གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། (ལྡི་ལི་མཐོ་སློབ།)
༡༽
ཁྱེད་རང་དཀའ་སྤྱད་དང་སྡུག་རུས་ཀྱི་ཐ་སྙད་ལྗིད་པོ་འདི་དག་རྒྱབ་ཏུ་འཁུར་ནས་ཡ་གིའི་མདུན་ལམ་གྱི་སྐས་འཛེགས་རིང་མོའི་ཁྲོད་དུ་གོམ་གང་མདུན་སྤོས་བྱེད་དུས། མ་གིའི་གཞུང་ལམ་ན་ལེ་ལོ་དང་སྒྱིད་ལུག་གི་སྡུར་བ་དྲག་པོ་འཐེན་བཞིན་པའི་མི་ཞིག་གིས་ཐོབ་དང་གོ་ས་ཁོ་ན་ལ་བརྟེན་ནས་ཁྱེད་རང་གིས་ཡུན་རིང་ཅེར་སའི་གསེར་ཁྲི་དེར་འགྱིང་ཉམས་ཀྱིས་བསྡད་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༢༽
ཁྱེད་རང་གནའ་སྔ་མོ་སྔ་མོ་ཞིག་ནས་ཕ་མེས་ཡང་མེས་ནས་བརྒྱུད་མྱོང་བའི་སྲོལ་རྒྱུན་བཟང་པོ་དེ་རྒྱུན་འཁྱོངས་བྱེད་དེ་རི་མཐོ་ས་དང་ས་གཙང་ས་ཚང་མར་ལྷ་གསོལ་ཀླུ་འབོད་རེ་བྱས་ན་ཡང་། ད་ལྟ་སྲིད་གཞུང་གིས་འཛུགས་སྐྲུན་དང་གསར་བཏོད་ཀྱི་མིང་སྙན་རེ་འཁུར་ཏེ་རང་སའི་མ་མའི་ལྟོ་བ་གཤགས་བཞིན་འདུག་ལ། སྐབས་འགར་ཚགས་པར་དང་གསར་འགྱུར་གྱི་ཁྲོད་དུ་ས་ཡོམ་དང་ཤ་འོད་ཀྱི་འཇིགས་པ་ཉི་ཚེ་བ་འདི་དག་ཐོས་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༣༽
ཁོ་རང་ཤེས་ཡོན་ཅན་དང་རྩོམ་པ་པོ་གྲགས་ཅན་གྱི་མཚན་སྙན་དེ་འཁུར་ནས་དུས་དེབ་དང་ཚགས་པར་ག་གེ་མོ་ཞིག་ཏུ་མི་རིགས་དང་ལ་རྒྱ་ཡི་དཔའ་གཏམ་བསྒྲགས་ནས་ཡུན་རིང་འགོར་ན་ཡང་། ད་ལྟ་དཔལ་འབྱོར་དང་གོ་ས་ཡི་ཉི་མ་གློ་བུར་དུ་ཤར་བས་སྐལ་མེད་སར་སྐེ་མི་བསྲིངས་པའི་རྣམ་ཐར་སྐྱོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༤༽
ཁྱེད་རང་བརྩེ་དུངས་དང་མ་འོངས་བདེ་སྐྱིད་བསམ་ནས་དབྱིན་མོ་རྒྱ་མོ་དང་གཏན་གྲོགས་འགྲིག་ན་སྐྱོན་མེད་ཀྱང་། ད་ལྟ་ས་ཡ་དྲུག་བདུན་ལས་མེད་པའི་ང་ཚོའི་མི་རབས་འདི་མི་རིགས་འདྲེས་མ་དང་ལུས་པོ་མཆོད་སྦྱིན་གྱི་ཁྲོད་དུ་རྫོགས་བཞིན་པ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༥༽
