དྲིལ་ལྕེ།
ཨ་ཁུས་ང་རང་འཛིན་གྲྭའི་སྐེས་རིམ་ཅི་འདྲ་ཞིག་ཏུ་ཐོན་ཡོད་མེད་ལ། དོ་སྣང་དང་། བཀའ་འདྲི་གནང་བ། སྐད་ཆ་བཤད་པ་སོགས་རྩ་བ་ནས་མི་གནང་ལ། དེ་ལ་ཐུགས་ཁུར་བྱེད་པའི་རྣམ་པ་ཞིག་ངས་གཏན་ནས་མཐོང་མྱོངས་མེད། ངས་ཤེས་བ་ཞིག་ལ། ཁོས་ཐུགས་ཁུར་གནང་ས་ནི། ངས་ཞལ་འདོན་དཔེ་ཆ་ཅི་འདྲ་ཞིག་བློ་ངོར་ཟིན་ཡོད་མེད་དེ་རེད། ང་ལ་མཚོན་ན། དཔེ་ཆ་ཀློག་འདོན་ལ་དཀའ་ངལ་ཅི་ཡང་མེད་ལ། བློ་ངོེར་འཛིན་རྒྱུ་ཡང་དེ་འདྲའི་དཀའ་ཁག་ཅན་ཞིག་མ་རེད། ངས་ཨ་ཁུ་ལ་ཉིན་རེ་དང་ཡང་ན། ཉིན་གཉིས་གསུམ་ནང་། དཔེ་ཆ་བློ་རྒྱུགས་ཕུལ་བཞིན་ཡོད། ངས་དཔེ་ཆ་བློ་འཛིན་དེ་ཨ་ཁུ་འདོད་པ་ཡོངས་སུ་ཚིམ་ཡོད་པ་འདྲ། སྐབས་ཤིག་ལ། ཨ་ཁུས་ང་ལ། ད་ནི་ཁྱེད་ཀྱིས་རང་འགུལ་གྱི་དཔེ་ཆ་བློ་ངོར་བཟུང་་སྟེ། བདུན་རེ་དང་། ཡང་ན། ཉིན་བཅུ་རེ་ནང་བློ་རྒྱུགས་སྤྲད་ན་ཆོག་ཟེར། བཀའ་གསུངས་དེས། རང་ཉིད་ལ་ཅུང་གུ་ཡངས་དང་ངལ་གསོ་ལྟ་བུ་ཞིག་ཐོབ།
ནམ་རྒྱུན་རབ་འབྱོར་དང་ངེད་གཉིས་ཆུ་ལེན་དུ་འགྲོ་དུས། གྲྭ་ཤག་ཅིག་གི་སྒོ་ཁར། གྲྭ་བཙུན་བཅུ་བསྐོར་ཞིག་གིས། ལག་ཏུ་རང་ཉིད་ཀྱིས་བློ་ངོར་འཛིན་པའི་ཞལ་འདོན་གྱི་དཔེ་ཆ་སྣ་རིང་དེ་མིན་པར། དཔེ་ཆ་གྲུ་བཞི་ལྟ་བུ་དཀར་སེང་ངེ་ཞིག་བཟུང་འདུག ང་རང་མཚར་སྣང་གིས། ཉིན་ཞིག་རབ་འབྱོར་ལ་སྐད་ཆ་དྲིས་པ་ཡིན། རབ་འབྱོར་གྱིས་བཤད་ན། ཁོང་ཚོས་རིག་གནས་སློབ་པ་རེད་ཟེར། རིག་གནས་སྦྱང་ན། ཞལ་འདོན་དང་དགོན་པའི་ཆོ་ག་ཕྱག་ལེན་ལ་གནོད་པ་མ་ཟད། བསམ་རྒྱུ་དྲན་རྒྱུ་རྒོད་པོ་ཆགས་ཏེ་སྡོམ་པ་༼སྡོམ་ཁྲིམས་༽བཙན་པོ་དེ་ཡང་རྟ་ཐོག་ཏུ་ཞོན་པ་ལྟར་ནམ་གཡུག་ལ་ཆ་མ་འཚལ་བ་ཞིག་ཡིན་ནི་རེད་ཟེར། སྐད་ཆ་འདི་བདེན་པ་ཞིག་ཏུ་བསམས་ཡོད། ངའི་ཨ་ཁུས་དཔེ་ཆ་བློ་འཛིན་དང་དགོན་པའི་ཆོ་ག་ཕྱག་ལེན་ཞེས་རྟག་ཏུ་གསུངས་བ་ལས། རིག་གནས་སློབ་ཟེར་བ་ཞིག་ངས་གཏན་ནས་ཐོས་མྱོངས་མེད། དེ་བས། ངེད་གཉིས་གྲྭ་སྐོར་འདི་ལ་གདོང་ཐུག་ཐེངས་མང་བྱུང་ཡང་། དེ་ལ་དོ་སྣང་ཙམ་ཡང་བྱས་མེད། མ་ཟད། སྐབས་དེར་ལ། ངས་རིག་གནས་སློབ་ཟེར་བ་ནི་ཅི་ཞིག་ཡིན་མིན་ཡང་མི་ཤེས།
