆབ་ཐིགས་པ་རེ་རེར་འདྲེས་སོང་།
དྲན་གདུང་གི་མིག་ཆུའི་ཐིགས་པ་རེ་རེ་ལས་གྲུབ་པའི་གཙང་འགྲམ་ཞིག་ནས།
ངས་འདི་ལྟར་བསྟན་འཛིན་ཀུན་གསལ་གྱི་གླུ་གཞས་ཤིག་ལ་ཉན་ཞོར།
རང་གི་དྲིན་ཆེན་ཨ་མ་དྲན་པའི་སྙན་ངག་རིང་མོ་ཞིག་བྲིས་ཚར་རྗེས།
སེམས་གཏིང་ནས་རང་ཉིད་ཀྱི་ཨ་མར་མཇལ་དུ་འགྲོ་ན་འདོད།
ཀྱེ། ས་མཐའི་གྲོགས་པོ་དག
ཁྱེད་ཅག་གིས་ཀྱང་ཁོ་བོ་བཞིན་བསྟན་འཛིན་ཀུན་གསལ་གྱི་དྲན་གླུ་དེར་ཉན་མྱོང་ཞིང་།
གཞས་དེ་ལ་ཉན་ཚར་བའི་རྗེས་སུ་འདི་ལྟ་བུའི་སྙན་ངག་རེ་བྲིས་མྱོང་ངམ།
འདི་ལྟ་བུའི་སྐྱོ་སྣང་རེ་སྐྱེས་མྱོང་ངམ།