རྩམ་ཕྲུག
ཀུན་དགའ་ཆོས་དབྱིངས་ལཊ་ཀྱིས།།
ཀུན་དགའ་དོན་འགྲུབ་སྐོར་ལ།།
བྲིས་པའི་སྙན་རྩོམ་མཐོང་བས།།
རྩོམ་འདི་ཤར་མར་ལུད་སོང་།།
ཨ་ཇོ་ཀུན་དགའ་དོན་འགྲུབ།།
ཀུན་གྱི་དགོས་འདོད་རེག་ཤག།
གལ་ཏེ་ཀུན་དགའ་མེད་ན།།
མིའི་གྲལ་ཚུད་ཡག་ཁག་པོ།།
ཨ་ཇོ་ཀུན་དགའ་དོན་འགྲུབ།།
ཀུན་གྱི་མགོན་སྐྱབས་རེད་ཤག།
གལ་ཏེ་ཀུན་དགའ་མེད་ན།།
མི་ཚེ་འཁྱོལ་ཐབས་དཀའ་མོ།།
གོང་གི་བླ་སྤྲུལ་དཔོན་འཁོར།།
བར་གྱི་མི་སེར་རྒན་གཞོན།།
མཐའ་མ་དབུལ་པོ་ཡན་ཆད།།
ཁྱེད་ལ་དགའ་མཁན་ཉག་ཅིག།
ཀུན་དགར་མི་དགའ་སུ་ཞིག།
སྲིད་ན་གསེར་ལས་རྙེད་དཀའ།།
དེ་ཕྱིར་ཀུན་དགའ་རག་ཆེད།།
སྲོག་ཀྱང་གཏོང་མཁན་མང་པོ།།
རྒྱ་ནག་མི་སེར་གཅིག་གིས།།
ཨ་ཡི་ཕོན་ཉོ་ཐབས་ཆེད་དུ།།
རང་ལུས་མཁལ་མ་བཙོང་ནས།།
ཀུན་དགའ་ལེན་པ་ཐོས་བྱུང་།།
རྒྱ་གར་ཚགས་ཤོག་ནང་ན།།
ཀུན་དཀའ་དོན་འགྲུབ་ཆེད་དུ།།
མི་བསད་ཁྲག་སྦྱོར་གཏམ་རྒྱུད།།
ཉིན་ལྟར་ཆགས་མེད་རེད་ཤག།
བོད་པའི་སྤྱི་ཚོགས་ཁྲོད་ན།།
ཀུན་དགའ་དོན་འགྲུབ་ཆེད་དུ།།
གཞན་ཁྱིམ་རྐུན་ཇག་འཛུལ་བ།།
དངོས་བྱུང་གཏམ་རྒྱུད་མང་པོ།།
ནུབ་ཕྱོགས་ཡུལ་གྲུ་རྣམས་སུ།།
ཀུན་དགའ་དོན་འགྲུབ་ཆེད་དུ།།
རྐུབ་ཚོང་རྐུན་ཇག་ལ་སོགས།།
སྐྱུག་བྲོའི་གཏམ་རྒྱུད་རྫོཊ་མེད།།
ཁྲི་མཐོན་བླ་སྤྲུལ་མང་པོས།།
ཀུན་དགའ་དོན་འགྲུབ་ཆེད་དུ།།
ཆོས་འབག་མཐུག་པོ་གོན་ནས།།
གཞན་མགོ་སྐོར་བ་གྲངས་མང་།།
མགོ་དཔོན་ཁྲེལ་མེད་མང་པོས།།
ཀུན་དགའ་དོན་འགྲུབ་ཆེད་དུ།།
མི་སེར་བཤུ་བཞོག་བཏང་ནས།།
གྲངས་མེད་ལྐོག་ཟ་རུལ་སུངས།།
དབུལ་པོ་གཡོ་ཅན་མང་པོས།།
ཀུན་དགའ་དོན་འགྲུབ་ཆེད་དུ།།
སློང་མོའི་ཚུལ་ལ་རྫུས་ནས།།
རྐུན་ཇག་རྙོག་གླེང་མང་པོ།།
གྲྭ་པ་སྡིག་ཅན་མང་པོས།།
ཀུན་དགའ་དོན་འགྲུབ་ཆེད་དུ།།
ཆོས་མིན་ནག་ཚོང་བྱས་ནས།།
ཡུལ་ལུང་སྐོར་བའི་གཏམ་མང་།།
བུད་མེད་གཡོ་ཅན་མང་པོས།།
ཀུན་དགའ་དོན་འགྲུབ་ཆེད་དུ།།
ཕོ་གསར་འབྱོར་ལྡན་མང་པོ།།
མགོ་སྐོར་བཏང་བ་མི་ཉུང་།།
ཕོ་གསར་གཡོ་ཅན་མང་པོས།།
ཀུན་དགའ་དོན་འགྲུབ་ཆེད་དུ།།
བུད་མེད་མཛེས་མ་མང་པོ།།
གཞན་ལ་བཙོང་པ་མི་ཉུང་།།
ཀུན་དགའ་དོན་འགྲུབ་མེད་ན།།
དེང་སང་སྙིགས་དུས་འདི་ལ།།
ཆོས་པ་དབེན་གནས་སོང་ཀྱང་།།
ཟས་གོས་གཡོག་འཁོར་མི་རག།
ཀུན་དགའ་དོན་འགྲུབ་མེད་ན།།
ཁྲིམས་འགལ་ནག་ཉེས་མེད་ཀྱང་།།
འགལ་ཟླ་འབྱོར་ལྡན་རྣམས་ཀྱིས།།
བཙོན་ལ་ག་དུས་བཅུག་བཅུག།