དུས་ཚིགས་ཅི་འདྲ་ཞིག་བརྗེ་བ་ང་ལ་གསལ་ཆ་མེད་ལ། དགོན་པ་འདིར་དུས་ཡུན་ཅི་ཙམ་ཞིག་ཕྱིན་པ་ཡང་ང་ལ་གསལ་ཁ་མི་འདུག མཚམས་རེ་དུས་ཚོད་ནི་བྱ་ལྟར་འཕུར་འགྲོ་བ་ལྟ་བུ་ཞིག་དང་། མཚམས་རེ་ཉིན་གཅིག་གི་དུས་ཡུན་ཡང་ཟླ་ངོ་ལྟར་རིང་བ་བྱུང་། དྲན་གསོ་བ་ཞིག་ལ། དགོན་པ་བཀྲ་ཤིས་ཆོས་རྫོང་འདིའི་རྒྱབ་རིའི་ཞལ་མདངས་བརྗེས་ནས། རྡུལ་འཚུབ་འཚུབ་བྱེད་པ་དེ་ཡང་ཡལ་ནས་དུས་ཡུན་རིང་བོ་ཞིག་སོང་འདུག ལྷག་པར་ཏུ་ངའི་རྒྱ་ལྷམ་ཐོག་ཏུ་ས་རྡུལ་ཡོད་མེད་ལ་ཡང་དོ་སྣང་རྩ་བ་ནས་མ་བྱུང་། གཅིག་བྱས་ན་ང་རང་དགོན་པ་འདི་ལ་གོམས་འདྲིས་སུ་ཕྱིན་པ་འདྲ།
གྲྭ་ཤག་གི་ལྷས་རར་ཡོད་པའི་ཆང་བ་ལུའི་ཤིང་སྡོང་ནི་སྔར་ལས་ལྗང་སྟུག་སྟུག་ཏུ་གྱུར་འདུག ཤིང་སྡོང་གི་ཡལ་ག་རབ་ཏུ་རྒྱས་ཏེ་ཕྱོགས་གང་སར་བརྐྱངས་ཡོད་པ་དང་། ཡལ་ག་རྒྱས་སྟོབས་ཆེ་སྟབས། ངེད་ཀྱི་གྲྭ་ཤག་གི་ཁང་བ་འདི་ཆུང་དུ་ཕྱིན་པའི་སྣང་བ་སྟེར། ལྷག་པར་དུ། ཤིང་སྡོང་ཐོག་ཏུ་སིལ་ཏོག་ཆང་བ་ལུ་གྲངས་ལས་འདས་པ་ཞིག་ཡོད་སྟབས། ཕྱོགས་གང་སར་བརྐྱངས་པའི་ཡལ་ག་རྣམས་མར་དཔྱངས་ཏེ་ཉིན་ཁ་ཤས་ནང་ཆག་མི་ཡོང་སྙམས་པའི་སེམས་ཁྲལ་ཡང་ཡོང་། གྲྭ་ཤག་ནང་ཡར་འགྲོ་མར་འགྲོ་བྱེད་སྐབས། སྒྱིད་པ་གུག་གུག་དང་། མགོ་བོ་ལག་པས་འགེབས་ཞོར་འགྲོ་དགོས། གདུང་མའི་ཐོག་མར་དཔྱངས་པའི་དྲིལ་བུ་ཆེན་པོ་དེ་ཡང་། དེ་འདྲའི་ཆེན་པོ་ཞིག་ཏུ་མི་མཐོང་།
ཁྱམས་རའི་ཟུར་ཞིག་ཏུ་འབོལ་གདན་ཐོག་ཨ་ཁུ་བཞུགས་འདུག ཕྱག་གཡོན་པས་ཕྲེང་བ་བགྲང་བཞིན་པ་དང་། ཕྱག་གཡས་པས་དཀར་ཡོལ་༼ཕོར་བ༽ཞིག་ནང་ཇ་འཐུང་བཞིན་འདུག ཨ་ཁུས་གསུངས་བར། ཚུལ་ཁྲིམས། སྔོན་མ་ཁྱེད་འདིར་མ་ཡོང་བའི་སྔོན་ལ། བྱིས་པ་ཡ་རབས་ཤིག་ཡིན་ཚོད་མི་འདུག