ཁྱེད་རང་ལ་རྒྱ་དང་མི་རིགས་བསམ་ནས་བུ་ཕྲུག་བོད་ཡིག་སློབ་གྲྭར་བརྫངས་ན་ཡང་ཁྱིམ་མཚེས་ཀྱིས་བྱིས་པ་རྒྱ་ཡིག་སློབ་གྲྭར་བཏང་ནས་ནམ་ཞིག་ཟླ་ཕོགས་མཐོན་པོ་ལོན་རྗེས་སྡེ་བའི་མི་ཚོགས་ཀྱི་དཀྱིལ་དུ་བོད་ཡིག་སྦྱོང་ན་སོ་སོའི་ཕ་མེས་ཀྱི་རིག་གཞུང་གཅེས་འཛིན་བྱེད་པ་བདེན་མོད། དེས་ཁྱིམ་གྱི་ལྟོ་ཕོར་ཀྱང་སྲུང་མི་ཐུབ་པའི་གནས་ལུགས་དང་སློབ་གསོ་གཏོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༦༽
ཁོ་རང་བསྟོད་ཚིག་བྲིས་བྲིས་ནས་རྒྱལ་ཡོངས་མི་རིགས་ཀྱི་རྩོམ་རིགས་བྱ་དགའ་ཐོབ་བཞིན་འདུག་ལ། ཁོས་ཚུལ་འཆོས་དང་རྫུན་བཟོ་ཡི་ཐ་སྙད་འདི་དག་ད་ལྟ་སློབ་ཚན་དུ་བཀོལ་ནས་ན་ཆུང་བྱིས་པ་ཚོས་ཨུ་ཚུགས་ཀྱི་སྦྱངས་པ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༧༽
ཨ་མས་དད་པ་དང་མདུན་ལམ་བསམ་ནས་བུ་མོ་རིག་མར་བརྫངས་ཤིང་ཨ་ཕས་རྒྱུ་ནོར་དང་མ་འོངས་བསམ་ནས་བུ་མོ་བརྒྱད་བཅུ་རྒན་པའི་རུམ་དུ་བཅུག་ན་ཡང་། ད་ལྟ་སྒྲོལ་མ་མིང་ཅན་གྱི་བོད་མོ་གང་མང་ཞིག་ཕ་ཡུལ་ནས་བྲོས་བྱོལ་བྱས་ཏེ་གྲོང་ཁྱེར་གྱི་ཟུར་དང་སྲང་ལམ་གྱི་དཀྱིལ་དུ་ལུས་པོ་བཙོང་ནས་ན་ཚ་ཉོ་བཞིན་པའི་གནས་སྟངས་དེ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༨༽
ཁ་སང་སྲོང་བཙན་གྱིས་རྟ་དམག་ཁྲི་ཕྲག་མང་པོ་མདུན་དུ་བསུས་ནས་སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ན་ཡང་། ད་ལྟ་གར་ཡོང་མི་ཤེས་པའི་མི་རིགས་ཁྱད་མཚར་ཞིག་ང་ཚོས་རང་ཁྱིམ་དུ་འཛུལ་ནས་ལམ་དང་ལུགས་སྲོལ་བརྗེ་ཞིང་གྲོང་ཁྱེར་གྱི་སྲང་ལམ་དཀྱིལ་དུ་རྒན་གཞོན་དབྱེ་བ་མེད་པར་སྤུན་ཟླར་རུབ་རྡུང་བྱེད་བཞིན་པའི་སྣང་བརྙན་དེ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་བབས་མྱོང་ངམ།
༩༽
