ནག་ཆུ་ཀུན་དགའ།
མཛེས་སྡུག་ཡུལ་ལ་ཞེན་པའི་ལྷན་སྐྱེས་ཀྱི་གཤིས་འདི།།
བཙན་ཐབས་ཁྲིམས་ཀྱིས་བསྒྱུར་བའི་ངལ་བ་ལ་བརྩོན་ཀྱང་།།
གཞོམ་བྲལ་རྡོ་རྗེའི་ཆོས་སུ་གདོད་མ་ནས་གྲུབ་ཟེར།།
རྟག་བརྟན་གཡུང་དྲུང་རི་མོའི་རང་མདངས་ཤིག་ངོམ་བྱུང་།།
ངང་སེར་ལྤགས་པའི་མདོག་ཅན་ངུར་སྨྲིག་གི་བླ་གོས།།
ཚུལ་འཆོས་ལུས་ལ་བཀབ་ཚེ་ཕྱི་ཤུན་དེ་མཛེས་ཀྱང་།།
སྲིད་པའི་དཔལ་ལ་རྔམ་པའི་རྐམ་ཆགས་ཀྱི་སེམས་པ།།
དག་བྱེད་སྔོན་མོའི་རླབས་བཞིན་གཅིག་རྗེས་གཅིག་འཕྱོ་ཡོང་།།
རྡོ་རྗེའི་དཀྱིལ་དཀྲུང་བཅས་པའི་གཡོ་མེད་ཀྱི་ལུས་པོ།།
བརྗིད་ཆགས་ས་འཛིན་ལྷུན་པོའི་ངང་ཚུལ་ལ་བཅོས་ཀྱང་།།
ཀུན་རྟོག་རླུང་གིས་བསྐྱོམས་པའི་དྲན་རིག་གི་མཚོ་མོ།།
འདས་སོང་བྱ་བའི་རྗེས་སུ་ཡོམ་ཡོམ་དུ་གཡོས་བྱུང་།།
རབ་མཛེས་གཟུགས་ལ་རྗེས་ཆགས་འདོད་བརྩེ་ཡི་དུངས་བ།།
ཟུར་གསུམ་བརྩེ་དུངས་སྙིང་གི་དཀྱིལ་དབུས་ན་རྒྱུ་ཡང་།།
ཆགས་བྲལ་ཞི་བའི་སྤྱིན་གྱིས་གཟིགས་སྟངས་ལ་གནས་པས།།
སྙིམ་སྦྱར་ཕྱག་རྒྱ་བླུན་པོའི་སྙིང་ཁ་རུ་བཀོད་སོང་།།
ཚོགས་སྦྱོར་མཐོང་བའི་ལམ་ལ་མྱོང་གོམས་ཤིག་མེད་ཀྱང་།།
ཐར་ལམ་བགྲོད་པའི་གཏམ་རྒྱུད་འབྲུག་སྒྲ་ལྟར་བསྒྲགས་པས།།
ཡོན་བདག་ལྐུགས་པས་བྱོ་བཟང་འཛུམ་མདངས་ཀྱིས་བསུས་ཏེ།།
རོ་འཛིན་ལྕེ་ལ་གོམས་པའི་དམར་སྟོན་དག་དྲངས་བྱུང་།།
ཀོ་དམར་མགོ་ཐུམ་བརྒྱབས་པའི་མི་རྐང་གི་གླིང་བུ།།
སྣང་སྲིད་ལྷ་འདྲེ་དགུག་པའི་མགྲོན་བརྡ་ལ་བཏང་ནས།།
འདིར་ཤོག་འདིར་འདུས་འདི་ཟོ་འདི་ཁྱེར་ཞེས་གྱེར་ཡང་།།
གདོས་བཅས་ཤ་ཁྲག་ལུས་ལ་གཅེས་འཛིན་ནི་ཇི་ཆེ།།
ཆགས་སྡང་གདོན་གེགས་མགོ་བོ་འབུར་འཇོམས་ཀྱི་ཐོ་བ།།
མན་ངག་བློ་སྦྱོང་ཁྲོམ་ཐོག་ཕྱར་བ་ལ་མཁས་ཀྱང་།།
