—–གྲོཊ་དམ་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ།
འཁྱམས་པོ།
དོ་ནུབ་ཀྱི་ཟླ་བ་འདི་ཡང་ཁེར་འགྲོ་རེད།
ངས་ཁེར་རྐྱང་གི་ཁྲོད་ན།
ཟླ་འོད་ས་གཞི་ལ་འཕྲོས་པ་ལྦུ་ཆང་གིས་རོལ་བཞིན་ཡོད།
ཁྱོད་ཀྱིས་ཆང་མི་འཐུང་ནའང་།
(L.m)རྟགས་ཅན་གྱི་ཐ་མག་ལ་དགའ་བ་ངས་ཤེས།
སྔོན་ཆད་འུ་གཉིས་ཀྱིས་མཉམ་དུ།
སྐད་ཆའི་ཁྲོད་ནས་ཟླ་འོད་འདི་མཐའ་ལ་སྐྱེལ་ཐེངས་རེར།
གླེང་གཞི་ནི་འུ་ཚང་སྟེ་བོད་པ་ཚང་གི་འདས་གསོན་རེད།
བཤད་ཀྱིན་བཤད་ཀྱིན་ཁྱོད་ཀྱི་ཚོར་ཤུགས་དང་ངའི་སྐད་འགོ་མཉམ་དུ་རྒྱས་ནས།
ཁྱིམ་མཚེའི་ཚོར་གཉིད་བདེ་དཀྲོགས་པའང་ཐེངས་གཅིག་གཉིས་རེ་ག་ལ་ཡིན།
དོ་ནུབ་ཀྱི་ཟླ་བ་འདི་ཡང་ཁེར་འགྲོ་རེད།
ཁྱོད་ཀྱང་དེ་བཞིན་ལོས་ཡིན།
ཁྱོད་ཀྱིས་བཤད་ན་ཁ་ནས་གླེང་བ་ནི་ཁ་ཙམ་ཏེ་དོན་གྱིས་ལག་ལེན་བསྟར་དགོས་པ་རེད།
མདམས་ངག་འདི་ངས་ཀྱང་ཤེས་མོད། ང་ལ།
ང་ལ་ཁྱོད་དང་སྔོན་གྱི་བདེར་གཤེགས་ཚོ་ཇི་བཞིན།
ཤ་ལས་ཆད་པས་བུ་ཕྲུག་དང་མཛའ་མོ་རྒྱབ་ཏུ་བཞགས་སྟེ།
འཁོར་བའི་འཆིིང་ཐག་གཅོད་ཐུབ་པས་སྙིང་སྟོབས་དང་ཆོད་སེམས་མི་འདུག
དོ་ནུབ་ཀྱི་ཟླ་བ་འདི་ཡང་ཁེར་འགྲོ་རེད།
ཁྱོད་ཆས་པས་ཉིན་མོ་དེ་ནས།
ངའི་ཁོར་ཡུག་འདི་སྟོངས་སངས་ངེར།
བྲང་ཁོག་ཕྱི་ལ་བསྟན་ནས་ལྷོད་ཀྱིས་སེམས་གཏིང་གི་ཁ་བརྡ་གློད་ས་ཞིག་གཏན་ནས་མི་འདུག
ངས་ཁྱོད་རང་དྲན། ཕྱི་ཐག་རིང་པས་གྲོཊ་པོ་ཁྱོད་ངོ་མ་དྲན་གི།
ང་གཅིག་བུ་ག་ལ་ཡིན།
ད་དུང་ཁྱོད་ཀྱི་མཛའ་མོ་དང་བུ་ཕྲུག་ཚོ།
ཟླ་གཅིག་ཙམ་གྱི་སྔོན་ལ་ངས་ཁྱེད་ཀྱི་མཛའ་མོར་ཁ་པར་གྱི་ལམ་ནས་ཁམས་འདྲི་ཞིག་བྱས་པ་ཡིན།