ཁོ་རང་ན་སོ་མ་རྒྱས་པའི་ན་ཆུང་བྱིས་པའི་དུས་ནས་ཕ་མའི་བྱམས་བརྩེ་དང་མེས་པོའི་བཀྲིན་གྱིས་བསྐྱངས་ན་ཡང་། ད་ལྟ་ཁོ་རྒྱལ་ནང་གི་སློབ་ཆེན་འགྲིམས་ནས་དེང་རབས་ཤེས་ཡོན་ཡོད་མདོག་གིས་ཕ་མ་ལ་ཀླ་ཀློ་དང་མུན་ནག་གི་མཚང་མིང་འདོགས་བཞིན་པ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༡༠༽
ཁོས་དགེ་རྒན་ཞེས་པའི་མིང་བྱང་རྫིག་པོ་དེ་ཐོད་པར་འཁྱེར་ནས་སློབ་ཚན་འཁྲིད་ཁུལ་རེ་བྱས་ཀྱང་དོན་དམ་པར་ཁོས་ལྐོག་ཏུ་སློབ་ཆུང་དང་སློབ་འབྲིང་གི་བུ་མོ་གང་མང་ཞིག་ལ་སྣོག་ལས་ཀྱི་རྩ་བ་བསླབས་ཅིང་། སྐབས་འགར་སྡིགས་རྭ་རེ་བསྐུལ་ནས་བཙན་གཡེམ་བྱེད་བཞིན་པའི་རྣང་བརྙན་དེ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༡༡༽
ཁོ་ཚོས་སྦྲ་ནག་དང་རྩ་ཐང་གླེང་གླེང་ནས་བསྐྱར་ཟློས་ཀྱི་སྙན་ངག་རིང་མོ་རེ་བྲིས་ཞིང་། མཚམས་རེར་ཐ་མག་དང་ཆང་རག་ཁྲོད་ནས་ལ་རྒྱ་དང་མི་རིགས་ཀྱི་ཐ་སྙད་སེམས་ལ་ཉེ་བ་དེ་དག་སྐྱུགས་པ་དང་ལྷན་དུ་ལྷུག་གེར་འདྲེས་པ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༡༢༽
ད་ལྟ་བོད་ཡུལ་གྱི་སྟོད་སྨད་བར་གསུམ་དུ་འཛུགས་སྐྲུན་གི་མཐོ་རླབས་འཕྱུར་དྲག་པས་ཁ་སང་གི་འཇའ་ཚོན་དང་སེར་ཆེན་མེ་ཏོག་འཐུ་བའི་མཐོ་སྒང་གི་བྱིས་པ་དེ་ཚོ། དེ་རིང་གློ་བུར་དུ་ཐ་མག་དང་ཆང་རག་གི་བཟི་ཁར་འཐམས་ཏེ་སློབ་གྲྭ་ནས་བྲོས་བྱོལ་བྱེད་བཞིན་པའི་གནས་སྟངས་དེ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༡༣༽
འཇིག་རྟེན་གྱི་ཆེས་གདོད་མའི་དུས་ནས་ཡངས་ཤིང་རྒྱ་ཆེ་བའི་རྩ་ཐང་ན་འཚོ་འདོད་བྱེད་བཞིན་པའི་ཁ་སང་གི་འབྲོག་པ་དེ་ཚོ་ཁྲིམས་ལུགས་ཀྱི་དྲྭ་རྒྱར་ཚུད་ནས་རང་ཉིད་ཀྱི་ཕྱུགས་ཟོག་དང་སྤང་ཐང་ཐམས་ཅད་གཞུང་ཁྲལ་གྱི་མཛོད་ནང་སོང་ཞིང་། ད་ལྟ་གྲོང་ཁྱེར་གྱི་གུ་དོག་པའི་ཁང་ཆུང་རེ་རེའི་ནང་དབུགས་འབྱིན་རྔུབ་བྱེད་མ་ཐུབ་པའི་གནས་སྟངས་དེ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༡༤༽