སྐྱོན་བརྗོད་སྦྲང་སྐད་ཙམ་ཞིག་ཐོས་འཛིན་དུ་ལྷུང་ཚེ།།
མི་བཟོད་ཁོང་ཁྲོའི་དུད་སྤྲིན་ལྷོག་ལྷོག་ཏུ་འཕྱུར་བྱུང་།
དུས་དྲུག་ལྷེབ་ལྷེབ་འགུལ་བའི་ལེབ་ཆེན་གྱི་མཆུ་ཏོས།།
བྱམས་དང་སྙིང་རྗེ་སེམས་ཅན་ཕ་མར་སྒོམས་སྨྲས་ཀྱང་།།
ཕ་གཞིས་འཕྲོག་བཅོམ་བྱེད་པའི་དགྲ་ཇག་དག་མཐོང་དུས།།
རེག་གཅོད་སྤུ་གྲི་སྔོན་མོའི་ཡུ་བ་ལ་འཆང་འགྲོ།།
སེམས་དང་དཔྲལ་བའི་རི་མོ་ཁག་ཁག་ལ་སོང་ཞིང།།
ནོར་སྲུང་སེངྒེའི་མིང་བྱང་ཁྱེར་བ་ཡི་ང་རང་།།
ལེགས་ཉེས་ཕྱི་ལ་ལྟ་བའི་བླུན་པོ་ཡི་མིག་སྔར།།
ཇི་ལྟར་བཅོས་ཀྱང་ཐ་མལ་རང་སོར་ལ་ལུས་འདུག །
ནང་ཉམས་འགལ་ཟླ་ཞིག བཅོས་ཉམས་ཤིག བདེན་པ་ཞིག ཕྱི་ཉམས་བཙན་སྒྲིག་རེ་ཟུང་། ནོར་འཆུགས་གཅིག་གཉིས། ཁ་བྱང་ཆུང་ཆུང་།
སེམས་ཀྱི་ཚོར་སྣང་ངག་ཏུ་འབྱོར་བ་ཡང་དཀོན་ཞིང་།།
འབྱོར་ཡང་གཞན་ལ་སྨྲ་བའི་སྤོབས་པ་དེ་དཀའ་བས།།
སེམས་ཀྱི་གསང་བ་ཐམས་ཅད་ལྷུག་ལྷུག་ཏུ་སྒྲོག་དུས།།
སྙིང་གི་འཕར་ལྡིང་འགོག་པའི་སྨན་ཆེན་དེ་གང་ཡིན།།
ཨ་དམར་པོ་ལགས་ཀྱིས་དགོངས་འཆར་དེ་ཡག་པོ་གཅིག་ཤེས་མ་སོང་། གསལ་པོ་གསུངས་རོགས། ལྷག་པར་དུ་ནོར་འཆུགས་དང་་བཙན་སྒྲིག་རེ་ཟུང་འདུག་གསུངས་པ་དེ་
གསལ་པོ་གསུངས་རོགས་རྗེས་ཕྱོགས་ཡར་རྒྱས་ལ་ཕན་པ་ཡོང་ས་རེད་་་ངས་ནས་ཇོ་བཟང་ཟེར་རྒྱུའི་ཚབ་བྱོ་བཟང་ཟེར་བྲིས་བ་་འདི་དག་ནོར་ཤོར་བ་མཐོང་བ་ལས་གཞན་
ངོས་འཛིན་ཐུབ་མ་སོང་། ་ཐུགས་རྗེ་ཆེ་་ཨ་དམར་ལགས
རེ་དོགས་སྒོང་ངའི་ཕྱི་ཤུན་རྡོག་པས་བརྫིས།།
ཚུལ་འཆོས་སོག་མའི་ཕོན་ཐག་དུམ་བུར་བཏུབ།།
གནས་ལུགས་ཚོར་སྣང་རིགས་ཞེན་གསུམ་སྦྱར་གྱི།།
ཟླ་བྲལ་སྙིང་གི་སྨན་ཆེན་ཁོ་བོས་རྙེད།།
དྲྭ་གྲོགས་དབྱངས་ཆེན་འབང་ལ་ཕུལ།།
རེ་དོགས་གསེར་གྱི་ལྕགས་ཐག་ཐར་དཀའ་འོ། །
