རེབ་ཐོག་མདའ།
ཕྱི་རོལ་ན་ཤག་ཤག་ཏུ་ལྡིང་གིན་པའི་རླུང་བུ
ཁྱོད་ཀྱིས་བདག་ལ་བསྐུར་བའི་དྲན་གདུང་གི་གཡབ་མོ་ཡིན་པའི
དོ་ནུབ་སླར་ཡང་ བདག་གིས་བསམ་གཞིགས་ཀྱི་སྣེ་མོ་ཁྱོད་ལ་བཏེགས་ནས་ཡོད
སྒེའུ་ཁུང་ཕྱི་རོལ་གྱི་ཁྱོད
སྒེའུ་ཁུང་ནང་རོལ་གྱི་སེམས་པ་འདི་རྨི་ལམ་ཡིན་ན
ཁྱོད་ཀྱི་རུམ་ཁའི་དྲོད་ཁོལ་ལྟ་བུའི
དོ་དགོང་ཅིའི་ཕྱིར
བདག་གི་འཇིག་རྟེན་འཁྱག་ཅིང་ ཁུ་སིམ་ཡིན
སྒེའུ་ཁུང་ཕྱི་རོལ་ན་མཛའ་མོ་ཞིག་གི་རེ་སྒུག་མིག་ཟུང་ཡོད
སྒེའུ་ཁུང་ཕྱི་རོལ་ན་མི་རྐྱང་ཞིག་གི་འཚོ་བའི་ཁ་དོག་ཡོད
དོ་ནུབ ཁྱོད་རང་དྲན་པའི་དོ་ནུབ
སྒེའུ་ཁུང་ཕྱི་རོལ་ན་ཕྱོགས་ངེས་མེད་དུ་ལྡིང་བའི་རླུང་བུ་དེ
ངས་ཁྱོད་ཀྱི་འབོད་སྒྲ་རུ་རློམ་ནས
ཚོད་ཚོད་ལ
བདག་གིས་རྣ་བ་ཕྱི་ལ་གཏད་ཀྱིན་ཡོད
ཟླ་བ
སྒེའུ་ཁུང་ཕྱིར་རོལ་གྱི་འཇིག་རྟེན་དེའི་མིག་ཟུང་ཡིན་ཡང
ཁྱོད་རང་མེད་པའི་མཚན་མོ་རེ་རེ
བདག་གི་སེམས་པ་མིག་ཟུང་བོར་བའི
སྨག་རུམ་གྱི་འཇིག་རྟེན་གཞན་ཞིག་དང་འདྲ
དོ་ནུབ ཁྱོད་དང་རྒྱང་ཐག་ཆོད་པའི་གནས་འདི་ན
ཁེར་རྐྱང་གི་སེམས་པ་འདིའི་ཟབ་སར
ཁྱོད་ཁོ་ན་འབྲི་བཞིན
ཁྱོད་ཁོ་ན་དྲན་གྱིན་ཡོད