ཁོ་ཚོ་དེང་རབས་ཀྱི་ཤེས་ཡོན་སྦྱངས་པའི་སློབ་ཆེན་གྱི་ན་གཞོན་ཚོའི་མིང་བྱང་འཁུར་ནས་མཁྲེགས་འཛིན་གྱི་ལྟ་བ་གང་མང་ཞིག་ལ་བྱི་དོར་བྱ་རྒྱུ་གྲ་སྒྲིག་རེ་བརྩམས་ཀྱང་། ད་ལྟ་བསམ་བློ་རྣལ་མ་དེའི་མཇུག་འབྲས་ལ་དགོན་སྡེ་དང་ན་གཞོན་བར་ན་འཁོན་འཛིན་དང་བར་ཐག་ཅིག་བསྐྲུན་བཞིན་པའི་གནས་སྟངས་དེ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
༡༥༽
ཁོ་ཚའི་དཔའ་ངར་དང་ལ་རྒྱ་ཁོ་ཚོའི་ཕ་མེས་ཡང་མེས་བཞིན་ངོ་མཚར་ཆེ་ན་ཡང་ཁོ་ཚོ་ཨ་མའི་ཁོག་པ་ནང་ཡོད་དུས་ནས་རྒྱལ་ཁབ་གཞན་ཞིག་གིས་ས་དྲོད་དང་མེ་རླུང་གི་བསྐྱངས་པས། ད་ལྟ་རང་སྐད་རང་ཡིག་མི་ཤེས་པའི་སེམས་ཤུགས་ཅན་གྱི་མི་རབས་གསར་བ་ཞིག་ང་ཚོའི་མདུན་དུ་རྒྱུག་ཡོང་བ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་ཐུབ་བམ།
༡༦༽
ཁོ་རང་ཚོང་ཟོག་དང་སྒོར་མོ་མང་བའི་མཐོ་སྒང་གི་ཚོང་པ་སྐད་གྲགས་ཅན་ཞིག་སྟེ། ཁོས་འཇོན་ཐང་དང་དྲང་བདེན་ལ་བརྟེན་ནས་དཔལ་འབྱོར་འདུ་འགོད་བྱེད་ཀྱི་ཡོད་ན་ཡང་། ད་ལྟ་ཁོ་ཉེས་ཐག་དང་ལག་འཁྱེར་རྫུན་བཟོ་ཡི་ཉེས་མིང་གི་དངུལ་ཁུག་སྟོང་བར་འགྱུར་བའི་གནས་སྟངས་དེ་མཐོང་དུས་ཁྱེད་རང་གི་སེམས་པ་བདེ་ལ་བབས་མྱོང་ངམ།
ཁྱེད་ཀྱི་དྲི་བ་ཡག་པོ་བཏང་འདུག་པར་དགའ་བོ་བྱུང་། ཡིན་ནའང་བཅུ་དྲུག་པོའི་ལན་འདི་ཡིན་ཟེར་འདོད་ཡོང་དུས་ནག་ཁུངས་ལྟ་བུར་གྱུརོ། ཡང་དཀའ་ཤས་དེ་དྲིས་ཡོད་འདོད་སྲིད་མོད་དེ་ཡང་མ་རེད། གང་ལྟར་སྟབས་བདེ་ཤས་ཀྱིས་སྒོ་ནས་ཞུས་ན་འགྱུར་བ་ཐམས་ཅད་དུས་ཚོད་བརྟེན་དགོས་ཀྱི་རེད་ཅེས་ཐག་བཅད་ནས་ཞུ་འདོད་བྱུང་། དེ་ལས་གྱང་ཁ་ཤུགས་ཆེན་པོས་ཞུ་འདོད་པ་ནི་མི་ལ་ཚོར་བ་ཡོད་མེད་ཀྱི་ཐད་ལ་ཐེ་ཚོམ་གནང་དགོས་ཀྱི་མ་རེད། ཚོར་བ་དང་ཤེས་རབ་བརྗེ་མེད་པའམ་ཚོར་བ་རྫོགས་མེད་པ་ནི་བདག་གི་ཚོད་དཔག་ཙམ་ཡིན།