ཚུལ་འཆོས་སོག་མའི་ཕོན་ཐག་རེད་མི་འདུག །
གནས་ལུགས་ཚོར་སྣང་རིགས་ཞེན་ཅི་ཡིན་ནམ། །
ཟླ་བྲལ་སྙིང་གི་སྨན་ཆེན་སུས་རྙེད་དམ། །
ནག་ཆུ་ཀུན་དགའ་ལགས་ལ་དྲིའོ།། །།
༢༽ དབྱངས་ཅན་འབངས་ལགས་ཀྱིས།
སེམས་ཀྱི་ཚོར་སྣང་ངག་ཏུ་འབྱོར་བ་ཡང་དཀོན་ཞིང་།།
འབྱོར་ཡང་གཞན་ལ་སྨྲ་བའི་སྤོབས་པ་དེ་དཀའ་བས།།
སེམས་ཀྱི་གསང་བ་ཐམས་ཅད་ལྷུག་ལྷུག་ཏུ་སྒྲོག་དུས།།
སྙིང་གི་འཕར་ལྡིང་འགོག་པའི་སྨན་ཆེན་དེ་གང་ཡིན།།
ལན་དུ་ཀརྡོས།
སེམས་ཀྱི་ཚོར་སྣང་ངག་ཏུ་ཤོད་དཀའ་ཡང་། །
གཞན་ལ་སྨྲ་བའི་སྤོབས་པ་དེ་ཆུང་ཡང་། །
སེམས་ཀྱི་གསང་བ་གཞན་ལ་སྒྲོགས་དཀའ་ཡང་། །
སྙིང་གི་འཕར་ལྡིང་འགོག་སྨན་རྙེད་དཀའ་ཡང་། །
དབྱངས་སྙན་སྐྱབས་འགྲོའི་འབངས་སུ་བག་ཡངས་གྱིས། །
ཀརྡོ་གཉེར་ཕྱག་པ་ལགས། འདི་ལའང་དོགས་པ་འདུག་གམ། ཟླ་བྲལ་སྙིང་གི་སྨན་ཆེན་ཁོ་བོས་རྙེད་ཟེར་གསལ་པོར་བྲིས་ཡོད།
བཟང་པོ་འབྱུང་དུ་རེ་ཞིང་།།
ངན་པ་འོངས་ཀྱི་དོགསཔ།།
མ་ཡིན་ཡིན་མདོག་ཚུལ་འཆོས།།
དཀའ་ཡངབཅོམ་པ་ལེགས་སོ།།
གནས་ལུགས་སྟོན་དགོས་བསམ་ན།།
བདེན་པ་བདེན་ཐུག་ཡིན་དགོས།།
ཚོར་སྣང་གཞན་ལ་བཤད་ན།།
ཚོར་སྣང་དྲོན་མོ་མངོན་དགོས།།
རིགས་ཞེན་ནམ་མཁར་འཕྱར་དུས།།
སྤོབས་པ་རི་ལས་མཐོ་དགོས།།
སྨན་ཆེན་འདི་འདྲ་ཡོད་ན།།
སུ་ལ་འཇིགས་དགོས་མེད་པས།།
རྣམ་དཔྱོད་ཡོད་ཚད་གཏོན་ནས།།
སྤྱི་པའི་དོན་ལ་འབུངས་ཤོག།
གྲོགས་ནག་ཆུ་བ་ལ་ཕུལ།
ངན་པ་འོངས་ཀྱི་དོགསཔ།།
ཞེས་པ་་་་་་་་་་་་་་་ངན་པ་འོངས་ཀྱིས་དོགས་པ།། ལ་བཅོས་རོགས།
ཨ་བླ་མ་རྡོ་རྗེ་འཆང་། ངང་པ་སེར་པའི་ལྤགས་པའི་མདོག་ངུར་སྨིག་ཡིན་པ་ཞིག་ས་གང་ན་ཡོད་དམ། འདི་འབྲི་དུས་ཁྱོས་རྩ་སྨན་བཙན་པོ་ཞིག་འཐུང་ཡོད་ནི་མིན་ནམ། ནམ་མཁར་འཕུར་རྒྱོ་ཅིག་ཅིག་མང་སོང་ཟིག་གི་ཡ། ཧ་ཧ།
