ཨ་འཁོར་བཟོད་པ།
ང་རང་མོ་ལོ་ཉི་ཤུ་རྩ་དགུར་སླེབས་པར་ཟླ་བ་གཉིས་དང་ཉིན་གྲངས་བཅུ་བཞི་ཏག་ཏག་ཡོད་པའི་ཉིན་དེར། རྒྱ་གར་ཝཱ་རཱ་ཎ་སིའི་གནམ་གྲུ་ཐང་དུ་འབྱོར། གནས་དེ་ནི་གནའ་བོའི་རིག་གནས་མཁའ་དབུགས་དང་རང་བྱུང་བཙོག་རླུང་གིས་ཕྱི་བཏུམ་ནང་བཏུམ་བྱས་པའི་གནའ་བོའི་གྲོང་ཁྱེར་ཞིག་རེད། བཤད་ཚུལ་ལ་གནའ་བོའི་གྲོང་ཁྱེར་འདི་ནི་རིག་པ་འབྱུང་བའི་གནས་མཆོག་ཡིན་ཟེར། གང་ས་གང་དུ་གླེན་རྟགས་དང་མཁྲེགས་འཛིན་གྱིས་བྱུར་བུར་གང་བའི་ཁོར་ཡུག་འདིས་དུས་རབས་ཉེར་གཅིག་པའི་མི་ཞིག་ལ་མཛེས་སྣང་སྦྱིན་ངེས་ཟེར་ན་ངས་དཀོན་མཆོག་དཔང་དུ་བཙུགས་ནས་མནའ་བསྐྱལ་ཆོག ཅིའི་ཕྱིར་དཀོན་མཆོག་གིས་ད་དུང་རྟོགས་སད་མེད་པའི་མི་འདི་འདྲ་མང་པོ་ཞིག་འཇིག་རྟེན་ལ་མངག་གིན་ཡོད་དམ།
སཱ་ར་ཎཱ་ཐ་དང་ཆུ་མོ་གངྒཱ་ནི་དེ་འདྲའི་ཁོར་ཡུག་འགྲུབ་བྱེད་ཀྱི་རྒྱབ་ལྗོངས་གཙོ་བོ་ཡིན་པས། གནས་ལུགས་འཚོལ་ཞིབ་ཀྱི་རྟིང་སྐུལ་ཞིག་གིས་ངའི་གོམ་ཁ་དབང་མེད་དུ་སཱ་ར་ཎཱ་ཐར་བསྒྱུར།
སཱ་ར་ཎ་ཐའི་མཆོད་རྟེན་གྱི་རྡོ་སྟེགས་ལ་ལག་པ་ག་ལེར་སྦྱར་ཏེ་མནོ་བསམ་ཡུན་གྱིས་གཏོང་བའི་མོད་ལ། འདས་ཟིན་པའི་དུས་རབས་ཤིག་ཡིད་ལ་འཁོར་ཞིང་རླབས་ཆེན་གྱི་སྐྱེས་བུ་ཞིག་མིག་ལམ་དུ་འཆར་ནས་འོང༌།
༡
ལྗང་ཞིང་སྣུམ་པའི་སྡོང་རྩ་ཞིག་ན་སྐྱེས་སྟོབས་དཔལ་གྱིས་བརྗིད་པའི་ཕོ་རྒོད་ཅིག་ཡོད་པ་དེ་ནི་ཤཱཀྱ་ཐུབ་པ་མ་ཡིན་ནམ། ཁོང་གིས་ཅི་འབྲི་བཞིན་ཡོད་དམ། ང་རང་ཁོང་གི་མདུན་ལ་འདྲ་མཉམ་གྱིས་ཕྱིན་ཏེ་ཞིབ་ཏུ་བལྟས་པ་ན་ཇི་འདྲའི་ཕོ་གསར་རྫིག་པོ་ཞིག ངའི་ཡིད་བསམ་ཡོངས་སུ་ཤོར་བར་རྒྱུ་མཚན་ཡོད་དེ་ནུབ་ཕྱོགས་པའི་གདོང་ལ་རྒྱ་གར་བའི་མིག་གིས་མཛེས་ཤིང་བོད་པའི་འཛུམ་གྱིས་འཁྱུད་པའི་སྐྱེས་བུ་ཞིག་རེད་ཨང༌། གནའ་དཔེ་ནང་གི་མཚན་བཟང་ཟེར་བ་དེ་དག་འུད་སྒྲོག་ཡིན་ནའང་ཤར་གླིང་གི་མི་ཞིག་དང་བསྡུར་ཚེ་ང་ལྟ་བུའི་ཡུལ་སྐོར་བའི་བུ་མོ་མང་པོ་ཞིག་གི་པར་ཆས་ནང་དུ་རང་དབང་མེད་པར་འཛུལ་འོང་བ་ཞིག་རེད།
”ག་རེ་བྱེད་ཀྱིན་ཡོད།”
”བདག་ཕུགས་བསམ་ལ་ཞུགས་པའོ།། ཕུགས་བསམ་ལ་ཞུགས་པ་ནི་ཕུགས་བསམ་འབྲི་བ་ཡིན་ནོ།། ཕུགས་བསམ་འབྲི་བ་ནི་ཕུགས་བསམ་གྱི་རྟོགས་པ་དམ་པའོ།།”
”ཁྱེད་ཀྱིས་ནམ་ཡང་ཕུགས་བསམ་འབྲི་བཞིན་ཡོད་དམ།”
”ལགས་སོ།། ཤིན་ཏུ་ལགས་སོ།། གནས་ལུགས་ནི་ཕུགས་བསམ་འཚོལ་བ་ཉིད་ཀྱིས་སོ།། མཛེས་རྟོག་ནི་གནས་ལུགས་འབྲི་བའི་ཡིད་ལ་བྱེད་པ་ཉིད་དོ།།”
ངས་ཐེངས་གཅིག་བཀླགས་པ་ཙམ་གྱིས་ཡོངས་སུ་རྟོགས་སོང༌། དེ་ནི་ཕུགས་བསམ་ཞིག་མ་ཡིན་ཏེ་ཡིད་དབང་འཕྲོགས་པའི་འཆར་སྒྲུང་ཞིག་རེད། འཕྱ་སྨོད་བྱེད་པ་ནི་མི་ཆོས་ཀྱི་གནད་དོན་དང་འགལ་བ་ཤེས་བཞིན་དུ་ངའི་ངག་ནས་འོས་འཚམ་མིན་པའི་སྐད་སྒྲ་ཞིག་འབྱིན་དགོས་བྱུང༌།
”ཁྱེད་ནི་ཇི་འདྲའི་འཆར་སྒྲུང་གིས་བཟི་བའི་སྐྱེས་བུ་ཞིག་རེད་ཨང༌།”
