ཟླ་བ་ཆོས་གྲགས།
དཔྱིད་ཟླ་དང་པོ་ཡི་མགོ་ཚུགས་ཏེ། སྤང་ཐང་སྔོ་ལྗང་ཞིག་གི་ཐོག་ཏུ་སྙིང་ནས་བརྩེ་བའི་ཕ་མ་རྒས་འཁོགས་གཉིས་པོས་མིག་ཟུང་བུ་ངའི་ཕྱོགས་སུ་གཟིགས་པ་མཐོང་སོང་། ཁྱེད་གཉིས་ཀྱི་སྐྲ་ལོ་ཡི་རང་མདངས་ཤོར་ཏེ་རྣ་མཚམས་སུ་སྐྱ་སེང་ངེ་ཉུང་ཉུང་ལས་མེད་པ་མཐོང་དུས། དམར་ཆུང་སྙིང་གི་འཕར་རྩས། བུ་ཆུང་ཁྱོད་ས་མཐའ་རུ་དོན་མེད་ཀྱི་མི་ཚེ་མ་རྫོགས། རང་ཡུལ་ཕ་མའི་འགྲམ་དུ་ལོག་ཤོག་ལབ་ཀྱི། ཁྱེད་གཉིས་ཀྱིས་བསྐྱངས་པའི་བརྩེ་སེམས་དང་ལྷག་བསམ་དེ། བུ་ཆུང་ང་ཁ་ཐག་ཇི་ལྟར་རིང་ཡང་བརྗེད་མི་སྲིད། ཕ་ཡུལ་ནས་ཁ་བྲལ་ཏེ་ལོ་ངོ་དྲུག་ལས་བརྒལ་ཐལ།
ཁྱེད་གཉིས་ཀྱིས་བདག་ལ་འབོད་པའི་ཨ་བུ་ཀརྨ་ལྷུན་གྲུབ་ཅེས་པའི་སྐྱེས་མྱིང་ཞིག་ཡོད་པ་དེ། སུས་ཀྱང་ང་ལ་མ་བོས་ཐལ། མཚམས་རེར་འདི་ཕྱོགས་སུ་ཡོད་པའི་གཅུང་མོ་འགའ་རེར་བདག་ལ་ཀརྨ་ལྷུན་གྲུབ་འབོད་རོགས་ཞེས་རེ་སྐུལ་ཡང་ཞུས་མྱོང་ཡོད། སྤྱིར་བདག་ལ་མཚོན་ན་མིང་ཞིག་གིས་མི་ཚེའི་འགྱུར་བ་དང་ཁྱད་པར་གང་ཡང་མེད་ན་ཡང་། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བྱམས་བརྩེས་བསྐྱངས་པའི་ཕ་མ་གཉིས་པོས་བདག་ལ་སྐྱེས་ཕྲུག་ཀརྨ་ལྷུན་གྲུབ་ཅེས་བོས་པའི་སྒྲ་དེ། ངའི་རྣ་བའི་བུ་ག་ནས་ནམ་ཡང་ཡལ་འདོད་མེད་ཀི།
བརྩེ་ལྡན་གྱི་ཕ་མ་གཉིས་པོའི་འདྲ་པར་ལ་ཞིབ་པར་བལྟས་ན། མགོ་ཡི་སྐྲ་དང་། གདོང་གི་གཉེར་མ། མཛུབ་གུའི་ཚིགས་ཀ །ད་དུང་མདུན་སར་ཡོད་པའི་འཁར་བ་སོགས་གང་ལ་གཞིག་ཀྱང་། ཁྱེད་གཉིས་ལ་དགོས་པ་དེ། བུ་ཚ་ཡོངས་ཀྱི་དྲིན་ལན་དང་བྱམས་སྐྱོང་། ཁ་ཉན་དང་ངག་འཇམ། ཞོགས་ཇ་དང་དགོང་ཟས་སོགས། མདོར་ན་ནར་སོན་པའི་རྒས་འཁོགས་ཚང་མར་དུས་མཉམ་མཉམ་གཤིབ་གཤིབ་ཀྱི་བུ་རྒྱུད་ལྷག་བསམ་ཅན་ཞིག་དགོས་མཁོ་ཆེ་བའི་དུས་སྐབས་ཤིག་ཡོད་པ་དེ་རུ་བསླེབས་འདུག །
ཨ་ཕ་ལགས། དང་། ཨ་མ་ལགས།
ཨ་ཕ་ལགས་དང་། ཨ་མ་ལགས། ཕ་ལགས་དང་མ་ལགས། ཟེར་ཆོག་ཀྱང་ལྷ་སའི་པྰ་ལགས་ཀྱི་ཚིག་འདི་བོད་རིགས་སྤྱི་སྐད་ནང་ལ་བེད་སྤྱད་ན་ངོ་རྒོལ་ཡོད།