༧༽ ནག་ཆུ་ཀུན་དགའ་ལགས།
ངས་ཀུ་རེ་ཞུས་པ་ཡིན། དགོངས་དག་ཀྱང་ཞུའོ།། །།
དྲྭ་གྲོགས་ཚོ། གནམ་གྱིས་ངང་སེར་ལྤགས་པའི་མདོག་ངུར་སྨྲིག་མ་རེད་ཟེར་གྱིན་འདུག་དེ་འདྲ་རེད་དམ།
ད་འོ་ན་གནམ་ཁྱེད་རང་གིས་ངུར་སྨྲིག་གི་ཁ་དོག་གཅིག་གཞོག་དང་།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བླ་མ་མཆོད་པ་ལས།
བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །
རྣམ་པ་༼ངུར་སྨྲིག་༽འཛིན་པའི་དགེ་སློང་ཞལ་གཅིག་ཕྱག་གཉིས་འཛུམ་དཀར་འཕྲོ།
ཕྱག་གཡས་མཆོད་འཆད་གཡོན་པ་མཉམ་གཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །
༼གུར་གུམ་༽མདངས་ལྡན་ཆོས་གོས་གསུམ་གསོལ་གསེར་མདོག་པན་ཞྭས་དབུ་ལ་མཛེས། །
ལྤགས་མདོག་དང་སྤུ་མདོག་ལ་དབྱེ་བ་གནམ་ས་ཡོད་དོ།
ངུར་སྨྲིག་མདོག་ཅན་བཞི་ནི།
ལྤགས་མདོག་ངུར་སྨྲིག་མདོག་ཅན། འཇམ་འབྱངས་དམར་སེར།
སྤུ་མདོག་ངུར་སྨྲིག་མདོག་ཅན། རི་དྭགས་གསེར་གྱི་མདོག་ཅན།
སྒྲོ་མདོག་ངུར་སྨྲིག་མདོག་ཅན། བོད་ཀྱི་ངང་པ་སེར་པོ།
མེ་ཏོག་ངུར་སྨྲིག་མདོག་ཅན། གུར་གུམ་མེ་ཏོག
ཨ་ལེ་ཁྱེད་རང་བསམ་བློ་དེ་རེད་དམ། གྲོགས་པོ་ལུག་གི་པགས་པའི་མདོག་དང་སྤུ་ཡི་མདོག་ལ་ཁྱད་པར་གང་ཞིག་ཡོད་དམ། མི་རིགས་ནག་པོ་དེ་ཚོའི་ཤ་མདོག་ནག་པོ་རེད་དམ་ལྤགས་མདོག་ནག་པོ་རེད་ངང་སེར་གྱི་སྒྲོ་མདོག་གཅིག་པུ་ངུར་སྨྲིག་ཀྱང་ག་་ལ་ཡིན། ་གང་ལྟར་གནམ་ལགས། མཚན་ཉིད་པས་རིགས་བསྒྲེ་དེ་འཇིག་རྟེན་གྲགས་པའི་སྟེང་དུ་བཀབ་དྲགས་ན་ཀུན་རྫོབ་ཀྱི་རྣམ་གཞག་གཏོར་ཉེན་ཡོད་པ་རེད་་གང་ལྟར་ཁྱེད་ཀྱིས་ཐ་སྙེད་གོ་བ་ལེན་ཕྱོགས་ལ་ཅུང་ཐལ་དྲགས་འདུག་་