” ལགས་སོ།། འཆར་སྒྲུང་གི་མཛེས་རྟོག་ནི་དངོས་ཡོད་འཚོ་བའོ།། དངོས་ཡོད་ནི་མཛེས་རྟོག་གིས་བཞེངས་པའོ།། བསྐྲུན་པའོ།། སྐྱེ་བོ་མང་ངོ༌།། སྐྱེ་བོ་མང་པོས་ནི་བདག་གི་མཛེས་རྟོག་ཉིད་ནི་འཆར་སྒྲུང་དུ་བྱས་སོ།། དེ་ནི་རྨོངས་པ་ཉིད་དོ།།”
ཞེས་གསུངས་ཤིང་ངའི་མདུན་གྱི་སྐྱེས་བུ་དེའི་མཐོ་ཞིང་བརྗིད་པའི་སྤྱན་སྒྲོམ་འོག་གི་རི་མོ་རྣམ་པར་བཀྲ་བའི་སྤྱན་ཟུང་ནི་ཡིད་ཐང་ཆད་པའམ། ཆེས་བཏང་སྙོམས་ཀྱིས་སྤུས་ཀ་ལེགས་ལ་གཟེངས་དྲང་བའི་སྣ་རྩེར་ཕབ་སྟེ་མི་གཡོ་བའི་ཚུལ་དུ་བཞུགས་འདུག
ཨ། ངས་རྟོགས་བྱུང༌། ཁོང་ཡང་མི་སྤྱི་དང་འདྲ་བར་དངོས་ཡོད་དང་ཕུགས་འདུན་གྱི་བར་ན་སྡུག་བསྔལ་བའི་སྐྱེས་བུ་ཞིག་ཡིན་པ་ཐག་གིས་ཆོད། ངའི་སེམས་ལ་འདི་ལྟར་འཆར་བྱུང༌། སྔར་ལས་ཀྱང་སེམས་ཐག་ཉེ་རུ་བཏང་སྟེ་འདྲ་མཉམ་གྱིས་གླེང་མོལ་བྱེད་འདོད་བྱུང༌།
”རིགས་ཀྱི་བུ་མོ། ཁྱེད་ཀྱིས་བདག་རྟོགས་སམ། འཆར་སྒྲུང་རྟོགས་སམ། འཆར་སྒྲུང་འབྲི་བའང་རྟོགས་སམ། དོན་སྙིང་མེད་པ་ཉིད་དུ་རྟོགས་སམ། འཆར་རྟོག་དང་ཕུགས་འདུན་གྱི་འབྲེལ་བ་རྟོགས་སམ། བདག་ནི་ཕུགས་འདུན་ལ་ཕྱོགས་པའོ།། མི་དག་ཕུགས་འདུན་གྱིས་སྐྱེས་པའོ།། ཕུགས་འདུན་གྱིས་འཆི་བ་ཉིད་དོ།། ཟད་མེད་ཕུགས་འདུན་བསྟན་པ་ལས་གཞན་གྱི་ལམ་ནི་བདག་མ་བརྙེད་དོ།།”
”ངས་ཀྱང་དེ་ཟེར་གྱིན་ཡོད། ཟད་མེད་ཕུགས་འདུན་ཞེས་པ་ཅི་ཞིག་རེད། དེའི་དོན་ནི་ཐུག་མེད་རེད་དམ། ངས་ཐུག་མེད་ཕུགས་འདུན་གྱི་ངོས་ནས་ཁྱེད་ཀྱི་འཆར་སྒྲུང་ནང་གི་ཐུག་མེད་མི་སྣ་འཚོལ་གྱིན་ཡོད་མོད། ཅི་ཙམ་བཙལ་ཡང་དེ་ནི་མི་ཞིག་མ་རེད། འཇིག་རྟེན་འདིར་དུས་གསུམ་གང་དུའང་དེ་ནི་འཆར་ཡན་དང༌། སྟོང་བསམ། མདོར་ན་དཔེ་དེབ་ནང་གི་མི་ཙམ་པ་ཞིག་ཡིན་པ་ཐག་གིས་ཆོད།”
བཤད་མཚམས་འདིར་བསླེབས་དུས། ཤཱཀྱ་ཐུབ་པས་བརྩེ་བའི་མིག་གིས་ཐག་རིང་ལ་གཟིགས་མགོ་བརྩམས། གློ་བུར་དུ་ཅི་ཞིག་དྲན་པ་ལྟར་མིག་འོད་ཚུར་བསྡུས་ཏེ།
” དུས་ནི་སྙིགས་མའོ།། སྙིགས་མའི་སེམས་ཅན་ནི་སྡུག་བསྔལ་བའོ།། གནས་ལུགས་མ་རྟོགས་པ་ནི་དེའི་རྒྱུ་དང་རྐྱེན་ཉིད་དོ།། རྒྱུ་དེ་ནི་མི་དགེ་བའོ”ཞེས་སྤྱན་ཟུང་གཉིས་གངས་འདབས་ཀྱི་རྫིང་བུ་ཞིག་དང་འདྲ་བར་དྭངས་གཙང་ཆུ་ཡིང་ཁེངས་ནས་བྱུང༌། ངས་ཁོང་གི་ཕྱོགས་ལ་འཛུམ་མདངས་ཟུར་ཙམ་ཡང་ཤོར་དུ་མ་བཅུག་པར་འདོད་པ་ཡོད་ཚད་ཁོག་ཏུ་བཅུག་སྟེ་གཟབ་ནན་གྱིས།
”ཐུགས་མ་སྐྱོ། ངས་ནི་དེ་ལས་གཞན་ཞིག་འདོད་ཀྱིན་ཡོད། ཁྱེད་ཀྱིས་བསྟན་པའི་ལམ་དེ་ལ་མི་དག་ངེས་པར་དུ་འགྲོ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ལྷག་བསམ་རྣམ་དག་གིས་ཁྱེད་ཀྱི་གཤིས་ཀ་ཡོངས་སུ་གྲུབ་ཡོད་ཀྱང་ང་ཡིས་བསྟན་པའི་ལམ་འདི་ཁོ་ན་ཐར་པ་ཡིན་ཞིས་མ་གསུངས་རོགས། ཁྱེད་ཀྱིས་དེ་འདྲའི་མནོ་བསམ་གཏོང་ན་ལྷག་པར་དུ་བསམ་བློ་སྒེར་སྤྱོད་པ་ཞིག་གི་རང་རྟགས་མངོན་པ་མ་ཡིན་ནམ།”
”ཁྱེད་ཀྱིས་ལེགས་པར་ཉོན་དང་ཡིད་ལ་ཟུངས་ཤིག བདག་ཡོངས་སུ་རྟོགས་སོ།། མ་རྟོགས་པ་དང་མ་གྲུབ་པ་ནི་བཤད་པའི་གནས་མ་ཡིན་ནོ།། བསྐལ་བ་སྟོང་ཕྲག་བརྒྱའི་བར་དུ་བདག་དེ་ལྟར་ལམ་ལ་ཞུགས་པའོ།། ལམ་དེ་ཁོ་ན་ཉིད་བདེན་པ་ཉིད་དོ།། བདེན་པ་ཉིད་ནི་བདག་གི་ལམ་དམ་པའོ།།”
