འཁྱམས་པོ།
༼༡༽
བདེ་བའི་མལ་དུ་གཟིམས་ཤིག་སྨྱུག་ཐོགས་ཀྱི་གྲོགས་རྣམས།།
ཟླ་བའི་ལྷ་མོའི་སྙན་ཚིག་བདུད་རྩི་ཡི་མཆུ་སྒྲོས།།
རྨི་ལམ་ཞིང་ནས་གཞིབ་དང་བདེ་སྣང་གི་མངར་ཁ།།
ཉམས་མེད་ཡིད་ཀྱི་གསོས་སུ་ངོམས་མེད་དུ་རོལ་ཆོག །
༼༢༽
ལྷང་འཇགས་འཛིན་མའི་མཐོང་ལ་མུན་སྨག་གིས་བཀབས་སྟེ།།
རི་བོང་འཛིན་པས་བསིལ་ཟེར་ས་གཞི་ལ་འཕྲོས་ནས།།
ཀུ་མུད་དགའ་མའི་འགྲམ་ཆང་ཚིམས་མེད་དུ་འཐུང་དུས།།
སྐར་མའི་ཚོགས་ཀྱང་མེ་ཕུང་སྐོར་བྲོ་ལ་རོལ་ཆོག །
༼༣༽
དོ་ནུབ་ཁུ་སིམ་ཕྱི་རོལ་མཚན་ལྗོངས་ཀྱི་དབེན་གནས།།
གློག་འོད་བྲལ་ཞིང་སྲིན་བུ་མེ་འཁྱེར་འགའི་མཉམ་དུ།།
ཤོག་སྨྱུག་གྲོགས་སུ་བཀུག་ཏེ་གློ་བུར་བའི་ཚོར་འགྱུ།།
དགའ་མ་དྲན་པས་སྙན་ཚིག་བར་མེད་དུ་བཞུར་ཆོག །
༢༠༡༣/༦/༣ ལ་བྲིས།
ལེགས་པར་བྲིས་པར་ལེགས་གསོལ། ཚིགས་བཅད་དང་། ཚིགས་ལྷུག་གཉིས་ལས་ཕྱི་མ་དེ་འབྲི་དཀའ་བར་འདོད།
ཚིགས་བཅད།
ལ་དྭགས་འོད་དཀར་འཇམ་དཔལ་ཁོང་། །
གནམ་གང་མཚན་དཀྱིལ་ཟླ་དཀར་ཤར། །
ཚིགས་ལྷུགས།
འཁྲུངས་ཡུལ་སྟོད་༼ལ་དྭགས་༽ནས་ཡིན་པ་དགེ་ལྡན་པ་མཁས་དབང་བློ་བཟང་༼འཇམ་དཔལ་༽ཞེས་པའི་མཚན་ཅན་༼ཁོང་༽ཨ་རིར་མཐོ་སློབ་ཏུ་སློབ་དཔོན་གྱི་མཚན་གནས་བཞེས་ནས་བོད་ཀྱི་སྐད་ཡིག་འཆལ་འཆོལ་༼སྨྲ་བའི་༽ཁ་བརྡའི་དྲ་བར་༼གནམ་གང་༽མུན་ནག་གི་༼མཚན་དཀྱིལ་༽དུ་དྲ་མཆན་པ་སྐར་ཚོགས་གྲངས་མེད་དབུས་སུ་འོད་དཀར་ཟླ་བའི་གཟུགས་ཀྱིས་ལ་ལ་དག་གི་མི་ཤེས་པའི་མུན་པ་བསལ་ཕྱིར་༼ཟླ་༽བ་འོད་༼དཀར་༽པོའི་ངོ་བོར་བཅོ་ལྔའི་ཉ་གང་བ་ལྟར་༼ཤར་༽བ་ནི་ཁ་བརྡ་འབྲི་ཀློག་པ་གྲངས་མེད་པ་དག་གི་དཔྱིད་དཔལ་དུ་ངོམས་པར་མཛོད་ཅིག དྲ་གྲོགས་དགུང་གྲངས་བརྒྱད་ཅུ་ལ་བརྒལ་བ་གང་དེ་དགྱེས་ཤིང་སྐུ་ཚེ་ཡུན་དུ་བརྟན་པའི་ཞབས་བརྟན་གསོལ་འདེབས་སུ་ཆོས་གྲོགས་ཀརྡོས་གང་དྲན་དུ་བྲིས་པ་དགེའོ། །
ཚིགས་ལྷུག ཚིག་ལྷུག་ལ་བཅོས།