…རང་ཉིད་ཀྱི་སྐྱེས་སྐར་ལ་བཏེགས་པའི་དབྱངས་འགྲོས་རབ་རིབ་མོག་མོག
སྐྲན།
རབ་རིབ་མག་མོག་གི་མི་ཡུལ་ནས།
ཉི་མ་མི་ཤར་སའི་ལུང་ཁུགས་ནས།
མི་ཟས་ཟོས་ཤིང་མི་སྐད་བཤད་པའི་ཁུལ་གྱིས།
སུག་བཞི་ས་ལ་མ་བཙུག་པའི་དོད་ཀྱིས།
ཁྱོད་རང་ཤེད་ཀྱིས་འཚོ་དོན་ཡང་།
མིད་པ་ན་འགག་པའི་མཆི་མ་རྡོག་པོ་དེ་དག་གི་ཆེད་དུའོ།།
བྲང་གཞུང་ལ་བབས་པའི་རྡེའུ་དཀར་བོ་དེ་དག་ཆེད་དུའོ།།
དཔྲལ་བའི་དབྱེས་སུ་ལྷུང་བའི་གཉེར་མ་ཟབ་མོ་དེ་དག་གི་ཆེད་དུའོ།།
མི་ལོ་གཅིག མི་ལོ་བཅུ། མི་ལོ་ཉི་ཤུ མི་ལོ་སུམ་ཅུ།
“མི་ཚེ་ནི་དཀའ་སྡུག་གི་འགྲུལ་བཞུད་ཐེངས་ཤིག་སྟེ།”
རང་གི་ལག་མཐིལ་ནས་སྨིན་པའི་འབྲས་བུ་རེ་རེར་ཚང་རྩིས་རྒྱག་བཞིན།
མགོ་བོ་རང་གི་བྲང་གཞུང་ལ་བཞག་ཅིང་།
ཡིད་ཆད་དང་ངོ་གནོང་གིས་མི་ལོ་སུམ་ཅུ་བོ་རྡོག་པས་བརྫིས་།
ཕྲན་ལ་སྙིང་ཉེ་བ་དག ང་ཡང་ནག་ཉེས་རིགས་ཤིག་གོ།
ང་ཡང་སྡུག་བསྔལ་ཀྱི་སྐྱེད་མ་རིགས་ཤིག་གོ།
རང་གཞན་གྱི་ཤོག་ལྷེ་དཀར་བོ་ཡོད་ཚད་ལའང་།
ནག་ནོག་དང་ངན་དམོད་བྲིས་པའི་བོད་ཀྱི་གསལ་བྱེད་སུམ་ཅུའམ་མི་ལོ་སུམ་ཅུའོ།།
གང་ལྟར། རང་ཉིད་ཆུ་ལ་མ་བྱིངས་པའི་སྔ་གཞུག་དག་ཏུ།
སྨིག་སྤྲིན་དང་རླབས་རིས་གཡོ་བའི་ཚུལ་གྱིས།
ཡོད་ཚད་ལྷིང་འཇགས་སུ་ཡོངས་ཐབས་ཀྱང་ཁྱོན་ནས་མེད་པའོ།།
རྒྱུ་མཚན་དེ་དང་ཡིག་འབྲུ་འདི་དག་གིས་ཀྱང་ངོ་། །
ཡིན་ནའང་། སྣང་བ་དུང་མདོག་ལ་འཐམས་པ་དང་།
གཟུགས་རིས་འཇའ་ཚོན་གྱིས་བཏུམ་པ་ཙམ་གྱིས་ཅི་ལ་ཆོག་སྟེ།
རང་ཉིད་ཀྱི་རོ་གྲིབ་ནག་པོའང་སུ་ཡི་སྐེ་ལ་བསྐོན་ནམ་སུ་ཡི་མིག་ལ་བརྫང་ངམ།
བློ་གཤོག་གི་འདབ་མས་རེག་ས་དག་མཉེན་ན་མི་མཉེན་ནའང་།
རང་བཞིན་གྱི་དབྱངས་འགྲོས་དང་བྲང་ཁོག་གི་གློ་མཆིན་སྙིང་གསུམ་པོ།
ཨ་ཕོ་རང་གིས་སྒྲུག་ཅིང་ཆུ་ལ་བསྐུར་བར་བྱ་འོས།
མི་ལོ་སུམ་ཅུའི་ཀྱག་ཀྱོག་དང་རབ་རིབ་ལ་བསམ་བཞིན།
༢༠༡༣།༠༨།༠༨ཉིན།
རབ་རིབ་དང་མག་མོག་མང་བོ་ཞིག་བརྒྱུད་མཐར་གསལ་ལྷང་ལྷང་གི་འཇིག་རྟེན་ཞིག་ཅིས་ཀྱང་ཡོད་ན་ཁྱོད་ཀྱི་ཡོད་ཚད་ལའང་འོད་སྣང་གིས་ཁེངས་པར་ངེས། འོད་སྣང་ཐམས་ཅད་བདེ་སྐྱིད་ཡིན་པའི་ངེས་པའང་མེད་པས། རབ་རིབ་དང་མག་མོག་འདི་དག་བདེ་སྐྱིད་ཅིག་གི་གཞི་རྐང་ཡིན་སྲིད་ལ་མ་འོངས་པའི་བདེ་སྐྱིད་ངོ་སྤྲོད་ཀྱི་བརྒྱུད་ལམ་ཞིག་ཀྱང་ཡིན་སྲིད། ས་མཐའི་སྐྱེས་སྐར་ལ་བྲོ་བ་མེད་མོད་ས་མཐའི་བརྩེ་དུང་དང་གྲོགས་འདང་ནི་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ཅིག་ཡིན་པས་ཁྱོད་ལ་ཚབ་བྱེད་མི་ཐུབ་པ་མང་བོ་ཞིག་ཡོད་ངེས་ཤིང་ཡོད།
སེམས་གྲོགས་ཨ་གངས་ལགས་ཀྱིས་གསུངས་པ་བཞིན་ནོ།། ཡོད་ཚད་སེམས་ན་ཡོད།