དགེ་འདུན་རྒྱ་མཚོ།
ཨ་མྱེས་གདུགས་དཀར་གྱིས་བཤད་པ་ངོ་མ་བདེན་པ་རེད། ཉི་འོད་རི་རྩེར་བཞག་པ་དང་ལྷན་ཏུ་བྱ་རྒོད་རྣམས་ཁངས་སྐྱ་ལྟར་འབབ་ཀྱིན་འདུག ཐང་དཀར་དང་ཐང་ནག གླག་དང་འོལ་སེར། ད་དུང་ཁྭ་ཏ་དང་སྐྱ་ཀ་འགའ་ཤས་ཀྱང་འཕུར་ནས་ཐོན་བྱུང་། རྒད་པོ་ཁོས་ང་ལ་བལྟས་ཏེ་དེ་རིང་བྱ་ཕྲུག་གཉིས་ཡོང་ཡོད་པ་ནི་གསར་བ་རེད། ལྕགས་རྙི་ཡིས་བཟུང་ནས་རྐང་བ་བཅད་པའི་ཐང་དཀར་རྐང་ཏོ་ཁོ་དེ་རིང་མ་ཡོང་ཟིག བྱ་རྒན་མཆུ་ཏོ་ཡ་ཁ་མེད་མཁན་ཞིག་ཡོད། དེ་ཡང་ཡོང་མེད་ཐལ། ཁོ་ལོ་ལོན་རེད། གཅིག་བསམ་ན་ཁོ་གཉིས་ཀ་ཤི་སོང་ན་ཡང་ཐང་། ཨོྃ་མ་ཎི་པདྨེ་ཧཱུྃ། དེ་རིང་ཁྱོན་བསྡོམས་པས་བཅོ་བརྒྱད་ཡོང་ཡོད་གི་ཟེར།
སྐད་ཆ་དེ་གོ་ནས་ངའི་རྣམ་རིག་ཇེ་གསལ་དུ་སོང་བ་དང་མགོ་བོ་བཀྱགས་ཏེ་གནམ་ལ་བལྟས་པ་ན་ད་དུང་ཉི་མའི་འོད་ཀོར་གྱི་མཐའ་ན་ལྡིང་སྐོར་ལ་བྲེལ་བའི་བྱ་རྒོད་འགའ་ཤས་ཡོད་པ་མཐོང་གི་འདུག
གདུགས་དཀར་སུག་རིང་གིས་བར་སྣང་ལ་ལྟ་བཞིན་དེ་ཚོ་བྱ་ཁྱུ་འདིའི་གྱབས་མ་རེད། སྔོན་ལ་དུར་ཁྲོད་འདིའི་ཡིན་པ་ནི་བདུན་བཅུ་ཡོད། རྒྱ་ནག་འདི་བ་ཚང་ཡོང་རྗེས་དམག་གིས་མེ་མདའ་བརྒྱབ་ནས་བསད་སོང་། ལོ་མང་བོའི་རིང་བྱ་བབས་མ་མྱོང་། པཎ་ཆེན་རིན་པོ་ཆེས་ཕེབས་ནས་ཆོས་སྒོ་ཕྱེས་པ་དང་ཡང་འཕུར་ཡོང་གིན་ཡོད་ཟེར།
ད་དུང་ཁོས་གནས་འདི་ནི་བདེ་མཆོག་གི་དཀྱིལ་འཁོར་རང་བྱུང་ཡིན་ཚུལ་དང་། བམ་པོ་འདིར་འཕངས་ན་གནས་འདི་ནས་ངན་སོང་གི་སྒོ་འགོག་ནུས་ཚུལ་སོགས་མང་བོ་བཤད་སོང་། ཁོས་བཤད་པའི་སྐད་ཆ་དེ་ཚོ་ངའི་རྣ་ཆོག་གིས་གོ་བ་ཙམ་ལས་སེམས་ནང་ན་ཚོར་བ་ཅང་མེད་ཐལ།