”འོ། དེས་ན་ཁྱེད་ཀྱིས་རང་ཉིད་ཚད་མའི་སྐྱེས་བུར་བསྒྲུབ་པ་ཡིན་ནམ།”
”གང་ཟག་གི་ཚད་མ་ནི་དེས་བསྟན་པའི་ལམ་གྱི་ཚད་མ་ཉིད་དོ།། ལམ་གྱི་ཚད་མ་ཉིད་ལས་གང་ཟག་གི་ཚད་མ་བྱུང་བའོ།། དེ་ནི་ཡུལ་དང་དུས་ཀྱི་ཚད་མ་ཉིད་དོ།།”
སྐབས་དེར་ཁོང་གི་འོད་མདངས་རྣམ་པར་གསལ་བའི་སྤྱན་ཟུང་གིས་ཆགས་པའི་ལྕགས་ཀྱུ་ཞིག་དང་འདྲ་བར་ངའི་མིག་ནང་དུ་ཅེར་བ་ནི། ཁྱེད་ཀྱིས་རྟོགས་བྱུང་ངམ་ཞེས་དྲི་བ་འགོད་པ་དང་ཀུན་ནས་མཚུངས།
དུས་ཞེས་པའི་ཚིག་སྣེ་ནི་དྲི་བ་ཞིག་རེད་སྙམ་སྟེ་ང་རང་མདུན་དུ་ནུར་ཙམ་བྱས་ཏེ་”ཁྱེད་ཀྱིས་ཡུལ་དང་དུས་ཞེས་པ་དེས་ཅི་ཞིག་ཁས་བླངས་པ་ཡིན།”
ཁོང་གི་ཞལ་ནས་ཅི་སྙམ་པའི་ཉམས་ཤིག་མངོན་ནས་”ཚད་མ་ནི་རེ་བ་ཞིག་གོ། ཚད་མའི་ཚད་མའང་འགྱུར་བའི་ཁྲོད་ན་གནས་སོ།། འགྱུར་བ་ནི་དུས་ཚོད་ཀྱི་ཚད་མ་ཉིད་དེ་བདག་ཀྱང་ཁས་ལེན་ནོ།།”ཟེར། སྐབས་དེར་ཁོང་གི་ཞལ་ན་འགྱོད་བཤགས་ཀྱི་ཉམས་ཀྱིས་ཁེངས་འདུག
”དེ་ནི་བདག་ཉིད་ཉེས་པ་མ་ཡིན་ནོ།། དེའང་ཐབས་དམ་པའོ།། ཐབས་དམ་པ་གང་ཞེ་ན་སློབ་གསོ་ཉིད་དོ།། ཁྱེད་ཀྱི་སྐྱེ་བ་དུ་མའི་སྔ་རོལ་ཡང་དེ་བཞིན་ཉིད་ཀྱིས་འདུལ་བའི་གནས་སོ།། བླ་ན་མེད་པ་ཉིད་ཀྱི་ཕྱིར་ན་རྫུན་ནི་རྫུན་དུ་མི་འགྱུར་རོ།། ཉན་པ་པོས་ལོག་པར་ཐོས་པ་ནི་རྫུན་ཞེས་པའོ།།”ཞེས་སྤྱན་ཟུང་བཙུམས་ནས་བཞུགས་འདུག
ངས་ཀྱང་རྐང་བ་ཤུགས་ཀྱིས་ས་ལ་བརྡབས་ཏེ”ཡང་ཁྱེད་ཀྱིས་དངོས་ཡོད་ལས་འདས་པའི་སྐད་ཆ་བཤད་འདོད་དམ། ངས་བསམ་ན་ཁྱེད་ལའང་གནའ་བོའི་བྲམ་ཟེའི་རིང་ལུགས་ཀྱི་དུག་ཕོག་འདུག གདུལ་བྱའི་ཁམས་དང་མོས་པ་ཟེར་རྒྱུ་ཡིན་ནམ། ཡང་ཁྱེད་ལ་ཁ་བསམ་གཉིས་མེད་ཀྱིས་ཕྱག་འཚལ་མཁན་དེ་དག་གི་མགོ་ལ་འཕེན་རྒྱུ་ཡིན་ནམ།”
”སྨྲ་བ་གང་ཞིག་བདག་ཉིད་བདེན་པའོ།། ཁོ་བོ་ཅག་གིས་སྨྲ་བ་ནི་བྱིས་པའི་གཏན་ཚིགས་ཉིད་ཀྱི་སྐྱོན་དུ་ཟད་དོ།། བདག་རིག་པ་སངས་པར་སྨྲ་བ་ནི་སྐབས་དེ་ཙ་ན་ཞེས་བྱ་བ་ཉིད་དོ།།”
”ངས་གནད་དོན་གཉིད་རྟོགས་སོང༌། ཡང་ན་ཁྱེད་ཀྱིས་སློབ་མའི་ཆེད་དུ་རླབས་ཆེ་བའི་རྫུན་ཞིག་བཤད་པ་རེད། ཡང་ན་ཁྱེད་ཀྱི་སློབ་རྒྱུད་དག་གི་བྱིས་བློའི་ཚུར་སྣང་རེད། ངས་ཤེས་པའི་དོན་དངོས་ནི་ཁྱེད་ཉིད་སངས་རྒྱས་མ་ཡིན་པར་ཤཱཀྱའི་ཕོ་རྒོད་ཅིག་རེད།”
”བདེན་ནོ།། བདེན་ནོ།། རྣམ་དཔྱོད་མེད་པ་ནི་དངོས་ཡོད་ལས་འདས་པ་ཉིད་ཀྱིས་འཁྲིད་པའི་གནས་སོ།། སྐྱེ་བོ་དག་ལ་སྟོང་བསམ་ཡོད་དོ།། སྟོང་བསམ་ནི་འཚར་སྣང་བསླང་བའི་ཞིང་ས་ཉིད་དོ།། འཚར་སྣང་བསླང་བ་ནི་དངོས་ཡོད་ལས་འདས་པ་ཉིད་ཀྱིས་བྱེད་དོ།།”ཞེས་ཁོང་གི་སྤྱན་གཉིས་ཀྱིས་དྭངས་གསལ་གྱི་ནམ་མཁར་གཟིགས།
”ཁྱེད་ནི་དངོས་གནས་སྐྱེས་བུ་དྲང་བདེན་ཞིག ཁོ་ཚོའི་གཏན་ཚིགས་ཁྲོད་ཀྱི་མི་སྣ་དེ་ཉིད་ཁོ་ཚོའི་རེ་སྨོན་གྱིས་བཞེངས་པ་ཙམ་རེད། ཁྱེད་ནི་དོན་དངོས་འཆར་སྒྲུང་ནང་གི་མི་སྣ་དེ་མ་རེད།”