ཁོ་མོས་༼ང་ད་དེ་འདྲ་རེད་ཁྱོ་བྲལ་བུད་མེད་ཞིག་གི་སྡུག་བསྔལ་རེད་འོན་ཏེ་གཅེས་ཕྲུག་ཚོ་འདི་འདྲ་རེད་༽ཟེར།
ཁ་པར་དེ་བུ་ཆུང་ཁ་བའི་ལྷ་སྲས་ཀྱི་ཁ་ལ་གཏད།
ངས་ཐོས་བ་ནི་བྱིས་པ་ཆུང་ཆུང་དེས་ངུ་དབྱངས་ཁྲོད་དུ་༼ཨ་ཕ་་་ཨ་ཕ་་་་་ང་ལ་ཨ་ཕ་དགོས་༽ཞེས་ཡང་ནས་སྐྱར་དུ།
ང་ལ་རང་དབང་མེད་པར་མིག་ཆུ་ཤོར། རེ་ཞིག་ལ་སྨྲ་བ་ཇི་ཡང་མེད་པར་ལུས།
རེད་ཡ། བརླབས་ཆེན་གྱི་བྱ་གཞག་ཞིག་བསྒྲུབ་ན་ཕངས་སེམས་ཀྱི་བློས་གཏོང་ཞིག་ལོས་ཡོད།
དོ་ནུབ་ཟླ་བ་འདི་ཡང་ཁེར་འགྲོ་རེད།
ཁྱོད་ཀྱང་ཡོད་ཚད་རྒྱབ་དུ་བཞགས་ནས་ཁེར་རྐྱང་གི་གོམ་ཁ་རེ་རེ།
བརླབས་ཆེན་གྱི་བྱ་གཞག་དེས་ཕྱིར་དུ་མདུན་བསྐྱོད་བྱེད་བཞིན་ལོས་ཡོད།
ཡིན་ནའང་འུ་ཚང་བོད་པ་ཚང་ལ་ཁྱོད་ཀྱི་བློས་གཏོང་དེར་བསམ་ཤེས་མཁན་ཞིག་མི་འདུག
སློབ་དཔོན་པདྨས།༼བོད་ལ་དྲིན་དུ་བྱས་ཀྱང་དྲིན་མི་གོ།ཿ༽ཞེས་པ་དེ་ངོ་མ་བདེན་པ་རེད།
༢༠༡༣/༨/༡༥ ལ་བྲིས།
ང་རང་གི་བསམ་ཚུལ་ནོར་མེད་ན།
ད་རེ་གླིང་ཚ་ལགས་ཀྱི་ལས་འགུལ་འདིས
བཙན་བྱོལ་བོད་མི་མང་ཆེ་བར་ཆོས་ལུགས་དང་སྐད་ཡིག
མདོར་ན་རིག་གཞུང་སོགས་ཁ་ལ་ཁྱེར་ཏེ་སོ་སོའི་ཕོར་བ་ཡག་པོ་ཞིག་བཟོ་རྒྱུ་ལས་གཞན་གང་ཡང་དགོས་མཁོ་མེད་པ་དང
དེ་ལས་གཞན་བསམ་བློ་གང་ཡང་གཏོང་གི་མེད་པ་འཛམ་བུ་གླིང་ལ་གསལ་བོར་བསྟན་ཡོད་སྙམ་སོང་།
གླིང་ཚ་ལགས་ཀྱིས་ང་ཚོ་བཙན་བྱོལ་ནང་འདི་ལྟར་ཡང་བསྐྱར་མི་ལོ་ལྔ་བཅུ་ཕྱིན་པ་ཡིན་ན
ང་ཚོའི་བོད་ཡིག་རྨང་གཞིར་གྱུར་བའི་བོད་པའི་རིག་གཞུང་འདི་རྩ་མེད་དུ་འགྲོ་རྒྱུ་ཡིན་པ་ཤེས་ཏེ་སེམས་ནས་མ་བཟོད་པར་ལས་འགུལ་འདི་སྤེལ་བ་ཅི་ལ་མིན།
གླིང་ཚ་ལགས་རྒྱལ་གྱུར་ཅིག
