རེབ་ཐོག་མདའ།
ཉི་མའི་ཕྱིར་མིག་རི་བོའི་རྩེ་ན་ལུས།།
སྐྱོ་གདུང་ལྕི་མོ་མཚམས་སྤྲིན་སྣེ་ལ་བཏགས།།
ཁྲུང་ཁྲུང་ལྷོ་ལམ་སྙེགས་པའི་གཤོག་སྣེ་ནས།།
དྲན་གདུང་ཟབ་མོ་མཛའ་མོ་ཕྱོགས་ལ་ཤོར།།
མག་མོག་ནམ་ཟླ་རུམ་པའི་མཚན་མོ་ལ།།
ཟླ་བའི་སྐྱོ་གླུ་རླུང་བུའི་ཤུགས་ཀྱིས་གྱེར།།
སྨག་རུམ་སྟུག་པོ་གྱོན་པའི་ས་སྲོད་དེར།།
རྒྱུ་སྐར་ཁོ་ན་གྲང་འདར་ཡང་ཡང་རྒྱག།
སྨུག་སྤྲིན་རི་ལ་འཐིབ་པས་མིག་ཟུང་བོར།།
སམ་སིམ་ཆར་ཆུས་ལུས་པོ་བརླན་གྱིས་ཟོས།།
ཡོད་ཚད་ནང་ལ་གནས་པའི་ངང་ཚུལ་འདིས།།
རང་ཉིད་ཁེར་རྐྱང་ཡིན་པ་གཞི་ནས་ཚོར།།
དུས་ཀྱི་འཁོར་ལོ་ངལ་མེད་ཀློང་ན་བསྐྱོད།།
བསམ་གཞིགས་ལྕི་མོ་སྒེའུ་ཁུང་ཕྱི་ལ་ཤོར།།
ནགས་ཀླུང་སྟུག་པོའི་གསེབ་ཀྱི་གནས་ཚང་འདི།།
ཁེར་རྐྱང་སེམས་པ་འདི་ཡི་སྐྱོ་ངལ་ཡིན།།
མཚན་མོའི་པང་ལ་ལྷུང་བའི་གཞས་གདངས་དེ།།
མག་མོག་གློག་གི་འོད་སྣང་ཀློང་ལ་འཐིམ།།
སྦུ་རག་ཧུབ་ཀྱིས་བཏུང་བའི་ན་ནིང་གི།།
ལྷན་འཛོམས་ལོ་ཟླ་རེ་ཞིག་ཡིད་ལ་ཐོགས།།
ཕ་གའི་གྲུ་ཡི་སྐད་ཅོར་ཆ་མེད་དེའི།།
མཚན་མོའི་ཁུ་སུམ་རྨི་ལམ་རྨང་ནས་དཀྲོག།།
ཤེལ་དམ་རྡོ་ལ་བརྡབས་པའི་ཆོམ་སྒྲ་དེ།།
ཁྱི་ཡི་ཟུག་སྐད་ལྷན་དུ་རྒྱང་ལ་མཆེད།།
ཆ་ཡོད་གྲོགས་ཀྱི་གྲངས་ཀ་ཇེ་ཉུང་རེད།།
གནས་ཚང་རྒན་པོའི་ངོ་མདོག་ཇེ་ནག་རེད།།
མི་ཡུལ་འགྲིམ་པའི་ལོ་ཟླའི་སྣེ་མོ་ན།།
སེམས་གཏམ་དྲང་མོ་འཆད་སའི་མྱི་དེ་དཀོན།།
ཆར་ཆུས་བརླན་པའི་ཁོར་ཡུག་འདམ་གྱིས་ཟོས།།
སྲང་ལམ་དོག་མོའི་གད་སྙིགས་ཆུ་ཡིས་འཁྱེར།།
རི་གྲོང་ཆུང་ཆུང་ཁུག་གི་མཚན་མོ་འདི།།
ང་དང་གྲིབ་གཟུགས་ནག་པོ་ཁེར་རྐྱང་རེད།།
ཕྱི་ལོ་༢༠༡༣ ཟླ་༧ ཚེས་༡༤ ས་སྲོད་ལ་རང་ཤག་སྒོ་འགྲམ་ནས་བྲིས།
ན་ཟུག་འོག་གི་སེམས་པ་དེ་རྣོ་སྦྲེང་ཀྱི་དབྱངས་རྟར་བཏེགས་ནས་རླུང་ལ་སྤུར་འདུག བདག་གིས་ཀྱང་གཟུགས་མེད་ཀྱི་འཇིག་རྟེན་ཞིག་ཉུལ་དགོས་པ་འདྲ་འདུག
བདེ་སྡུག་གི་འཚོར་སྣང་། སྙེན་ངག་གི་ལམ་ནས། འདྲེན་པ་དེ་ལེགས་ཤིང་། ཕ་བཟང་གི་བུ་ཡ།
རེབ་འདི་མི་སེམས་སྣང་བ་སྐྱིད་པོ་ཞིག་ཡིན་པ་འདྲ།
ཡིན་ནའང་ཁ྄ེར་རྐྱང་གི་སྐྱོ་བས་གདུང་བ་ཞིག་རེད་འདུག
རང་ལུས་རྒྱལ་བའི་དཀྱིལ་འཁོར་ནང།
རང་སེམས་སངས་རྒྱས་རྒྱལ་པོ་བཞུགས།
རང་འདྲའི་འཁོར་གྱིས་བསྐོར་བས་ན།
རང་སེམས་སྐྱོ་ཞིང་གདུང་དགོས་ཅི།
གང་ལ་ཆགས་པའི་གྲོགས་དེ་ལ།
གང་ནས་བྱས་ཀྱང་ཐུག་ཐབས་གྱིས།
གང་ཞིག་བློས་མཐོང་ཆེན་པོ་ཡིས།
གང་བསམ་མི་སྦས་ཚིག་གསུམ་སྨྲོས།
ཚིག་གསུམ་གཏམ་ཞིག་སྨྲས་པའི་རྗེས།
ཚིག་ལ་ཚིག་གིས་ལན་ཞིག་འབྱུང།
ཚིག་གི་འགྲོས་ལ་ལེགས་བརྟགས་ནས།
ཚིག་གི་དོན་ཆེན་དོན་མིན་རྟོགས།
ལྐོག་ནས་འབུ་བཞིན་ལངས་བ་ཡིས།
མངོན་དུ་ནམ་ཡང་འགྱུར་བ་མིན།
གང་ལ་ཆགས་པའི་གྲོགས་དེ་ལ།
མངོན་དང་མངོན་འགྱུར་ཡིན་ལུགས་ཤོད།