གང་ལྟར་རྒད་པོ་གདུགས་དཀར་ནི་བསམ་ཤེས་དང་མཉམ་མྱོང་གིས་ཕྱུག་པས་ང་ཚོ་ལ་བྱ་གཡེང་ཐད་དཀའ་ལས་ཅི་ཡང་མྱངས་མ་སོང་། ཕྱིར་ཁྱིམ་དུ་བསླེབས་ནས་ལག་པ་མེ་ལ་གསོས་པ་དང་རྩམ་པ་ཟ་སྐབས་ངའི་མིག་ཆུ་རང་དབང་མེད་པར་བཞུར་ཡོང་གིན་འདུག སྒྱིད་པུའི་ཕར་རྒྱབ་ནས་སྐྱག་ཁ་མས་ཀྱང་ངུ་མཚམས་འཇོག་ཐུལ་གྱི་མེད་པ་འདྲ། མོ་ངུ་དོན་ཅི་ཡིན་ངས་གཏན་ནས་ཤེས་མ་སོང་། ངས་དྲིས་ཀྱང་མོས་དྲང་མོར་བཤད་དཀའ་མོ་རེད།
ཡང་གཅིག་བཤད་ན་མོས་ང་ལ་སྐད་ཆ་གཞན་ཞིག་བཤད་འདོད་ཡོད་ན་ཡང་ཐང་། ཡིན་ཡང་ངས་ཉན་ནི་མ་རེད། ཉི་མ་འདི་དག་གི་རིང་ལ་སྐྱག་ཁ་མ་དང་ངེད་གཉིས་ཀྱི་བར་ཐག་དེ་ཡང་ཇེ་རིང་དུ་འགྲོ་བཞིན་ཡོད་པའི་སྣང་བ་སྟེར། ངས་ཞོགས་པར་ནངས་ཇ་འཐུང་ཚར་བ་དང་མོས་ང་ལ་བལྟས་ནས་དེ་རིང་ཁྱོད་ཀྱིིས་ངལ་གསོས། མ་ཎི་འདོན་སར་མོ་འགྲོ་ཟེར། ངས་མོ་ལ་ལན་ཅི་ཡང་མ་བཏབ་པར་ཕུར་འགོ་ནས་ཕྲེང་བ་བླངས་ཏེ་ལམ་ལ་ཞུགས་པ་ཡིན།
རྒན་གཞོན་བར་མའི་མི་སུ་ཞིག་ཤི་ན་ཡང་གཡང་སྡེ་འདིའི་ཁྱིམ་མི་གཅིག་རེ་ངེས་པར་དུ་མ་ཎི་འདོན་སར་ཡོང་དགོས། དེ་ནི་སྣ་སྔ་མོ་ནས་ཡོད་པའི་ང་ཚོའི་ས་ཆ་འདིའི་ལམ་དང་ལུགས་སྲོལ་རྙིང་བ་རེད། གྱོད་སྣ་ཁ་མཆུ་དང་ཐ་ན་ཁྱིམ་ཚང་གཉིས་ཀྱི་བར་ན་ཤ་འཁོན་གྱི་མི་ཤ་ཡོད་ཀྱང་མ་ཎི་འདོན་དུ་ཡོང་ནི་རེད། བསྐལ་བ་ས་ཆགས་པ་ནས་བཟུང་སྟེ་འདི་ལྟར་ཡོང་ནི་རེད། ངས་སྔ་འདང་ཕྱི་འདང་མང་བོ་བརྒྱག་གིན་ལུང་བཟང་གི་སྤུགས་གྱེན་ལ་བཞུར། བསམ་ཁོ་ཚང་གི་ཉེ་སར་བཅར་དུས་མཆོདམེ་སྦར་བའི་མར་དྲི་དང་ཚ་གསུར་ཕུལ་བའི་རྩམ་དྲི་ཡིས་ཕྱོགས་ཡོངས་སུ་ཁྱབ་འདུག་པ་ཚོར།
ཁྱིམ་གྱི་མཐའ་སྐོར་ན་འགྲོ་འོང་བྱེད་བའི་མི་ཚོ་ལ་བལྟས་ན་འཇིག་རྟེན་གཞན་ཞིག་ཏུ་བསླེབས་པའི་སྣང་བ་སྟེར། ཁ་དོག་མེད་པའི་འཇིག་རྟེན་འདིའི་རྒན་གཞོན་ཕོ་མོ་ཚོའི་གདོང་མདོག་ཧ་ཅང་སྐྱ་བོ་རེད། འཛུམ་མདངས་དང་བྲལ་བའི་མིག་མཐའ་ནི་སྐྲངས་འབུར་བྱུང་བ་དང་སྦྲང་མདུང་ཟུག་པ་དང་གཉིས་སུ་མེད། ང་ཁྱིམ་དུ་ཡོང་ནས་ས་ལ་