མཆན་པ་དང་པོ་བ་ཁོས་ལན་གད་མོ་འཆོར་ཡ་ཞིག་བྲིས་འདུག
དངོས་ནས་གད་མོ་འཆོར་ཡ་རང་ལས་མི་འདུག དགོངས་འགལ་མེད་པར་ཞུ
ནོར། བཅོས།
དཀའ་ཤས། འགའ་ཤས།
དེ་ལས་གྱང་། དེ་ལས་ཀྱང་།
ཁ་བརྡ་ཐད་ཀར་གནང་བ་དང་ནོར་བཅོས་གནང་བར་ཐུགས་རྗེ་ཆེ། དཀའ་ཤོས་ཅེས་འབྲི་འདོད་མོད་ནོར་སོང་བ་རེད།
ལྡི་ལི་མཐོ་སློབ་ན་ཡོད་པས་བྲིས་པར་བཀྲ་ཤིས་བདེ་ལེགས། སྔོན་སྤྱི་ལོ་༡༩༧༢ནས་༧༤བར་བདག་ཀྱང་དེར་སློབ་དགེར་བསྡད་མྱངས་ཀྱང་། སངས་རྒྱས་པའི་ལེགས་སྦྱར་རམ་བོད་སྐད་ཀྱི་སློབ་མ་དམིགས་བསལ་མེད་པས། སོག་པོ་དགེ་བཤེས་དབང་རྒྱལ་མཆོག་གིས། ངོ་ཤེས་མེད་རུང་། ཨ་རིར་ཤོག་གསུངས་པ་དང་དུ་བླངས།
ཁྱེད་ཀྱི་རྩོམ་ཡིག་ཏུ་མིང་མཐའ་འདྲེན་ཚུལ་འགའ་ཞིག་བསྟན་བཅོས་དང་མི་མཐུན་པ་མ་གཏོགས། ལེགས་པ་མཆིས། དྲི་བ་འགའ་ཡོད་དེ། ཅེར་ས་དང་། སྣོག ཅེས་པའི་དོན་ཅི་ཡིན་ནམ། བོད་ཀྱིས་སྐད་ཡིག་སྲུང་བའི་ཆ་ནས། བཀྲིན་གྱིས། ཞེས་པར་བསྡུས་ཡིག་མེད་པར་བཀའ་དྲིན་གྱིས། ཞེས་དགོས། དེ་མིན་དབྱངས་གཅིག་ཅན་དགོས་ན། དྲིན་གྱིས། ཞེས་ན་མི་འགྲིག་གམ། དབུགས་འབྱིན་རྔུབ་བྱེད། དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། ཞེས་པ་སློབ་དཔོན་དབྱིག་གཉེན་གྱི་མཛོད་གནས་དྲུག་པ། ཚིགས་བཅད་༡༢པའི་་རང་འགྲེལ་བཅས་པ་གཞིར་བཟུང་ཨིན་ཡིག་ཏུ། དབུགས་རྔུབ་དབུགས་འབྱིན་སྐོར་ལ་སྒོམ་རྒྱབ་ཚུལ་འབྲི་བར་གོང་གསལ་དཔེ་ཆའི་རྒྱ་དཔེ་དང་བོད་དཔེ་གཉིས་ཅོག་ཙེའི་སྟེང་བཀྲམ་ཡོད། དབུགས་ནང་དུ་འཐེན་ནས་ཕྱིར་འདོན་པ་ལ་གཅིག་ཏུ་རྩིས་ནས་གཅིག་ནས་བཅུ་བར་སེམས་གཏན་ན་སྒོམ་པ་ལ་འབད་པ་བྱེད་དགོས་སོ་ཞེས་བསམས་སོ།
གཞན་ཡང་བོད་སྐད་དུ། འབྱོར་ལྡན་ལ་ཕྱུག་པོ་དང་། གཡག་སོགས་ལ་ཕྱུགས་ཟེར། ཕྱུགས། ཞེས་པའི་སྒྲ་ལ་བརྟེན་ནས། ཕྱུགས་མང་པོ་ཡོད་མཁན་ལ་ཕྱུག་པོ། མིང་ཆགས་པ་མ་ཡིན་ནམ། ཞེས་སོ།