སྐབས་དེར་ངས་ཤཱཀྱ་ཐུབ་པའི་ཞལ་ལ་ཞིབ་དཔྱོད་ཀྱི་མིག་གིས་གསལ་བོར་བལྟས་ཏེ་དྲི་བ་ཞིག་འདྲི་འདོད་སྐྱེས། ཁོང་ཡང་སྒམ་བརླིང་གིས་བཞུགས་ཤིང་གློ་བུར་གློ་བུར་དུ་འཚབ་སྣང་ལྟ་བུའི་གཡོ་འགུལ་མི་མངོན་པ་རེ་བྱེད།”ཁྱེད་ཀྱིས་ལྟ་བའི་མཐར་ཐུག་ནི་དུག་སྤངས་ཞེས་པ་དེ་ཡིན་ནམ།”
སྐབས་དེར་ངས་དྲི་བ་ཞིག་གི་འགོ་བསླངས།
”བདེན་ནོ།། བདེན་ནོ།། ཁྱོད་བདེན་ནོ།། སྡུག་བསྔལ་བ་ནི་དུག་གསུམ་ཉིད་ཀྱིས་སོ།། དུག་གསུམ་ནི་ཚོན་མདངས་ལྡན་པའི་གྲུ་ཆུང་ཞིག་གོ། དྲག་རླབས་ཁྲོད་ཀྱི་གྲུ་ཆུང་དེ་ནི་སྐྱེ་བོ་དག་རྩེད་འཇོར་རོལ་བའི་གནས་སོ།། སྐྱེ་བོ་རྣམས་ཀྱིས་གྲུ་ཆུང་གི་ཚོན་མདངས་ཁོ་ན་ལས་མི་མཐོངངོ༌།། དེའི་ཕྱིར་ན་དུག་གསུམ་གྱི་སྡོང་བོ་མངོན་པར་རྒྱས་སོ།། མངོན་པར་རབ་ཏུ་རྒྱས་སོ།། སྡུག་བསྔལ་བ་ནི་དེའི་ཡལ་ག་དང་མེ་ཏོག་ལྟ་བུའོ།། འབྲས་བུ་ནི་སླར་ཡང་འདུ་བྱེད་པ་ཉིད་དོ།།”ཞེས་ཟེར་ཞིང་ད་དུང་”སྟོང་པ་ཉིད་ཁོ་ནས་་་་་་་་་་་་་་་་”ཞེས་བརྗོད་ཚིག་གཞན་ཞིག་གི་སྒོ་ནས་འཆད་གྲབས་བྱེད་མོད། ངས་ཁོང་གི་ཚིག་མཚམས་བཅད་དེ། ”ད་གསུངས་མི་དགོས། ངས་ཡོངས་སུ་རྟོགས་སོང༌། ཡང་ཁྱོད་ཀྱིས་རང་ཉིད་ཀྱི་བསམ་བློ་ཡང་དག་ཡིན་པར་དཔེ་དང་རིགས་པས་སྒྲུབ་པའི་གནའ་བོའི་རྒྱ་གར་མི་རིགས་ཀྱི་གཤིས་ཀ་མངོན་བྱུང༌། ཁྱེད་ཚོར་ཞན་ཆ་ཞིག་ཡོད་པའང་འདི་ཁོ་ན་རེད། རིགས་པ་དང་དཔེ་ནི་མི་ལ་བདག་པ་ཞིག་ཡིན། དེའང་ཡང་དག་ཡིན་པའི་ངེས་པ་ག་ལ་ཡོད། དོན་སྙིང་ངོ་མ་དེ་ལག་ལེན་གྱི་སྟེང་ན་ཡོད། ཁྱེད་ཚོ་རྒྱ་གར་བས་ནམ་ཡང་གཞུང་ལུགས་དང་ལག་ལེན་བར་གྱི་འགལ་བ་དང༌། དངོས་ཡོད་དང་ཕུགས་བསམ་བར་གྱི་འགལ་བ་ཐག་གཅོད་བྱས་མི་འདུག འདི་ནི་ཁྱེད་ཚོའི་རྒྱ་གར་མཚན་ཉིད་རིག་པའི་ཁྱད་ཆོས་རེད།”
སྐབས་དེར་ཤཱཀྱ་ཐུབ་པའི་གདོང་ལ་སུན་སྣང་གིས་ཁེངས་ཏེ། ”རིགས་ཀྱི་བུ་མོ། ཁྱེད་ཀྱིས་དགག་པར་བྱ་བ་ནི་བདག་ལགས་སམ། དེ་ནི་ཁུར་གྱི་ནང་ནས་ཆེས་ལྕི་བ་ཉིད་དོ།། ཁྱེད་ཀྱིས་རྩོད་པའི་ཡུལ་ནི་གངྒཱའི་བྱེ་མའི་རྡུལ་དང་མཉམ་པའི་སྐྱེས་བུ་དག་གོ། རྩོད་པར་བྱ་བ་ནི་དེ་དང་མཉམ་པའི་གཞུང་ལུགས་སོ།།”ཟེར།
”འདི་ནི་སྐྲག་དགོས་པ་ཞིག་མ་རེད། གནས་ལུགས་མཐའ་དག་སྔར་ཡོད་གཞུང་ལུགས་དང་རྒྱུན་གོམས་རྩོད་རྒྱུན་གྱིས་ཐག་གཅོད་བྱེད་མི་ཐུབ་པ་འཚོ་བ་དངོས་ཀྱིས་ར་སྤྲོད་བྱེད་ཀྱིན་ཡོད། མཁས་པ་ཡིན་ཟེར་ཡང་དོན་དངོས་སུ་གཞན་གྱི་ལྟ་བའི་སྡོམ་བཀྱིག་གི་འོག་ན་འཚོ་བའི་མི་དག་ལ་ངས་ནམ་ཡང་རྩོད་པ་མི་བྱེད། རྩོད་པ་ཁོ་ནས་མི་ཚེ་སྐྱེལ་མཁན་རྣམས་ལ་དེ་བས་ཀྱང་རྩོད་པ་མི་བྱེད། ཁོ་ཚོས་ཤེས་པ་ནི་མགྱོགས་པོར་ཕ་རོལ་བོའི་ཁ་འགོག་རྒྱུ་ཁོ་ན་ཙམ་རེད།”
”ལགས་སོ།། ལགས་སོ།། ཁྱེད་ཀྱིས་འཆད་པར་བྱ་བ་ནི་ཅི་ཞིག་ལགས། རྩོད་པར་བྱ་བའང་ཅི་ཞིག་ལགས། བདག་ཐོས་པར་བྱའོ།། བདག་བསམ་པར་བྱའོ།། དེ་ལྟ་ནའང༌། ཁྱེད་ལ་འཆད་པར་བྱ་བའི་གནས་མ་མཆིས་སོ།།”ཟེར།
