ལོག་སྨྲ་ཚར་གཅོད།
ངས་གླུ་ལེན་ངག་འགུག་མི་ཤེས་ཀྱང་།།
རྗེ་མི་ལ་བཞད་པའི་རྡོ་རྗེ་དང།།
རྗེ་རྒྱལ་དབང་ཚངས་དབྱངས་དགེ་འདུན་གྲུབ།།
སྐྱབས་ལྕང་སྐྱ་གྲུབ་པའི་རྡོ་རྗེ་སོགས།།
ཆོས་མགུར་གླུ་བླངས་པའི་སྲོལ་ལ་བརྟེན།།
ངས་དེ་རིང་སྐྱིད་པའི་མགུར་གླུ་ལེན།།
མགུར་ལེན་ས་དྲྭ་ཐོག་གླེང་སྟེགས་དང་།།
ངག་འགུག་ས་དྲྭ་གྲོགས་རྣམ་པ་ཡིན།།
ཚིག་འཕེན་ས་དྲྭ་འབུ་མགོ་ནག་དང་།།
དོན་གོ་ས་ཁ་བ་རི་པ་ཡིན།།
བྱང་ཨ་རི་ཡོ་རོབ་ཚུན་ཆད་ནས།།
ཡུལ་རྒྱ་བལ་འབྲུག་གསུམ་ཕན་ཆད་དུ།།
གནས་བཅའ་བའི་ཁ་བ་རི་པ་ཚོ།།
བློ་མ་གཡེང་སྤྲང་འཁྱམ་མགུར་ལ་ཉོན།།
ཆོས་ཟབ་མོ་རྟེན་འབྱུང་ལྟ་བ་དེ།།
ཐུགས་བརྩེ་བས་རྗེན་པར་སྟོན་མཛད་པའི།།
སྐྱབས་དྲིན་ཅན་རྩ་བའི་བླ་མ་རྣམས།།
ཐུགས་མ་གཡེང་སྤྲང་འཁྱམ་མགུར་ལ་གསོན།།
དོན་འཁོར་འདས་རང་བཞིན་སྟོང་ན་ཡང་།།
སེམས་སྟོང་པའི་ངང་ལས་གླུ་འདི་ལེན།།
དོན་འཇིག་རྟེན་རྣམ་བཞག་བཏགས་ཙམ་ཡང།།
ཚིག་བསླུ་མེད་རྟེན་འབྱུང་ངང་ནས་ལེན།།
བློ་རང་བཞིན་གསལ་བའི་ཞིང་ས་རུ།།
གཞི་གནའ་དེང་ཐོས་པའི་ས་བོན་བཏབ།།
ལམ་ཕྱི་ནང་རིག་གནས་ཆུ་ལུད་སྦྱར།།
སྒོམ་རྣམ་དཔྱོད་ཤེས་རབ་མྱུ་གུ་འཁྲུངས།།
འབྲས་བདག་མེད་སྤྲང་འཁྱམ་ཁུར་དུ་ལྕི།།
ཆོས་འཇིག་རྟེན་བར་གྱི་སྤྲང་འཁྱམ་ང་།།
གཞུང་ཆེན་པོ་ལྔ་རིག་རྒྱ་མཚོ་རུ།།
བློ་བཟང་པོ་རྣམ་དཔྱོད་ཤེས་རབ་ཀྱིས།།
དོན་ཟབ་མོ་ཀླུ་སྒྲུབ་དགོངས་དོན་དེ།།
སྲོལ་བཟང་པོ་ཟླ་བས་བཀྲལ་བ་བཞིན།།
ཆོས་མདོ་སྔགས་ལམ་གྱི་གདམ་ངག་རྙེད།།
སྐྱབས་དཀོན་མཆོག་གསུམ་ལ་ངེས་ཤེས་རྙེད།།
སེམས་རྨོངས་དད་ཞྭ་མོ་རྒྱང་དུ་བསྲིངས།།
བློ་རང་བཞིན་དྲང་བའི་ལྡིང་ཁང་ལ།།
ཡིད་དམངས་གཙོའི་ལྟ་བ་ལྕགས་རིས་བསྐོར།།
སེམས་ཆོས་སྲིད་ཟུང་འབྲེལ་རྩིག་པ་བརྩིགས།།
ནང་གནའ་དེང་ཤེས་ཡོན་ཀ་བ་བཙུགས།།
ཕྱིར་མཐོང་རྒྱ་དཀར་ཁུང་སྒོ་མོ་ཕྱེས།།
སྟེང་རྒྱལ་གཅེས་ལ་རྒྱའི་ཐོག་ཁེབས་བཀབ།།
བློ་ཕྱོགས་རིས་མེད་པའི་མཁའ་དབྱིངས་སུ།།
ལུས་རང་བཙན་ཡོ་ལང་ཆུ་འཛིན་འཁྲིགས།
ངག་བདེན་གཏམ་འབོད་སྒྲའི་འབྲུག་སྐད་ལྡིར།།
ཡིད་འཐེན་ཁྱེར་ནང་འཁྲུག་རླུང་བུས་དེད།།
སེམས་ཕྱི་ནང་རིག་གནས་སྦྲང་ཆར་འབེབས།།
ཡུལ་མཐོ་སྒང་སྨན་ལྗོངས་འཛིན་མ་རུ།།
བོད་གཞིས་བྱེས་མཉམ་འཛོམས་འབྲུ་དྲུག་སྨིན།།
ནང་བསྟན་གྱི་ལྟ་གྲུབ་ཐང་ཆེན་དུ།།
ཚན་རིག་གི་གསར་བཏོད་རྟ་ཕོ་ལ།།
གློག་ཀླད་ཀྱི་སྒ་སྟན་མཛེས་ཆས་སྤྲོས།།
དྲྭ་རྒྱ་ཡི་གོང་སྨད་སྲབ་མདའ་སྤྲོད།།
རྩོམ་རིག་གི་བ་དན་འཕྱར་བཞིན་དུ།
བོད་རིགས་ཀྱི་རྩ་དོན་རྒྱལ་ཁ་བླངས།།