ཆེད་རྩོམ་ལ་རྒྱ་ཅན་འདི་མཐོང་ནས་དགའ་བ་ཚད་མེད་ཅིག་ཐོབ་བྱུང་།
བོད་རིགས་སྤྱི་སྐད་གསར་མའི་ནང་ལ།
ཞེན་པ། ལེགས་པ།
་་་་་་་་་་་་་་་་་་་་་་་་་་་་་་
ཕ་གི ཕ་ཀི
མ་གི མ་ཀི།
་་་་་་་་་་་་་་་་་་་་་་་་
ཁ་སང་། མདང་།
གསར་བ། གསར་པ།
་་་་་་་་་་་་་་་་་་་་་་་་་་་་་་་་་
བཀྲིན། བཀའ་དྲིན། ཡང་ན། སྐུ་དྲིན། དྲིན།
བཀྲིས། བཀྲ་ཤིས།
སརྒྱས། སངས་རྒྱས།
ལེཌ། ལེགས།
་་་་་་་་་་་་་་་་་་་་་་་་་་
བརྩེ་བའི་དྲ་གྲོགས་ཚོ་དང་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་བསམ་ཚུལ་ཡག་པོ་གསུངས་འདུག་པར་
སྙིང་ནས་བཀའ་དྲིན་ཆེ། འདིར་”ཅེར་” ཞེས་པ་མིག་གིས་དངོས་པོ་(གང་ཟག་ཡང་འདུས་)ཞིག་ལ་ཡུན་རིང་བལྟས་པ་ལ་ཟེར་བ་དང་”སྣོག”ཞེས་པ་སྐབས་དེར་རྩོམ་ཡིག་འདི་ནང་ཡིག་རྒྱུགས་དང་འཚུད་རྒྱུགས་འདྲ་གཏོང་བའི་སྐབས་སུ་གཞན་ནས་ལན་བརྐུས་པ་ལ་ཟེར། ཡིན་ན་ཡང་ཚིག་འདིའི་ཁྱབ་རྒྱ་དང་ནང་དོན་དེ་ལས་ཆེ་སྙམ།
དགེ་འཇམ་དཔལ་ལགས། དབུགས་འབྱུང་རྔུབ་གྲངས་དུས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བའི་ཁུག་པ་དེ་ལ་གཅིག་ཏུ་རྩི་བའི་ཁུངས་གསལ་ཤོས་ཞུང་གང་དུ་ཡོད། ལ་ལས་ནང་དུ་རྔུབ་པ་གཅིག་ཕྱིར་འབྱུང་བ་གཉིས་པ་དེ་ནས་ཡང་ནང་དུ་རྔུབ་པ་གསུམ་པ་སོགས་རྩི་བཞིན་དུག སྤྱིར་ང་ཚོས་ཉིན་བཞག་ཕྲུག་གཅིག་ལ་དབུགས་འབྱུང་རྔུབ་ཁུག་པ་ ༢༡༦༠༠ བྱེད་ཀྱི་ཡོད་པ་དེ་སྐར་མ་ལ་ཕབ་ན་སྐར་མ་རེ་ལ་ཁུག་པ་ ༡༥ ལྔ་རེད་བྱེད་ཀྱི་ཡོད་འདུག ངོས་ནས་ཚམས་རེད་དབུགས་འབྱུང་རྔུབ་རེ་སྒོམ་སྐབས་སྐར་མ་གཅིག་ལ་ཁུག་པ་བཅུ་་རེ་འགྲོ་གི་འདུག་དེ་འབྱུང་རྔུབ་དལ་བསློད་རན་པོ་རེ་པས་ཡང་ན་ཅུ་དལ་གྲགས་པ་རེད་ལགས།
གསལ་ཤོས་གཞུང་གང་དུ་ཡོད།
བོད་ཀྱི་མེས་པོ་རྣམ་བཞི།