ངས་རྟོགས་སོང༌། ད་ནི་ངེད་གཉིས་ཀྱིས་ཕན་ཚུན་ལ་གུས་བརྩི་བྱེད་པའི་བརྗོད་ངག་ལས་འདས་ཟིན་པ་རྟོགས་བྱུང༌། དེ་མ་ཐག་ཏུ་ངས་ཁོང་ལ་གུས་བརྩི་ཅི་ཡང་མེད་པའི་སྒོ་ནས།
”ངས་སྦ་གསང་མེད་པར་དྲང་མོར་བཤད་ན་ཁྱེད་ཀྱི་བསམ་བློ་ནི་ཕྱི་རྣམ་ཙམ་བསྐྱར་བཅོས་བྱས་པའི་རྒྱ་གར་བྲན་གཡོག་སྤྱི་ཚོགས་ཀྱི་རིག་དངོས་ཤུལ་བཞག་དག་ལ་པར་ཆས་གསར་པས་པར་བརྒྱབ་པ་ཙམ་རེད། ཚོན་མདངས་མི་འདྲ་བ་ཙམ་ལས་དངོས་པོ་ནི་གདོད་མའི་དངོས་པོ་དེ་རེད། མདོར་ན་ཁྱེད་ཀྱི་བསམ་བློ་ནི་སྐབས་དེའི་ཁྱོད་ཚོའི་མི་རིགས་ཀྱི་རེ་སྨོན་ཙམ་རེད། དུས་སྐབས་དེ་ལ་བཞག་ན་ལོ་རྒྱུས་ཀྱི་རིན་ཐང་ཡོད་སྲིད་མོད། ད་ལྟའི་དུས་སུ་ཁྱེད་ཀྱི་བསམ་བློར་དཔྱད་ན་བྱིས་པའི་དོན་དངོས་བོར་བའི་ཕ་མའི་བྱམས་བརྩེ་ལས་མ་འདས། ངས་ཁྱེད་ལ་འདོད་འགོག་རིང་ལུགས་པ་དང་ཀུན་སྤྱོད་རིང་ལུགས་པ་ཟེར་བར་ཐེ་ཚོམ་མེད།”
ཤཱཀྱ་ཐུབ་པས་ཨུ་ཚུགས་ཀྱིས་ཁྲེལ་འཛུམ་ཙམ་གནང་སྟེ།
”གང་ཞིག་གང་ལ་འདོད་འགོག་རིང་ལུགས་པ་ཞེས་བྱའོ།། གང་ཞིག་གང་ལ་ཀུན་སྤྱོད་རིང་ལུགས་ཞེས་བྱའོ།། འཆད་པར་གྱིས་ཤིག གང་ཞིག་གང་ལ་འཆད་དུ་མེད་པ་ནི་ཡང་མ་དག་པའོ།།”ཁོང་གིས་ང་ལ་དོན་དེ་གཉིས་ལ་འགྲེལ་བཤད་མེད་པའི་མཚང་འབྱིན་བྱེད་ཀྱིན་པ་འདྲ། ངའི་ལུས་ཀྱི་དྲོད་ཚད་ཀྱང་འཕར་བའི་རྩེ་མོར་སོན་ཡོད་པས་ན་གུས་བརྩི་ཅི་ཡང་མེད་པའི་སྒོ་ནས་ཁོང་གི་བསམ་བློར་མཚང་འབྱིན་བྱེད་འདོད་སྐྱེས།
”ཁྱེད་ཀྱིས་མི་འདོད་པའི་ཁྲེལ་རྒོད་མ་གནང་རོགས། ངས་དེ་ལྟར་བཤད་དོན་ཁྱེད་རང་ཉིད་ཀྱང་ཀུན་སྤྱོད་ཀྱི་རྒྱ་རུ་ཚུད་འདུག་ཅེས་པ་ཡིན། ཁྱེད་ཀྱི་ལྟ་བའི་ནང་སྒྲོམ་གྱི་ངོས་ནས་བལྟས་ན་སྡུད་པ་དང་འབྱེད་པའི་རིག་གནས་གཉིས་ལས་སྡུད་པའི་རིག་གནས་ཤིག་རེད་ཟེར་རྒྱུ་ཡིན། ངས་འདི་ནས་སྡུད་པ་ཞེས་པས་ཀུན་སྤྱོད་སྟོན་གྱིན་ཡོད། ཀུན་སྤྱོད་ཀྱི་ཚད་གཞི་གཅིག་གི་སྟེང་ནས་ཆོས་རྣམས་ཀྱི་གནས་ལུགས་འཚོལ་མོད། སླར་ཡང་སེམས་ཁམས་ཀྱི་སྣང་ཚུལ་ལས་ཐར་མེད་པས་ན་སྡུད་པའི་རིག་གནས་སུ་གྱུར་བ་རེད། རྒྱུ་མཚན་དེ་བས་ཁྱེད་ལ་བློ་གྲོས་སུ་གཏོགས་པའི་འབྱེད་པའི་རིག་གནས་ཀྱི་གོ་རྟོགས་མི་འདུག་ཟེར་གྱིན་ཡོད། མི་མངོན་པའི་ཁྲིམས་ལུགས་བསྟན་ནས་ཀུན་སྤྱོད་ཀྱིས་ཀུན་སྤྱོད་བསྒྲགས་སྤེལ་བྱེད་པ་ཙམ་རེད། ཁྱེད་ཀྱིས་བསྟན་པ་ནི་ཀུན་སྤྱོད་ཀྱིས་ཀུན་སྤྱོད་སྣེ་ཁྲིད་བྱས་པའི་ཀུན་སྤྱོད་རིག་གནས་ཤིག་རེད།”ཅེས་མུ་མཐུད་དུ་དཔྱད་གཏམ་ལྷུག་གྲོལ་བྱེད་འདོད་ཀྱང་ཤཱཀྱ་ཐུབ་པས་ངའི་ཚིག་མཚམས་བཅད་དེ། ”གང་ཞིག་འདོད་འགོག་རིང་ལུགས་ཞེས་བྱ་ན། དེའང་ཁྱེད་ཀྱིས་འཆད་པར་བྱ་བའི་གནས་སོ།།”ཟེར།
”རེད། མ་གཞི་འཇིག་རྟེན་ནི་བདེ་སྐྱིད་ཀྱི་སྤྲོ་ཁང་ཞིག་སྟེ་འདོད་པ་ཡོད་ལ་རོལ་བའང་ཡོད་པས་ན་ཕོ་མོ་ལྷན་སྡེབ་ཀྱི་ཚད་མེད་སྤྲོ་སྐྱིད་ཡོད་པར་གྱུར། ང་ཚོའི་འཇར་མན་སྐད་ཀྱིས་འདི་ལ་རང་དབང་སྤྲོ་སྐྱིད་ཟེར། ཁྱེད་ཀྱིས་མི་ལ་ལྷན་སྐྱེས་སུ་མངའ་བའི་འདོད་པ་བཀག་པ་འདི་ལུགས་མཐུན་ཞིག་ག་ལ་ཡིན། འདོད་པ་བཀག་པ་ནི་དོན་དངོས་སུ་འདོད་པ་ཇེ་ཆེར་གཏོང་བའི་བྱ་སྤྱོད་ཅིག་ཡིན་ཏེ་བཀྲེས་ལྟོགས་ཀྱིས་མནར་བའི་མི་ཞིག་གི་ཟ་འཐུང་ལ་ཕྱོགས་པའི་བསམ་བློ་འགོག་ཐུབ་བམ།”