བསྡད་པ་དང་མི་གཞན་དག་དང་མཉམ་དུ་མ་ཎི་བགྲེང་ནས་བསྡད་པ་ཡིན། ཨ་མ་རྟ་ཀོ་སྐྱིད་ཀྱིས་ང་མཐོང་ནས་སྙིང་རྗེ་བ་འདྲ། ཁ་ནས་ཅི་ཡང་མ་བཤད་ཀྱང་ཚུར་ཡོང་ནས་ང་ལ་པགས་གདན་ཞིག་བཏང་བྱུང་། འོན་ཀྱང་བསམ་ཁོ་ཤི་བ་དེར་ང་ཡིད་ཆེས་མ་སོང་།
དེས་རྐྱེན་གྱིས་ངས་ཕར་ལྟ་ཚུར་ལྟ་བྱས་ཏེ་བསམ་ཁོ་ཨེ་རིག་གིས་བལྟས་པ་ཡིན། རང་གིས་རང་ལ་སློབ་གསོ་བཏང་ན་ཡང་མིག་གཉིས་ཅིག་ལ་ཤོར་འགྲོ་གི་འདུག ངས་རྫི་མའི་འོག་ནས་ཀློག་ཏུ་བལྟས་པ་ན་གཡས་གཡོན་གྱིས་མི་ཚོས་ཁ་ནས་མ་ཎི་འདོན་པ་དང་ལག་པས་ཕྲེང་བ་འདྲེན་པ། འགའ་ཤས་ཀྱིས་མ་ཎི་ལག་འཁོར་ཡང་སྐོར་གྱིན་ཡོད་ཐལ། དེ་རིང་གི་འགྲུལ་བ་ཚོར་གཅིག་མཚུངས་ཀྱི་ཆོས་ཉིད་ཅིག་ཡོད་པ་ནི་ཚང་མའི་ངོ་མདངས་འགྱུར་ནས་སྐྱ་གོར་རེ་ཡོད་པ་དེ་རེད། རུ་སྐོར་གཅིག་པའི་གཞོན་ནུ་མ་དེ་ཚོའི་མཆུ་སྒྲོས་ཀྱང་སྐམ་ཏེ་གཡག་ཀོ་སྐམ་པོ་ལྟར་གྱོང་ནས་ཡོད། བཟློག་ཏུ་མེད་བའི་ལས་དབང་འདིས་ངའི་སེམས་ལ་ཡང་ཕོག་ཐུག་ཆེན་པོ་བཏང་སོང་།
ཡུར་ཆུ་ལྟ་བུའི་ངའི་མིག་ཆུ་འགོག་མེད་དུ་བཞུར་གྱིན་ཡོད་ལ། འདས་དོན་ཞིག་ཀྱང་ངང་གིས་འཆར། དེ་ནི་བསམ་ཁོ་དང་ངེད་གཉིས་མཉམ་དུ་སློབ་གྲྭར་འགྲོ་བའི་སྐབས་ཀྱི་སྣང་ཚུལ་བཅོས་མ་མ་ཡིན་པ་ཞིག་རེད། ཁོས་རྒྱབ་དུ་ཁུར་བའི་དཔེ་ཁུག་གྲུ་བཞི་དེ་འཕོངས་མགོ་ན་ལྡེམ་ཞིང་། ལུང་ཐག་རིང་བའི་ཙོར་ལོ་དག་རླུང་གིས་བསྐྱོད། མདུན་ལ་རྒྱུག་བཞིན་ཕྱི་མིག་གིས་ང་ལ་ལྟ་བ་དང་དགོད་ཀྱང་འཛུམ་པའི་རྣམ་འགྱུར་གསལ། ད་དུང་བསོད་བྷེ་ཟེར་ནས་ངའི་མིང་གིས་འབོད། ངས་ཀྱང་ལུས་པོ་རྔུལ་ཆུས་འཚོད་ཀྱིན་ཁོའི་རྐང་རྩལ་ལ་འགྲན་བཞིན་ཡོད། ལག་པ་གཡབས་ནས་ང་ལ་འབོད་པའི་ངང་ཚུལ་དག་གློག་བརྙན་བཞིན་ངའི་མིག་ལམ་ནས་བཤར།