ལྷག་པར་དུ། གྲོང་ཁྱིམ་དུ་སྡོད་ཚུགས་པ་ཞིག་མེད་རབ་གོ་ཚོད་འདུག གང་ལྟར། ངས་ཁྱེད་འདིར་བླངས་བ་རེད། འདིར་ཡོང་ནས། ཁྱེད་ཀྱི་བྱ་སྤྱོད་ཁྱད་མཚར་བོ་དང་། སྣང་བ་མ་འགྲོ་བ་མང་བོ་མ་བྱུང་། རྩ་བའི་ཁྱེད་རང་སྣང་གང་དྲན་ཞིག་དང་། བརྩི་བཀུར་ལ་གོམས་ལོབས་མེད་པ། འགྲོ་སྟངས་འདུག་སྟངས་ཆེར་མི་ཤེས་པར། འཆལ་བོ་ལྟར་སྣང་། ངས་ཁྱེད་ལ་ཡི་གེ་བསླབ་ནས། ཁྱེད་དཔེ་ཆ་ཀློག་འདོན་བྱེད་རྒྱུ་དགའ་བོ་དང་། དཔེ་ཆ་བློ་འཛིན་དུས་ཐོག་བྱས་པ་དེས། ང་རང་དགའ་བོ་བྱུང་། ཉིན་ཁ་ཤས་སྔོན་། ང་རང་ཁྱེད་ཀྱི་ཨ་ཞང་གི་ཉེ་འབྲེལ་ཡིན་ཟེར་བ་ཞིག་དང་ཁ་བརྡ་བྱུང་། ཁྱེད་ཀྱི་ཨ་མ་ཁྱོད་ལ་ཐུག་འདོད་ཡོད་པ་འདྲ། ཁྱེད་ཡུལ་དུ་བལྟ་སྐོར་དུ་སོང་ཆོག་ཟེར། འདི་ནི་གཏམ་བཟང་ཞིག་རེད།
རང་ཉིད་ཕ་ཡུལ་དུ་འགྲོ་འདོད་སྔ་མོ་ནས་ཡོད་ཀྱང་། ནམ་དུས་སོང་ཆོག་པ་དང་། ག་དུས་ཕ་ཡུལ་དུ་གཏོང་མིན་གཏན་ནས་མི་ཤེས། བསམ་བློ་ཞིག་ལ། རང་ཉིད་དགོན་པ་འདི་དང་། གྲྭ་ཤག་འདི་ལ་སྤྲད་ཡོད་སྙམ་པའི་སྣང་བ་ཡང་བྱུང་། ཕ་ཡུལ་དང་ཨ་མ། རྩེ་རོགས་རྣམས་ནི། ད་ལྟ་རྨི་ལམ་ལྟ་བུ་ཞིག་ཏུ་གྱུར། ཨ་ཁུས་ཕ་ཡུལ་དང་ཨ་མ་ལ་བལྟ་སྐོར་དུ་སོང་ཆོག་ཞེས་པའི་ཚིག་འདི་གོ་མ་ཐག ངའི་སེམས་ལ་གློ་བུར་དུ་འཁོར་བ་ནི། ང་རང་དགོན་པ་འདི་དང་། གྲྭ་ཤག་འདི་ལ་མ་ཡོང་བའི་སྔོན་གྱི་ངའི་ཆ་ལུགས་དེ་རེད།
དེ་དང་ལྷན་དུ། ཨ་ཁུའི་མདུན་དུ་རང་ཉིད་ཀྱི་ལུས་ཐོག་གི་གཟན་ཤམ་དམར་སྨུག་འདི་མར་ཕུད་དེ་སྐྱ་བོའི་གོན་པ་ཞིག་གིས་གཡོགས་སོང་ལྟ་བུའི་ཚོར་སྣང་བྱུང་། ང་རང་དགའ་བ་དང་མཉམ་དུ་དངངས་སྐྲག་ཡང་བྱུང་སྟེ། དོགས་མ་བདེ་བ་ལྟ་བུ་ཚོར། ཨ་ཁུས་ངའི་ངོ་གདོང་དང་གཟུགས་པའི་རྣམ་འགྱུར་ལས། རྒྱུན་ལྡན་མིན་པ་ཞིག་ཡིན་པ་རྟོགས་སོང་བ་འདྲ། ཁོས་ཇ་ཕོར་མདུན་དུ་བཞག་ཏེ་གསུང་དོན། ཁྱེད་རང་འགྲོ་འདོད་ཡོད་ཚེ་སོང་ཆོག་པ་ལས། ཡིན་གཅིག་མིན་གཉིས་༼ངེས་པར་དུ༽འགྲོ་དགོས་པ་མ་རེད་ཟེར།