སྲོང་བཙན་ཁྲོས་ནས་ཆོལ་གསུམ་གཅིག་ཏུ་བསྒྲིལད། །
ཁྲི་སྲོང་དད་ནས་ནང་ཆོས་ས་བརྟན་བཙུགས། །
ཁྲི་རལ་དགྱེས་ནས་སྔགས་བཙུན་གཉིས་སུ་བཀུར། །
༸སྐུ་མདུན་འབད་ནས་ཞི་བདེའི་གཟེངས་རྟགས་བཞེས། །
བོད་ཀྱི་མེས་པོ་རྣམ་བཞིར་བསྒྲགས་ནའང་འགྲིགས། །
གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་མཆོག་ནས་ལན་རྒྱབ་པར་དགའ། མིག་ཅེ་རེ་ལྟ་བ། ཞེས་གོ་མྱོང་བ་ལྟར་བདེན་པར་མཐོང་། སྣོག་ཅེས་པ་བདག་གིས་ཐོས་ཡོད་ངེས། ད་ལྟ་རང་བོད་རྒྱ་ཚིག་མཛོད་ཆེན་མོར་བལྟས་པས། གོང་འོག་དཀྲུག་པའི་དོན་དུ་བཤད། ཕལ་ཆེར་སྔོག་པ་དང་འདྲ་བ་ཡིན་ནམ་སྙམ་མོ།
lobsang199་མཆོག
ཁྱེད་ཀྱིས་དབུགས་རྔུབ་དབུགས་འབྱུང་སྒོམ་ལ་དོན་གཉེར་ལ་དགའ་སྤྲོ་ཆེ། རྣམ་རྟོག་འགོག་པ་ལ་འདི་ཉིད་མཆོག་ཏུ་གསུངས། ཆེད་དུ་བརྗོད་པའི་ཚོམས། ༡༥པ། ཚིགས་བཅད་དང་པོ་ན། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ།
་
སངས་རྒྱས་ཀྱིས་ནི་བསྟན་པ་བཞིན།
གང་གི་དབུགས་རྔུབ་དབྱུང་དྲན་པ།
ཡོངས་སུ་རྫོགས་པར་ལེགས་བསྒོམས་པས།
རིམ་གྱིས་ཡོངས་སུ་བྱང་གྱུར་ཏེ།
སྤྲིན་བྲལ་ཉི་མ་ཟླ་བ་ལྟར།
འཇིག་རྟེན་འདི་ན་ཀུན་ནས་གསལ།། ༡ །།
་
ཞེས་གསུངས་པའི་དགོངས་པ་འགྲེལ་བ་ལ་སློབ་དཔོན་དབྱིག་གཉེན་གྱི་མཛོད་གནས་དྲུག་པའི་ཚིགས་བཅད་༡༢པ་ན།
་
དབུགས་རྔུབ་དབུགས་འབྱུང་དྲན་པ་ནི།
་
འདི་དོན་རང་འགྲེལ་ན་རྒྱས་པར་གསུངས་པ་དང་། ལྷག་པར་དུ། རྒྱུ་དྲུག་དང་ལྡན་ན་ཡོངས་སུ་རྫོགས་པ་ཡིན་ནོ། ཞེས་གསུངས། དེའི་རྗེས་སུ་འབྲངས་ཏེ། བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས། སེམས་རིན་པོ་ཆེ་རྣམ་པར་སྦྱོང་བའི་རིམ་པ། ཞེས་པའི་བསྟན་བཅོས་ན་ཡང་། གསལ་པོར་གསུངས་པ་དྲན་ནོ།
རྒན་ལགས་ཀྱིས་ཚིག་གི་དོན་རྣམས་ཁ་གསལ་པོ་བཟོས་འདུག་པར་བཀའ་དྲིན་ཆེ།
དགེ་འཇམ་དཔལ་ལགས་ཐུགས་རྗེ་ཆེ།