ཤཱཀྱ་ཐུབ་པས་ངས་གོ་མི་ཐུབ་པའི་ཨུ་རྡོའི་སྐད་ཀྱིས་གཟུངས་སྔགས་ཤིག་བགྲང་སྟེ་ཡུད་ཙམ་འགོར་རྗེས། ”འདོད་པས་མྱོས་པའང་ཁྱོད་ཉིད་དོ།། འདོད་པ་ནི་བླ་ན་མེད་པ་དང་གོང་ན་མེད་པ་ཉིད་དུ་བསམ་པ་ནི་ཁྱོད་ཉིད་དོ།། དཔྱོད་པར་བྱ་བ་ནི་འདོད་པའི་ལས་སུ་མི་རུང་ངོ༌།། རྟོགས་པར་བྱ་བའང་འདོད་པ་ཉིད་ཀྱིས་གཞལ་བའི་གནས་མ་ཡིན་ནོ།། བདག་འདོད་པ་ཡོངས་སུ་མཐོང་བའོ།། འདོད་པ་ནི་འཆི་བར་བྱེད་པ་ཉིད་དོ།། འདོད་པ་ནི་འཇིགས་པའི་གནས་སོ།།”
”ཡང་ཁྱེད་ཀྱིས་ཕྱོགས་གཅིག་ཁོ་ནར་ལྟ་གྱིན་འདུག དེ་ན་འདོད་པ་ནི་འཇིག་རྟེན་གྱི་དོན་སྙིང་མཐར་ཐུག་ཡིན་པ་དང༌། འདོད་པ་ཁོ་ནས་མི་མིར་ཤེས་པ་རེད་ལ། འཚོ་བ་འཚོ་བར་རྟོགས་པ་རེད། སྡུག་བསྔལ་སྡུག་བསྔལ་དུ་ཤེས་ཤིང་བདེ་བ་བདེ་བར་རྟོགས་པ་རེད། སྤྱི་ཚོགས་སྤྱི་ཚོགས་སུ་གྱུར་བ་ཡིན་མོད། ཁྱེད་ཀྱིས་འདིའི་ཕྱོགས་ནས་མི་གླེང་བ་ནི་གཡོལ་བ་ཙམ་མ་ཡིན་ནམ། ཐ་ན་སྲོག་ལྡན་མཐའ་དག་ལ་འདོད་པས་སྦྱིན་པའི་བདེ་བ་ནི་དངོས་པོ་གཞན་གྱིས་འགྲན་མི་ནུས་པ་ཞིག་ཡིན་པ་ཅིའི་ཕྱིར་མ་བཤད་པ་ཡིན། ཁྱེད་ལ་གདེང་ཚོད་ཡོད་དམ། ཁྱེད་ཀྱི་བསམ་པའི་ཚད་གཞི་ལ་བསླེབས་ཟིན་པའི་མི་ཞིག་གིས་མཚན་གཞི་ཞོགས་དང༌། ངས་བསམ་ན་དུས་གསུམ་གང་དུའང་དེ་འདྲའི་མི་ཞིག་འཇིག་རྟེན་འདིར་ཡོད་མི་སྲིད་པ་ཞིག་རེད།”
ད་དུང་ངས་དངུལ་ལོ་མོད་པའི་བླ་གྲ་དག་དང་བུ་མོ་མཛེས་མ་དག་གི་བར་ན་འབྱུང་བཞིན་པའི་དངོས་ཡོད་ཀྱི་འཁྲབ་ཚན་དམར་པོ་དག་གླེང་འདོད་ཀྱང༌། ཤཱཀྱ་ཐུབ་པའི་ཞལ་རས་འཛུམ་མདངས་ཀྱིས་ཁེངས་པའི་ངང་ཚུལ་ལ་བལྟས་ན། འཇིག་རྟེན་འདིར་ངའི་རེ་བའི་ཚད་གཞིར་བསླེབས་པའི་མི་ཞིག་མ་བྱུང་ནའང༌། ངས་ད་དུང་བསམ་གཞིགས་བྱེད་ཀྱིན་ཡོད། ངས་བསམ་ཚད་སྟོང་བསམ་མིན་པའི་དམ་བཅའ་དེ་སྔ་མོ་ནས་ང་རང་ཉིད་ཀྱི་སེམས་ཁོང་ལ་བཅུག་ཡོད། ཁྱེད་ཀྱིས་དྲང་གཏམ་ཞིག་ཤོད་དང༌། ངས་འཇིག་རྟེན་ལ་ཞི་བདེ་བསྒྲུབས་པའི་བྱས་རྗེས་ཏིལ་འབྲུ་ཙམ་ཡང་མི་གླེང་བ་གང་ཡིན་ནམ་ཞེས་པའི་དྲི་བ་འདོན་པ་དང་མཚུངས། ངས་མུ་མཐུད་དུ་ཁོང་གི་སེམས་ཁོང་གི་དྲི་བར་ལན་འདེབས་བྱས་པ་ཡིན།
”འཇིག་རྟེན་ན་ཞི་བདེ་བརྩོན་ལེན་བྱེད་བཞིན་པ་བདེན་པ་རེད། དེ་ནི་རྒྱུན་ཤེས་ཤིག་ཡིན་པ་ལས་ཁྱེད་ཀྱི་མཛད་རྗེས་སུ་བརྩི་རུང་ངམ། དམག་འཁྲུག་ལས་རྟོགས་སད་བྱུང་བའི་ཞི་བདེའི་གླུ་དབྱངས་ནི་མིའི་རིགས་ལ་དམག་འཁྲུག་གིས་འབོད་སྐུལ་གནང་བའི་ཞི་བདེའི་སྒུལ་ཤུགས་ཡིན་པ་ཐག་གིས་ཆོད་མོད། དེའང་ཁྱེད་ཀྱིས་ལྐོག་གྱུར་འགྲེལ་བརྗོད་ཀྱི་ནུས་པར་བརྩི་རུང་ངམ། དེ་ནི་ལག་ལེན་ལས་བྱུང་བའི་རྟོགས་སད་ཅིག་མ་རེད་དམ། ད་དུང་ངས་བཤད་འདོད་པ་ནི་ཁྱེད་ཀྱིས་བསྟན་པའི་སྡུག་བསྔལ་དེ་ནི་འཇིག་རྟེན་མཐའ་དག་གི་བདེ་བའི་འབྱུང་ཁུངས་ཉིད་དུ་ངེས་མོད། དེ་འདྲའི་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ་ཤེས་བཞིན་དུ་བདེ་བ་མཐའ་དག་སྡུག་བསྔལ་གྱི་རྒྱུ་རུ་སོང་བ་ཁོ་ན་ལས་མི་དྲན་པ་ཅི་ཡིན་ནམ། རང་ཉིད་ཀྱི་རེ་བ་ཚད་གཞི་ལ་བཟུང་ནས་འཇིག་རྟེན་གྱི་གནས་ལུགས་ཚང་མ་བསྐྱར་བཅོས་བྱེད་འདོད་པ་དེ་ནི་ཁྱེད་ཉིད་སེམས་གཙོ་རིང་ལུགས་ཀྱི་མཐར་ལྷུང་བ་མ་ཡིན་ནམ།”
”རིགས་ཀྱི་བུ་མོ། དེ་ནི་འཕགས་པའི་སྤྱོད་ཡུལ་ཡིན་ནོ།། སོ་སོ་སྐྱེ་བོ་རྣམས་དེ་ལས་དཔག་ཚད་འབུམ་ཕྲག་གི་ཕ་རོལ་ཏུ་གནས་པའོ།། ཁྱོད་ཀྱང་དེ་བཞིན་ནོ།། བདག་འདོད་པའི་གནས་ལུགས་ནི་ཤེས་རབ་ཉིད་དོ།། ཚུལ་ཁྲིམས་ཉིད་དོ།། ཤེས་རབ་གང་ཞེ་ན་ཚུལ་ཁྲིམས་སོ།། དེ་དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ཤེས་རབ་ཉིད་དུ་བསྟན་ཏོ།། དེ་ལྟར་རྟོགས་པ་ནི་བདེ་བའོ།།”སྐབས་དེར་ཁོང་དང་ངེད་གཉིས་ནི་ཆེས་འགལ་བར་གྱུར་བའི་དངོས་པོ་གཉིས་སུ་ངེས་པས་ཁོང་གི་འཛུམ་མདངས་ཁྲོད་ཀྱི་རྩོད་ཚིག་རེ་རེ་ནི་བདག་ལ་མཚོན་ན་ཅི་འདྲའི་དངོས་ཡོད་ལས་འདས་པ་ཤ་སྟག་རེད་ཨང༌། ངས་བསམ་བློ་ཅི་ཡང་མ་བཏང་བར།
”ང་ནམ་ཡང་དེ་འདྲའི་སྐད་ཆ་ལ་ཡིད་ཆེས་མེད། ལྷ་སྐད་དེ་དག་གནའ་དཔེ་ནང་གི་སྐད་ཆའི་རིན་ཐང་ཙམ་རེད། དེ་ནི་ལྷམ་མེད་པའི་མི་ལ་གསེར་ལྷམ་གྱི་གཏམ་རྒྱུད་བཤད་པ་དང་གཅིག་མཚུངས་རེད།”
སྐབས་དེར་ཤཱཀྱ་ཐུབ་པས་ངོས་ལེན་མེད་པའི་ཧབ་ཆ་ཞིག་ཞིག་བྱས་ཏེ
”རིགས་ཀྱི་བུ་མོ། མ་དག་པའི་གཏམ་འཆད་པར་མི་བྱའོ།། བདག་རྟོགས་སོ།། ཁྱེད་ཉིད་སྐལ་ལྡན་གྱི་སྐྱེས་བུར་རྟོགས་སོ།།”ཟེར།
ང་ལའང་གནོན་དཀའ་བའི་ཁོང་ཁྲོ་ཞིག་ལངས་བྱུང༌། ”ཁྱེད་ཀྱིས་མཐོང་ཆུང་གི་ཧབ་ཆ་མ་གནང་རོགས། ཁྱེད་ཀྱིས་སེམས་ཅན་གྱི་ཆེད་དུ་ཡིན་པར་བརློམ་ནས་མི་ཐོག་མང་བོར་འབད་པའི་ཁྱིམ་ཚང་ཞིག་འཐོར་ཞིག་ཏུ་བཏང༌། ད་དུང་མཛེས་མ་ཞིག་ཁེར་རྐྱང་དུ་ཕུད། བྱིས་པ་ཞིག་དྭ་ཕྲུག་ཏུ་བསྐྱུར་བ། དེ་ནི་ཁྱེད་ཀྱི་བཙན་འཛུལ་རེད། དེ་ནི་ཁྱེད་ཀྱི་ནག་ཉེས་རེད། རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་སྤྱོད་དེ་བསམ་ན་ང་དབང་མེད་དུ་སྐྱུག་བྲོ་བ་ཞིག་རེད། ཁྱེད་ཀྱིས་ཁྱེད་རང་ཉིད་ཀྱི་བསམ་བློ་ཁོ་ན་ལས་ཅི་ཡང་མཐོང་མི་འདུག”
ཤཱཀྱ་ཐུབ་པས་ཧ་ཅང་བཟོད་སྒོམ་གྱིས་ངའི་གདོང་ལ་ལྟ་ཙམ་བྱས་ཏེ་བརྩེ་བ་སྦྱིན་པའི་སྣང་ཚུལ་བསྟན་མོད། ངས་རང་ཉིད་ཀྱི་སེམས་པ་གཅུན་ཐབས་བྱས་ཏེ་མུ་མཐུད་བཤད་པ་ཡིན།
”ཁྱེད་ཀྱིས་བརྩམས་པའི་བསྟན་བཅོས་ཀྱི་སྒེར་གཅོད་དེས། མིའི་རིགས་ཀྱི་འཚོ་བའི་ཤེས་རྟོགས་ཀྱི་སྒོ་མོ་མང་བོ་ཞིག་བཙན་གྱིས་བརྒྱབ་པ་རྟོགས་བྱུང་ངམ། སེམས་ཁམས་བརྟག་དཔྱད་རིག་པས་བལྟས་ན་ཁྱེད་ཀྱི་རྗེས་འཇུག་པ་ཚང་མར་སེམས་ནད་ཡོད་པ་ར་སྤྲོད་བྱེད་ཐུབ། ཤེས་རིག་འཚོལ་ཞིབ་པས་བལྟས་ན་ཁྱེད་ཀྱི་རྗེས་འཇུག་པ་ཚང་མ་སྟོང་སེམས་ཀྱི་འཚོལ་སྙེག་པ་ཤ་སྟག་རེད། སྤྱི་ཚོགས་རིག་པའི་ངོས་ནས་བལྟས་ན་ཁྱེད་ཀྱི་རྗེས་འཇུག་པ་ཚང་མ་བྲན་གཡོག་སྤྱི་ཚོགས་ལས་བརྒལ་ཐུབ་མེད། མི་ཆོས་རིག་པའི་ངོས་ནས་བལྟས་ན་ཁྱེད་ཀྱི་རྗེས་འཇུག་པ་ཚང་མ་མི་ངོ་མ་ཞིག་ཏུ་འགྱུར་བར་ད་དུང་བར་ཐག་ཧ་ཅང་རིང༌། གང་ལྟར་མདོར་བསྡུས་ན་ཁྱེད་ཀྱིས་བརྩམས་པའི་བསྟན་བཅོས་མཐའ་དག་གིས་ཁྱེད་ཁོ་ནའི་བསམ་བློའི་ཚབ་བྱེད་པ་ཙམ་རེད།”ངས་རང་གཅུན་མ་ཐུབ་པར་བསམ་བཞིན་དུ་ཤཱཀྱ་ཐུབ་པར་ནག་ཉེས་བརྩི་བའམ་འགྲན་བསླང་བ་དང་འདྲ་བར་གུས་བརྩི་མེད་པའི་ཚིག་རྩུབ་མང་བོ་རྒྱུ་མཚན་དང་སྦྲགས་ཏེ་ཐལ་སོང༌། བཤད་ཚར་དུས་གཞི་ནས་ངས་ཞར་དང་ཞོར་ལ་ཁོང་གི་མི་ཚུལ་ལ་བརྩི་འཇོག་མ་བྱས་པར་འགྱོད་པ་ཞིག་སྐྱེས།
ཤཱཀྱ་ཐུབ་པས་ཤིན་ཏུ་བརྩེ་བའི་མིག་དཀྱུས་ཡངས་པོས་ངའི་མགོ་ལུས་བར་གསུམ་ལ་ཞིབ་ལྟ་ཞིག་བྱས་ཏེ་འཇམ་ཞིང་ཆེ་བའི་ལག་པས་ངའི་རྒྱབ་ལ་བྱིལ་བྱིལ་གནང་བཞིན། དུས་རབས་འདིའི་སྐད་ཆ་ཤོད་སྟངས་ཀྱིས་”འོ་འོ་འོ། ཁྱེད་ཉིད་དགོངས་པ་ཚོམས་ཡོད་པ་འདྲ། ད་ལྟ་ཁྱེད་ཀྱིས་བདག་དང་བདག་གི་ཡོད་ཚད་དུས་རབས་འདིའི་ནང་དུ་བཞག་ནས་བལྟས་སོང༌། འོན་ཀྱང་ཁྱེད་ཀྱིས་ཤེས་པའི་ཤཱཀྱ་ཐུབ་པ་དེ་དུས་རབས་སྔོན་མ་སྔོན་མའི་མི་ཞིག་མ་རེད་དམ། བརྩེ་བའི་བུ་མོ། ཁོང་ཁྲོ་མ་གནང༌། དེ་ལས་ངེད་གཉིས་ཇ་ཁང་ཞིག་ཏུ་འགྲོ”ཞེས་ཟེར་བས། ངེད་གཉིས་ཇ་ཁང་ཞིག་ཏུ་སོང་ནས་འོ་ཇ་འཐུང༌། ཁོང་གི་ཁོང་ཁྲོ་མེད་པའི་མི་གཤིས་ཀྱིས་ངའི་ཡིད་སེམས་དབང་མེད་དུ་འཕྲོག་སོང༌། འོ་ཇ་འཐུང་ཞོར་དུ་ངས་ཡང་དང་བསྐྱར་དུ་ཁོང་གི་ཞལ་རས་ལ་མི་མངོན་པའི་ཚུལ་གྱིས་ལྟ་དགོས་བྱུང་བ་ནི་བུ་མོ་ཞིག་གིས་རང་ཉིད་དང་འབྲེལ་བ་ཅི་ཡང་མེད་པའི་ཕོ་གསར་ཞིག་ལ་ཡང་ཡང་ལྟ་བ་དང་མཚུངས། ཁོང་ཉིད་མི་ལ་དགའ་བ་བཞིན་འོ་ཇ་ལའང་ཧ་ཅང་དགའ་བ་འདྲ། ཧང་སངས་དགོས་པ་ཞིག་ལ་ཁོང་གི་གཟན་འོག་ནས་ཁ་ནིའ་ཞིག་བླངས་ཏེ་མྱུར་བར་ཁ་ནང་དུ་བཅུག་སོང་་་་་་་་་་་་་་་་་་་་་་་
འཇར་མན་ནས་ཡིན་པའི་བུ་མོ(Anna)ཨན་ནའི་ཉིན་ཐོའི་མཇུག་ཏུ་འདི་འདྲའི་ཚན་པ་ཐུང་ཐུང་ཞིག་ཁ་སྣོན་བརྒྱབ་འདུག
ང་འཇར་མན་དུ་ལོག་ནས་ཧུར་བརྩོན་གྱིས་ལས་ཀ་བྱས་ཏེ་ལོ་རྗེས་མར་སླར་ཡང་ཤཱཀྱ་ཐུབ་པར་ཐུག་འདོད་ཡོད། དེ་དུས་ངས་ཁོང་ལ་ད་ལྟ་ལས་ལྷག་པའི་གླེང་མོལ་བྱ་བར་འདོད། འདི་ནི་ངའི་དམ་བཅའ་ཡིན། དེ་ནི་ཅིའི་ཕྱིར་ཡིན་ནམ་ང་རང་ཉིད་ཀྱང་ཐེ་ཚོམ་དགོས་པ་ཞིག་མ་ཡིན་ནམ། དེ་བས་ད་དུང་སྡོན་ཚིག་མ་རྒྱག་རོགས། ང་ཡི་ཀློག་མཁན་དམ་པ་རྣམས།
འགོད་མཁན་གྱི་གསལ་བཤད།
(འདིར་རྩོམ་པ་པོ་ཨ་འཁོར་བཟོད་པ་ལགས་ཀྱི་བརྩམས་སྒྲུང་བཀོད་ཚར་བ་ཡིན་ལ། དེའང་རྩོམ་པ་པོ་ཁོ་རང་གི་ཆོག་མཆན་བརྒྱུད་བཀོད་པ་ཡིན། ཀློག་མཁན་རྣམས་ཀྱི་ཐུགས་སྣང་གནང་དགོས་པ་ཞིག་ལ། བརྩམས་སྒྲུང་འདིའི་མཇུག་ད་དུང་རྫོགས་མེད་པ་དེ་རེད།
དེ་བས་ཀློག་པ་པོ་རྣམས་ཀྱིས་ཐག་གཅོད་དང་སྡོམ་ཚིག་བཀོད་རྒྱུ་མ་སྔ་བར་ང་ཚོས་བུ་མོ་ཨན་ན་ཕྱིར་ཤཱཀྱ་ཐུབ་པར་གླེང་མོལ་བྱེད་དུ་འོང་བར་རེ་སྒུག་བྱེད་དོ།། )