དོན་དངོས་ཐོག་བཙན་བྱོལ་བའི་བོད་པ་ཚང་གི་སེམས་ཤུགས་འདི་ཕྱི་ཡི་རྣམ་པ་ཙམ་ལས་དོན་ལ་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་ཁ་ལ་འཁྱེར་རྒྱུའི་ལེགས་བཤད་ཞིག་ལས་ལག་ལ་ལེན་རྒྱུ་དེ་མཁའ་ཡི་པད་མོ་རང་རེད།
ཡིན་ནའང་འུ་ཚང་བོད་པ་ཚང་ལ་ཁྱོད་ཀྱི་བློས་གཏོང་དེར་བསམ་ཤེས་མཁན་ཞིག་མི་འདུག
སློབ་དཔོན་པདྨས།༼བོད་ལ་དྲིན་དུ་བྱས་ཀྱང་དྲིན་མི་གོ།ཿ༽ཞེས་པ་དེ་ངོ་མ་བདེན་པ་རེད། ་་་་་་་ཟེར།
གླིང་ཚ་ལགས་ཁྱེད་གྱི་ཆོད་སེམས་དེ་ནི་བསམས་ཡུལ་ལས་འདས་པའི་རླབས་ཆེན ཞིག་དང། འབུར་དུ་མངོན་པའི་སྙིང་སྟོབས་ཞིག་།
ད་དུང་དཔང་མཐོ་ལ་རྔམ་པའི་གཟི་བརྗིད་ཞིག་ཅེས་ཀྱང་མིན་། འོན་གྱང་སྣང་མེད་ཟོལ་མེད་དུ་ཁད་ཅག་གེ་སྡོད་པའི་ཆབ་སྲིད་པ་ཚོ་སྤྱི་དོན་གྱི་ཁ་མཁས་པ་མ་གཏོག་དོན་དུ་ན་རྒེར་དོན་ལ་སེམས་མཁས་པ་ཤར་རྟག་ཡིན་པ་གཞི་ནས་སྟོག་ཡིན་ལགས།
དངོས་ནས་བྲིས་ནོ་ཧ་ཅང་བཟང་གི བཤད་མི་ཤེས་པའི་ཚོར་བ་ཞིག་སྤྲད་སོང་། ངའི་སེམས་སྟེང་གི་གླིང་ཚ་རྒྱལ་གྱུར་ཅིག
གླིང་ཚ་ག་ཡོད་ག་བཞུགས་སུས་ཀྱང་ཤོད་རྒྱུ་མེད། །
གླིང་ཚ་བརླག་ནས་ཟླ་བ་གཉིས་ཙམ་འགྲོ་ལ་ཉེ། །
གླིང་ཚ་ཤི་གསོན་གང་འདྲ་ཡིན་མིན་ཤེས་རྟོགས་དཀོན། །
གླིང་ཚ་འཚོལ་དུ་འགྲོ་མཁན་རྣ་བར་གོ་མྱོང་མེད། །
གླིང་ཚ་ཁོང་རང་ཁ་ཁུ་སིམ་མེར་བསྡད་པར་མཐོང་། །
གླིང་ཚའི་ད་ལྟ་ང་རང་ས་ཆ་འདི་རུ་ཡོད། །
གླིང་ཚས་སུ་གཅིག་བཤད་མྱོང་རྩ་བ་ཉིད་ནས་མེད། །
གླིང་ཚ་བོད་ལ་སླེབས་པའི་རེ་བ་རྒྱལ་གྱུར་ཅིག །
བོད་ནི་རེ་བས་གསོན་པོར་གནས།
ཁྱི་ཕྲུག་ལྟོག་པས་ཕོངས་པ་ཐོབ།
ཕྱི་གསལ་ནང་གསལ་འཚེ་མེད་ལུགས།
རྣམ་སྲས་བརྒྱད་ཀྱིས་སྲུང་གྱུར་ཅིག
གླིང་ཚ་སུས་མ་གླེངས་ན་མ་གླེངས། གླེང་མཁན་ཚོའི་གླེང་བ་འདིས་འགྲིག