རྒན་མོ་ཚོས་གྱེར་བའི་མ་ཎིའི་དབྱངས་རྟ་དེ་ཡང་སྐྱོ་སྣང་གི་ཆེས་ཟབ་ས་ཞིག་ན་གྲག་གིན་འདུག ཡིན་ན་ཡང་ངའི་སེམས་ལ་ད་དུང་ང་དང་བསམ་ཁོ་མཉམ་དུ་ཐུག་རྒྱུ་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། ངས་ཨ་མ་ཀླུ་མོ་འཚོ་ལ་བལྟས་པ་ན་མོའི་མགོ་ལ་ལག་ཕྱིས་སྔོ་ཁྲ་ཞིག་གིས་བསྡམས་ནས་དོས་མདུན་ལ་བསྙལ་བཞག་འདུག བསམ་ཁོ་གང་དུ་སོང་བ་ཡིན་ནམ། བསམ་གཞིགས་ཀྱི་ཀློང་ནས་ང་ཕྱིར་འབུད་ཐུབ་རྒྱུ་མིན་པ་འདྲ་བའི་སྣང་པ་འཕྱོ། འདས་དོན་མང་བོ་ཞིག་ངའི་ཡིད་ལ་འཁོར་ནས་ཚང་ཁ་བརྒྱབ་ཡོང་གི་འདུག་པས་ད་ཅི་བྱེད་དགོས། ང་གཉིས་ཤི་གསོན་གྱི་མནའ་བཅད་བསྒྲིགས་པ་ཡང་དྲན་སོས་ཡོང་གིན་འདུག
ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་ཡིན། སྐད་ཆ་དེ་ཚོ་ངའི་རྣ་ལམ་ནས་འབྲུག་སྒྲ་ལྟར་གྲགས་ཤིང་རླུང་སྒྲ་ལྟར་སིམ་པར་བྱེད། གྲག་གིན་གྲག་གིན་བྲག་ཆ་ཡང་འཁོར་ཡོང་གི་འདུག ངས་རང་དབང་མེད་པར་ལག་པ་ཡར་བརྐྱངས་ཏེ་ཨག་རྒྱང་ཅིག་བྱས་པ་ཡིན། ཨག་རྒྱང་དེས་ང་གཉིད་ལས་སད་པར་གྱུར། བུད་མེད་ཚོས་ང་སྨྱོས་སོང་ཟེར་ནས་བྱ་ཚང་དུ་རྡོ་འཕངས་པ་ལྟར་རང་རང་སར་བྲོས། ང་ངོ་ཚ་བ་དང་གློ་བུར་དུ་ཡར་ལངས་ཏེ་ཕྱིར་རང་ཁྱིམ་དུ་བརྒྱུགས་པ་ཡིན། སྐྱེས་པ་ཚོས་ང་སྨྱོས་སོང་ཟེར་ནས་རྗེས་འདེད་བཞིན་འཛིན་རྩིས་བྱེད། ཡིན་ན་ཡང་ཉིན་དེར་སུས་ཀྱང་རྟ་འཁྱེར་ནས་ཡོང་མེད་པས་ངའི་རྗེས་མ་ཆོད་ཐལ།
ང་ཕྱིར་རང་ཁྱིམ་དུ་བསླེབས་ཚེ་སྐྱག་ཁ་མས་ལྕི་བ་བཏུས་ཀྱིན་ཐང་ན་ལས་ཀའི་ནང་མགོ་འཁོར་ནས་བསྡད་ཡོད་པས་ང་ལ་དེ་ཙམ་དོ་སྣང་བྱེད་ལོང་མ་བྱུང་། ངས་ཐང་ན་བསྟད་ནས་བཞག་ཡོད་པའི་རྟ་རྒན་འཁྲིད་ནས་ཡོང་བ་དང་། ཁྱིམ་དུ་འཛུལ་ནས་ཕུར་མགོ་ནས་མེ་འདའ་བླངས་ཏེ་ཚེ་ཚེ་ཚང་གི་སྒོ་ལམ་ལ་བརྒྱུགས། འབྲོང་ཤུལ་སྡེ་བའི་མི་དེ་ཚོས་རུབ་ནས་ང་འཛིན་རྩིས་བྱེད་མོད། ངའི་ལག་ན་མེ་མདའ་ཡོད་པས་ཧོར་རྒྱུག་བྱེད་ཐུབ་མཁན་མེད། ཀི་ལྡིར་གྱིས་གནམ་ས་བར་སྣང་བཀང་ན་ཡང་ངས་དེ་ལ་ཁ་ཡ་བྱས་མེད།