ཀུན་དགའ་དོན་འགྲུབ་མེད་ན།།
རྒན་དར་གཞོན་གསུམ་ཚང་མས།།
མཐོང་དང་བྱམས་སྐྱོང་མེད་པར།།
གཡོག་སྐུལ་སྡིག་དམོད་བྱེད་ངེས་།།
ཀུན་དགའ་དོན་འགྲུབ་མེད་ན།།
ཤེས་ཡོན་ཀུན་སྤྱོད་ཡོད་ཀྱང་།།
གནའ་མག་འགྲོ་སའི་ཁྱིམ་གྱིས།།
ཁྱི་བཞིན་སྤྱུགས་པ་མང་མང་།།
ཀུན་དགའ་དོན་འགྲུབ་མེད་ན།།
གཉོམ་ཆུང་ལུག་འདྲ་ཡོད་ཀྱང་།།
ཞི་བདེ་ལྷིང་འཇགས་བྱས་ནས།།
ཉི་མཚན་འཁྱོལ་དུ་མི་འཇུག།
དེང་སང་ཕོ་གསར་རྫིག་ཀྱང་།།
ཀུན་དགའ་དོན་འགྲུབ་མེད་ན།།
མཛེས་མ་དགའ་གྲོགས་རག་རྒྱུ།།
ཕལ་ཆེར་མོ་གཤམ་བུ་རེད།།
ཤེས་ཡོན་ལྷག་བསམ་ཡོད་ཀྱང་།།
ཀུན་དགའ་དོན་འགྲུབ་མེད་ན།།
ཡུལ་ལུང་གང་སར་ཕྱིན་ཀྱང་།།
དགའ་གྲོགས་སྤུན་ཉེ་ཉུང་ཉུང་།།
ཀུན་དགའ་དོན་འགྲུབ་ཡོད་ན།།
གཤིས་ངན་གླུད་འདྲ་ཡོད་ཀྱང་།།
དགའ་བོ་སྤུན་གྲོགས་གསར་པ།།
པད་མར་བུང་བ་འཁོར་འཁོར།།
ཀུན་དགའ་དོན་འགྲུབ་ཡོད་ན།།
བླུན་པོ་ཕྱུགས་འདྲ་ཡིན་ཡང་།།
མཐོ་དམན་རྒན་གཞོན་ཀུན་གྱིས།།
གུས་བསྟོད་སྤྲེལ་ལད་མཆོད་འབུལ།།
ཀུན་དགའ་དོན་འགྲུབ་ཡོད་ན།།
ཕོ་གསར་མདོག་གཤིས་སྡུག་ཀྱང་།།
བུད་མེད་མཛེས་མའི་ཚོགས་རྣམས།།
ཀ་རར་གྲོག་ཚོགས་འཁོར་འཁོར།།
ཀུན་དགའ་དོན་འགྲུབ་ཡོད་ན།།
ཡུལ་ཁྲིམས་གཏོར་བཤིག་བཏང་ནས།།
སྲོག་ཐོག་ཉེས་ཆད་ཕོགས་ཀྱང་།།
བཙོན་གྲོལ་ག་དུས་བཏང་བཏང་།།
ཀུན་དགའ་དོན་འགྲུབ་ཡོད་ན།།
ཚུལ་མཐུན་སློབ་གྲྭར་མི་འགྲིམས།།
ཀུན་དགས་རྩིག་མར་བཅག་ནས།།
ལག་ཁྱེར་གང་དགོས་ཉོ་ཆོག།
ཀུན་དགའ་དོན་འགྲུབ་ཡོད་ན།།
འཇིག་རྟེན་རྫས་འཕྲུལ་མྱུར་བས།།
འདོད་ཡོན་ལྔ་པོ་ཐམས་ཅད།།
ལག་མཐིལ་སྐྱུར་རུ་ར་བཞིན།།
མདོར་ན་ཀུན་དགའ་དོན་འགྲུབ།།
ཡོད་ན་འཇིག་རྟེན་བདག་པོ།།
མེད་ན་འཇིག་རྟེན་བྲན་གཡོག།
དེ་ཕྱིར་ཀུན་དགའ་ལོས་ཡིན།།
ཀུན་དགའ་དོན་འགྲུབ་སྐོར་ལ།།
རི་ཉུལ་རྦབ་ཆུ་ཟགས་ཟགས།།
རྫོགས་མེད་འབྲི་ཡག་འདུག་ཀྱང་།།
སང་ཉིན་སླར་ཡང་འབྲི་འདོད།།
སྤྱི་ལོ་ ༢༠༡༣ ཟླ་བ་ ༨ ཚེས་ ༡༤ དགོང་མོའི་རང་སྦྱོང་སྐབས་སུ་ཤར་མར་བྲིས།
ཀུན་དགའ་དོན་གྲུབ་ཡོད་ན།
བདུན་བཅུའི་མཇེ་ཡང་མཁྲེགས་ཅིང་།
བརྒྱད་བཅུའི་སྟུ་ཡང་དམ་པ།
ཀུན་དགའ་དོན་གྲུབ་ལེགས་བྱུང་།
ཀུན་དགའ་དོན་གྲུབ་ཡོད་ན།
གཤིན་རྗེ་སྙིང་རྗེ་ཆེ་བྱུང་།
འཆི་བ་རང་ལོག་བརྒྱབ་སོང་།
ཀུན་དགའ་དོན་གྲུབ་ལེགས་བྱུང་།
ཀུན་དགའ་དོན་འགྲུབ་མ་ཡིན།
ཀུན་གྱི་དགྲ་རུ་ལངས་སོང།
ཀུན་དགའ་དོན་འགྲུབ་དོན་དུ།
སྲོག་ཤོར་བ་གྲངས་སུ་མེད།