རྩོམ་པ་པོ། ཚེ་རིང་རྡོ་རྗེ།
ཀྱེ། རིགས་ཀྱི་བུའམ་བུ་མོ། ཁྱོད་དེ་ལྟར་སྦྲིད་ཅིང་བག་ལ་ཉལ་བ་ནི་མ་ལེགས་ཏེ། འགྲོ་བ་མིའི་གོ་འཕང་འཐོབ་པར་འདོད་ན། རང་དབང་ཀུན་རྫོབ་པ་ལ་མངོན་པར་མ་ཞེན་ཅིག གཞན་དབང་ལ་ངེས་འབྱུང་གི་བློ་མ་སྐྱེ་ན་ཐར་བའི་ལམ་སྣ་ཟིན་ཏུ་མེད་ཅིང་། རང་དབང་གི་ཕ་རོལ་དུ་ཕྱིན་པར་མི་འགྱུར་རོ།། རང་དབང་གི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། དེ་ནི་མིའི་གོ་འཕང་ཐོབ་པའོ།། དེ་ནི་བདེ་བའོ།།
རིགས་ཀྱི་བུའམ་བུ་མོ། མིའི་གོ་འཕང་ནི་རྒྱུ་དང་རྐྱེན་གྱིས་བྱས་པ་མ་ཡིན། འཇིག་རྟེན་བཀོད་པ་པོས་ཀྱང་མ་ཡིན། དེ་ནི་རང་ཉིད་སྐྱེས་པའི་ཉིན་ནས་བཟུང་སྟེ་ལྷན་སྐྱེས་སུ་མཆིས། འོན་ཀྱང་། བདུད་སྡིག་ཅན་གྱིས་སྒྲིབ་བྱེད་ཀྱི་ལྕགས་རི་བསྐོར་ཏེ་རྣམ་དཔྱོད་ཀྱི་བློ་རྨོངས་པར་བྱས་པས། ཁྱོད་ཀྱིས་རང་ཉིད་རང་གིས་ངོ་མ་ཤེས་ལ། མཚན་བཟང་སུམ་ཅུ་ཚང་བའི་མིའི་སྲུང་མ་འཇིག་རྟེན་དུ་འཁྲུངས་ནས་དུས་རབས་ཕྱེད་ལྷག་ཟིན་ཅིང་། ལྕགས་རིའི་ཕྱི་རོལ་ན་མིར་སྐྱེས་པ་དག་གིས་མིའི་འཚོ་བ་རོལ་བཞིན་པ་དེ་ཁྱོད་ཀྱིས་ནི་རྣ་བའི་སྤྱོད་ཡུལ་དུའང་མ་གྱུར།
རིགས་ཀྱི་བུའམ་བུ་མོ། རང་དབང་གི་ཕ་རོལ་དུ་ཕྱིན་པ་ཡོད་དེ། གང་གི་ཚེ་ཁྱོད་ཀྱིས་དྲང་བདེན་ལ་རྒྱབ་བརྟེན། འཕྲལ་གྱི་སྡུག་བསྔལ་དང་དུ་བླངས་ན། འགྲོ་བ་མིའི་གོ་འཕང་བརྙེས་པར་འགྱུར། བདག་གཞན་གྱི་རང་དབང་ངོ་བོ་གཅིག་ཏུ་འདྲེས་པ་རྟོགས་པར་འགྱུར། གཞན་ཐམས་ཅད་རང་གི་སྤུན་མཆེད་དུ་འདུ་ཤེས་པར་འགྱུར་རོ།།
དེ་ཡང་རང་དབང་གི་ཕ་རོལ་དུ་འགྲོ་བ་ལ་སྙིང་སྟོབས་ཀྱི་གོ་ཆ་མ་བགོས་པར་སྒྲོལ་ག་ལ་ནུས། ལྕགས་རིའི་ཕྱི་རོལ་གྱི་མིའི་གོ་འཕང་ཡང་སྙིང་སྟོབས་ཀྱི་གོ་ཆར་བརྟེན་ནས་ཐོབ། གང་ཞིག་རང་དབང་གི་ཕ་རོལ་དུ་འགྲོ་བ་ནི་བདག་ཁོ་ནའི་ཐར་བ་དོན་དུ་གཉེར་བ་མ་ཡིན་གྱི། གཞན་དབང་སྡུག་བསྔལ་གྱི་གནས་སུ་འཁྱར་བའི་སྤུན་གྲོགས་ཐམས་ཅད་ལ་མིའི་གོ་འཕང་ཐོབ་ཕྱིར་དུ་ཡིན་པས་ན། དེའི་དོན་དུ་སྙིང་རུས་བསྐྱེད་པ་ནི་བླ་ན་མེད་པའོ།།
རིགས་ཀྱི་བུའམ་བུ་མོ། ཇི་སྲིད་མིའི་གོ་འཕང་མ་ཐོབ་པ་དེ་སྲིད་དུ། མི་ལུས་བླངས་ཀྱང་དེའི་མཚན་ཉིད་ཀྱིས་སྟོང་ཞིང་། དེའི་རིགས་སུ་མ་མཆིས་པ་དང་། རིགས་མཐུན་ཚོགས་ཀྱི་ལེགས་ཉེས་དང་མདུན་ལམ་གླེང་བའང་གཞི་མེད་དུ་འགྱུར་བས་ན། རང་དབང་གི་ཕ་རོལ་དུ་སོང་ཞིག
༼སྤྱི་ལོ༢༠༠༨ཟླ༡ཚེས༡༦ཉིན་ཐོག་མར་བྲིས་པ་དང་། ༢༠༡༣ལོའི་ཟླ༨པར་བསྐྱར་བཅོས་བྱས་ཏེ་ལེགས་པར་གྲུབ༽