ཐབས་སྐྱོ་བ་ཞིག་ལ་ཚེ་ཚེ་ཚང་ན་རྒན་མོ་ཚོ་མ་གཏོགས་མེད། ཁོ་ཚོས་ང་རིག་པ་དང་སྐྲག་ནས་གང་སར་བྲོས་སོང་།ང་སྦ་ནང་དུ་འཛུལ་ནས་ཚེ་ཚེ་བཙལ་ཡང་གཏན་ནས་མ་རྙེད། ངས་དོན་མེད་ལ་དཔའ་སྐད་འཐེན། གང་སར་མེ་མདའ་བརྒྱབ་པ་ཡིན། ཚེ་ཚེ་ནི་ཝ་མོ་ལྟ་བུའི་གཡོ་རྒྱུས་ཅན་ཞིག་ཡིན། ཁོས་སྔར་ནས་དོགས་ཟོན་གྱིས་བཞའ་ཡོད་པ་ཁོ་ཐག་རེད། ལྟས་ངན་དེ་སྦས་སྐུང་བྱེད་ས་བྱིལ་ཁུང་ཞིག་ཡིན་ན་ཡང་ཐང་། མིག་སྟོང་ཟིག་ཡོད་ཀྱང་ཁོ་རྙེད་ནི་མ་རེད། སྐད་ཆ་འདི་ཨ་མ་ཀླུ་མོ་ཚོས་གཞུག་ནས་ང་ལ་བཤད་ནི་རེད།
ཚེ་ཚེ་ཤོག སྐྱག་གཟན། ཨ་མའི་བུ་ཡིན་ན་ཤོག ང་ཡོང་ཡོད། ང་དེ་རིང་དགྲ་ཤ་ལེན་དུ་་ཡོང་བ་ཡིན། འབྲོང་ཤུལ་ཚང་ལ་བུ་དགའ་ཞིག་མེད། འབྲོང་ཤུལ་སྡེ་བ་ནས་མི་ཤི་ན་སྟག་ཤི་བ་མ་རེད། འབྲོང་ཤུལ་ནས་མི་ཤི་ན་ཁྱི་ཤི་བ་རེད། ངས་དེ་རིང་ཁྱོད་ཀྱི་སྙིང་གསོན་པོར་ལེན་རྒྱུ་ཡིན་ལ། ཁྲག་དྲོན་མོར་འཐུང་ངེས་ཡིན། ཁྱོད་བསད་ནས་ཤ་ཟས་ཁྲག་མ་འཐུང་ན་ངའི་སྙིང་ནད་མི་སངས་ཡ། ངས་འུར་ཟིང་བརྒྱབ་པ་དང་ཁ་ཤོམ་འཐེན་པ་དེ་ཚང་མས་གོ་ཡོད་ན་ཡང་ངོ་ཡ་བྱེད་ཕོད་མཁན་འབྲོང་ཤུལ་སྡེ་བ་ནས་མི་གཅིག་ཀྱང་འབྱུང་མ་ཐུབ།
འབྲོང་ཤུལ་ཚང་གི་ཧ་རང་ལ་བུ་རབས་ཚ་རྒྱུད། ཀི་་་་་་ཤོག་ཡ།
ངས་ཁོ་ཚང་གི་སྦ་ནག་མར་ས་ལ་བསྙལ་བ་རྗེས། མེ་ལ་བསྲེགས་ཏེ་སྙིད་ནད་རྩོད་དགོས་བསམ་ཡང་མེ་ཆ་ལག་ཏུ་མ་ཡོང་ཐལ། ཚེ་ཚེ་མཐོང་ཡུལ་ན་མེད་ཀྱང་མེ་མདའ་བརྒྱབ་ནས་ཁོ་ལ་ངར་བསླངས་པ་ཡིན། མདེའུ་དྲུག་མ་གཏོགས་མེད། ཅི་ལྟར་རྫོགས་པ་ཡང་མ་ཤེས། མེ་མདས་ཁོ་ཚང་གི་སྦྲ་ནག་རྩབ་ནས་སྙིང་ནད་སངས་ཐབས་བྱས་པ་ཡིན།
