དོལ་སྨྱོན།
དེ་རིང་བཞུར་བའི་མིག་ཆུ་འདི་ནི་མཛའ་མོར་ཕུལ་བའི་མཆོད་པ་ཡིན།།
དེ་རིང་ཤོར་བའི་དབུགས་རིང་འདི་ནི་མཛའ་མོ་དྲན་པའི་དབྱངས་རྟ་ཡིན།།
དེ་རིང་འཁྱོར་བའི་གོམ་ཟུང་འདི་ནི་མཛའ་མོར་དུང་བའི་བདེན་དཔང་ཡིན།།
དེ་རིང་བྲིས་པའི་སྙན་ངག་འདི་ནི་སྙིང་ཆུང་སྒུལ་བའི་འཕར་སྒྲ་ཡིན།།
དེ་རིང་ནམ་མཁའི་ཆུ་འཛིན་འདི་ནི་མཛའ་མོར་ཕུལ་བའི་འཕྲིན་པ་ཡིན།།
དེ་རིང་འབབ་པའི་སྦྲང་ཆར་འདི་ནི་མཛའ་མོ་དྲན་པའི་མིག་ཆུ་ཡིན།།
དེ་རིང་དྲོ་འཇམ་ཉི་འོད་འདི་ནི་མཛའ་མོར་བཅངས་པའི་བརྩེ་བ་ཡིན།
དེ་རིང་རྒྱུ་བའི་བསིལ་རླུང་འདི་ནི་མཛའ་མོས་གནང་བའི་ལེགས་སྐྱེས་ཡིན།།
དེ་རིང་བཞིན་ལ་འཛུམ་ཞིག་མི་འདུག་སེམས་ཀྱི་ཕྱི་ནང་མུན་པ་རེད།།
དེ་རིང་ལས་ལ་སྤྲོ་སྣང་མི་འདུག་ཁོར་ཡུག་ཡོད་ཚད་སྟོང་པ་རེད།།
དེ་རིང་སེམས་ལ་དགའ་ཚོར་མི་འདུག་སེམས་ཀྱི་མདུན་རྒྱབ་ན་ཟུག་རེད།།
དེ་རིང་གང་ལའང་འདོད་པ་མི་འདུག་བྱ་བཞག་ཐམས་ཅད་སུན་སྣང་རེད།།
དེ་རིང་ཁྱོད་ཀྱི་ཞལ་རས་མཛེས་པོ་བདག་གི་མིག་གིས་མཐོང་ན་བསམ།།
དེ་རིང་ཁྱོད་ཀྱི་གསུང་སྐད་སྙན་པོ་བདག་གི་རྣ་བས་ཐོས་ན་བསམ།།
དེ་རིང་ཁྱོད་ཀྱི་ཕྱག་ཟུང་འཇམ་པོས་བདག་གི་སྐེ་ནས་འཁྱུད་ན་བསམ།།
དེ་རིང་ཁྱོད་ཀྱི་མཆུ་སྒྲོས་སྙོམ་པོས་བདག་ལ་འོ་ཞིག་གནང་ན་བསམ།།
14.08.2013
སྙན་པོ་བྲིས་འདུག