ཡིན་ན་ཡང་དེ་ཙམ་གྱིས་ངའི་འདོད་པ་ག་ལ་ཁེངས། ངས་ད་དུང་གློ་གྲི་བཟུང་ནས་སྦ་ནག་རལ་ནས་ལྟ་སྲོལ་མེད་ནི་ཞིག་ཏུ་བཏང་བ་ཡིན། མཐའ་མ་དེར་ང་ཐང་ཆད་པས་ངུ་བཞིན་ར་ནག་ཁུག་ནས་ཉལ་བ་ཡིན། དེ་ནས་བཟུང་སྟེ་ངས་ཅི་ཡང་དྲན་རྒྱུ་མེད་ཐལ།
ང་གཉིད་ལས་སད་དུས་སྨན་པ་བྱམས་བཟང་གིས་ང་ལ་སྨན་བཅོས་བྱེད་ཀྱིན་འདུག ཚེ་ཚེ་ཚང་ལ་ལྟ་སྲོལ་མེད་པ་བཟོས་ཡོད་པས་ཅུང་དགའ་སེ་ཡོད། རང་གི་དཔའ་རྟགས་དེ་ཡིད་ལ་འཁོར་བ་དང་གདོང་ལ་འཛུམ་ལངས་བཞིན་ཕྱིར་གཉིད་པ་ཡིན། དེ་ནས་བཟུང་ཁོ་ཚོས་ང་སྨྱོན་པ་ཞིག་ལ་རྩིས་ནས་སུས་ཀྱང་ཁ་ཡ་མི་བྱེད། ལྐོག་ཏུ་ཁོ་ཚོས་ང་ལ་བསོད་བྷེ་སྨྱོན་པ་ཟེར་ནས་འབོད་ཀྱིན་ཡོད་ན་ཡང་ཐང་། ངའི་ཕ་མ་གཉིས་ལ་སེམས་ཁྲལ་གྱི་སྟེང་དུ་སྡུག་བསྔལ་འཕར་མ་ཞིག་བསྣན། བཟུང་སྐྱག་མ་ཡང་ང་ལ་ཅེ་བཟང་དུ་སོང་།
བསམ་ཁོའི་འདས་རྐྱེན་དང་སྐད་ཆ་དེ་གོ་ནས་ཆུ་བཟང་དང་ལོ་བའི་རུ་མང་ཕྱོགས་ནས་ཀྱང་དམག་ཡོང་རྒྱུ་ཡིན་པ་འདྲ། སྐད་ཆ་འདི་རླུང་གིས་འཁུར་ནས་གཅན་ཚའི་ཐང་ལ་ཁྱབ། དེ་ངོ་མ་བདེན་ནི་རེད། འདི་ནི་ཨ་མ་ཀླུ་མོ་འཚོའི་ཕ་ཡུལ་ཡིན་པ་དང་གཉེན་ཉེ་ཚོས་རང་གི་ཚ་བོ་ལ་དགྲ་ཤ་ལེན་རྒྱུ་ཡིན་པ་ཐག་གིས་ཆོད། ལ་རྒྱ་འདི་ལྷ་སྡེ་འཚོ་ཁག་བཅུ་གཉིས་པོ་ཁོ་ཚོས་མ་རྩད་ན་རྩོད་ནི་མེད་ནི་མ་རེད།
དེང་སང་སྐྱག་ཁ་མ་འདི་ཡང་དམག་འཁྲུག་ལ་དགའ་ནི་ཞིག་ཏུ་གྱུར་སོང་། ཕོ་ཤུལ་ཆད་ནས་མོ་ཤུལ་ལ་དང་ལག་པ་བཟད་ནས་ཕུ་རུང་ལ་ཐུག་ཀྱང་ནང་འཁྲུག་བརྒྱག་ཁོ་ཐག་རེད། ངོ་མ་གཡུལ་ཆེན་འདི་བཟློག་དགའ་རྒྱུ་རེད། ད་ཐེངས་ཆུ་བཟང་དང་རུ་མང་གིི་ཕྱོགས་ནས་མེ་མདའ་བསྒྲིགས་པ་དང་མདེའུ་ཉོས་པ་འདིས་དྲང་བདེན་ལ་དགའ་བའི་མི་མང་བོ་ཞིག་ལ་སེམས་འགུལ་ཚད་མེད་འཐེབ་ཡོད་ལ། འབྲོང་ཤུལ་ཚང་ལ་ངོ་ཚ་གཏད་ཡོད་ཟེར།
གཅན་ཚ་ཐང་ཤང་སྲིད་གཞུང་ནས་གཅན་ཚ་རྫོང་ལ་དམག་དཔུང་མངགས་ནས་འབྲོང་ཤུལ་སྡེ་བ་ཆུ་བཟང་དང་ལོ་བ་རུ་མང་གི་ཉེན་ཁ་ལས་སྐྱོབས་དགོས་པའི་རེ་བ་ཞུས་ཡོད། དོན་ངོ་མ་བཤད་ན་དེ་འདྲའི་ཛ་དྲག་ཅན་ཞིག་ཨེ་ཡིན་ནམ།
དུས་ཡུན་འདི་དག་གི་རིང་ལ་འབྲོང་ཤུལ་ཚང་གི་གསར་བུ་ཚོས་སེང་ཁྱི་གར་ཡོད་ཀྱི་རྩད་ཆོད་པ་མ་ཟད་ཕྱིར་ཁྱིམ་བདག་ལ་རྩིས་སྤྲོད་བྱས་ཏེ་ནང་གྱོད་འགྲིག་འཇགས་ཡོང་པར་རམ་འདེགས་བྱས། ཚེ་ཚེ་ཡིས་ཀྱང་རང་སྐྱོན་ཚང་མ་ངོས་ལེན་བྱས་པ་དང་ལག་དམར་བའི་ཉེས་པ་ཁོ་གཅིག་པུས་འཁུར་རྒྱུ་ཁས་བླངས།
རྫོང་ཉེན་རྟོགས་ཉེས་དོན་རུ་ཁག་གིས་ཚེ་ཚེ་འཛིན་བཟུང་བྱས། ཁྲིམས་དོན་ཞིབ་བཤེར་ལས་ཚན་ཁག་ནས་ཚེ་ཚེ་ལ་ལོ་གསུམ་གིས་ཁྲིམས་ཐག་བཅད་པ་ཕྱི་བསྒྲགས་བྱས། མི་མང་གི་ཁྲོད་དུ་འདིའི་སྐོར་ལ་གླེང་སློང་མང་བོ་ཡོང་གིན་ཡོད་མོད། རྒྱལ་བོའི་བཀའ་ལ་ལེན་གཅིག་དང་མཛུབ་མོ་གར་སྟོན་ཤར་དུ་གྱུར་བས་སུ་ལ་ཡང་སྐད་ཆ་བཤད་པའི་ཐོབ་ཐང་དང་དབང་ཚད་མེད།
གནས་ཚུལ་འདི་གླིང་ལ་གྲགས་ཟིན་ན་ཡང་ད་དུང་ཅི་ཡིན་མ་ཤེས་པར་མགོ་ཐོམས་བསྡད་ཡོད་པ་མི་རེ་གཉིས་ཡོད་ཚོད་རེད། སྒྲོལ་ལེ་ཐོའུ་མ་ཡང་དེའི་ནང་གི་གཅིག་རེད། མོས་བསམ་ཁོའི་འདས་རྐྱེན་ཅི་ཡིན་ད་དུང་གསལ་བོར་ཤེས་ཀྱི་མེད། མོ་ལ་གསང་མཁན་དེ་སུ་ཡིན་ནམ། དེས་ན་མོ་ལ་བཤད་ཕོད་མཁན་སུ་ཡོད་དམ། ་་་་་་
ང་བྱིས་པ་ཡིན་དུས་བྱིས་པ་གཞན་དང་མཉམ་དུ་བྱ་རྒོད་ལ་དུག་སྤྲད་དེ་ནམ་མཁའ་ནས་ཐང་ལ་འཕངས་མྱོང་། དེང་སང་འགྱོད་པ་ཆེན་པོ་སྐྱེ་གི
ད་རུང་འུར་རྡོ་འཕངས་ཏེ་བར་སྣང་གི་བྱ་རྒོད་ཅིག་འཁྱར་འཁྱོར་བཟོས་པ་ཡང་དྲན་གི ང་ཤི་ན་བྱ་རྒོད་ཀྱིས་མི་བཟའ་ཐག་ཆོད་ཡིན།
འགྱོད་པ་སྐྱེ་བ་ནི་གཉེན་པོ་སྟོབས་བཞི་ནང་གི་གཅིག་རེད།
དེ་ཧྲ་གི་མོ
འགྱོད་པ་སྐྱེ་བ་ཙམ་གྱིས་ལས་དག་ཚར་བ་རེད།
བྱ་རྒོད་ཀྱིས་ཟ་མི་ཟ་ལ་དོགས་པ་དགོས་པ་ཨེ་དགོས