གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།(ལྡི་ལི་མཐོ་སློབ།)
ན་སོ་མ་རྒྱས་ན་ཆུང་བྱིས་པ་ཡི་དུས་སུ།།
ཕྲ་ཞིང་ཞིབ་པའི་ཡིད་འོང་བསམ་བློ་ཡི་ནང་དུ།།
རྩེད་འཇོ་ཁོ་ནར་དགའ་བའི་ལག་རྡང་ལ་སྦྲེལ་ཅིང་།།
གསེར་ལས་དཀོན་པའི་རྙེད་དཀའི་རྩ་ཆེན་གྱི་དུས་ཚོད།།
ནམ་མཁའི་འཇའ་ཚོན་ཇི་བཞིན་ཡལ་གྲབས་ལ་ཉེ་འདུག །
དེ་ནས་བཟུང་སྟེ་བསམ་མེད་བྱིས་པ་དེའི་མི་ཚེ།།
སློབ་གྲྭར་ཆས་རྒྱུ་སྐལ་བ་ཐོག་མ་དེ་རྙེད་ཅིང་།།
ཤེས་བྱའི་བཅུད་དུ་སྨིན་པའི་དཔེ་དེབ་ཀྱི་མཐུ་ལས།།
རྨོངས་པའི་མུན་ནག་འཐིབས་པའི་བསམ་བློ་ཡི་ནང་དུ།།
རྣམ་དཔྱོད་སྟོང་གི་འོད་ཟེར་ཐོག་མ་དེ་འཁྲུངས་ཤིང་།།
ཕྱི་ནང་ཤེས་བྱར་སྨིན་པའི་དྲི་བཟང་གི་མེ་ཏོག །
དམའ་བའི་སེམས་ཀྱི་ཞིང་སར་དལ་ལྷོད་ཀྱིས་འཁྲུངས་ཐལ།།
དཔེ་དེབ་ཁྱེད་ནི་རྨོངས་པའི་མུན་ནག་ལས་གྲོལ་བའི།།
དུས་རབས་གསར་བའི་ཅོང་བརྡ་སྙན་མོ་ཞིག་ཡིན་ཞེས།།
བསྟོད་པའི་ཚིག་གི་མེ་ཏོག་དོ་ཤལ་ལ་བརྒྱུས་ནས།།
ཁྱེད་ཀྱི་བླངས་པའི་ཕུལ་བྱུང་གྲུབ་འབྲས་ཀྱི་ཆོ་ལོར།།
སྨྲ་བསམ་བརྗོད་ལས་འདས་པའི་དགའ་སྤྲོ་ཡི་ཚོར་བས།།
རྣམ་ཐར་མདོར་བསྡུར་ཙམ་ཞིག་ཡི་གེ་རུ་ཕབ་ཡོད།།
དེང་རབས་འཕྲུལ་རིག་དར་བའི་སྲིད་པ་ཡི་དཀྱིལ་འཁོར།།
གློག་ཀླད་དྲ་བའི་མཚན་སྙན་ཁྱོན་ཡོངས་ལ་ཁྱབ་ཅིང་།།
ལེགས་ཉེས་བླང་དོར་འབྱེད་པའི་དཔེ་དེབ་ཀྱི་ཕན་ཡོན།།
གླེང་བར་བྱེད་པའི་སྐྱེས་བུ་ཉུང་ཉུང་ལས་མེད་པའི།།
གང་ཉིད་སྟོང་དང་ལྡན་པའི་འོད་ཟེར་གྱི་སྣང་བ།།
རླུང་ཁྲོད་མར་མེ་ཇི་བཞིན་ཟིན་གྲབས་ལ་ཉེ་འདུག །
རིག་པའི་གསེར་ཁྲིེར་འགྱིང་བའི་ཤེས་རབ་ཀྱི་རྗེ་བོས།།
ཁྱེད་ཀྱི་འཇིག་ལ་ཉེ་བའི་ཚེ་སྲོག་གི་དབུགས་རྒྱུན།།
མགྱོགས་མྱུར་ངང་ནས་ཆས་པའི་སྣང་ཚུལ་དེ་གཟིགས་དུས།།
སྤྱན་ཟུང་གཉིས་ལས་གདུང་བའི་སྨྲེ་ངག་གི་མཆི་མ།།
མུ་ཏིག་རྡོག་པོ་དང་མཚུངས་ཁྲོག་ཁྲོག་ཏུ་བབས་ཤིང་།།
ནམ་མཁར་ཤོང་ཐབས་བྲལ་བའི་ཁྱེད་ཉིད་ཀྱི་དགེ་མཚན།།
ཅན་བཞི་ཀུན་ལ་སྐད་ཅིག་འཕྲལ་མ་རུ་ཁྱབ་ཀྱང་།།
གང་ཉིད་དགེ་མཚན་ཟབ་མོའི་རྣམ་དག་གི་ཕྱག་རྗེས།།
ལ་ཁའི་དར་ལྕོག་ཇི་བཞིན་རླུང་དམར་གྱིས་ཟད་དུས།།
སེམས་ནང་མ་བཟོས་གདུང་བའི་རྨ་ཁ་ཞིག་བཏབ་སོང་།།
ལེགས་བཤད་འོ་མའི་རྒྱ་མཚོ་ལྷ་ལམ་དུ་འཕྱུར་ཅིང་།།
སྙན་གྲགས་སྲིད་ན་གྲགས་པའི་མཁས་པ་ཚོའི་གསུང་ལས།།
དཔེ་དེབ་ཁྱེད་ལ་སྙན་པའི་བསྟོད་ཚིག་གི་རྒྱན་སོང་།།
ལེགས་བཤད་ནོར་གྱི་གཏམས་པའིཤེས་བྱ་ཡི་བང་མཛོད།།
རྨོངས་པའི་མུན་ནག་གྲོལ་བའི་སྣང་གསལ་གྱི་སྒྲོན་མེ།།
རིག་གནས་མེ་ཏོག་བཞད་སའི་ཁོད་ཡངས་ཀྱི་སྐྱེད་ཚལ།།
ཤེས་རིག་ཟློས་གར་འགྱུར་སའི་ཕུལ་བྱུང་གི་དོ་ར།།
མཐའ་ཀླད་ནམ་མཁའ་ཇི་བཞིན་མུ་མེད་ཀྱི་ཤེས་བྱ།།
ཤེས་རིག་བདུད་བརྩི་བཀང་བའི་གསེར་ལྡན་གྱི་བུམ་ཞེས།།
མཁས་པའི་བསྟོད་ཚིག་ཟབ་མོ་ཁྱེད་རང་ལ་ཕུལ་ཡོད།།
གཡོ་བའི་མིག་ལ་དྲང་བདེན་མིག་ཤེལ་ཞིག་གྱོན་ནས།།
བོད་ཁམས་ལོ་རྒྱུས་ཁག་ལ་ཕྱི་མིག་རེ་བལྟས་དུས།།
དཔེ་དེབ་ཁྱེད་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས།།
གངས་ཅན་འཛིན་མར་རིག་པའི་མེ་ཏོག་རེ་བཞད་སོང་།།
སྲིན་པོའི་རྒྱལ་ཁམས་དང་མཚུངས་བོད་ཡུལ་གྱི་ལྗོངས་སུ།།
སྟོན་པའི་གསུང་གི་བྱིན་བརླབས་མ་དར་བའི་སྔོན་དུ།།
མི་གསོད་རྟ་འགྱེལ་རྙོག་འཛིངས་འཇགས་ཐབས་རང་མེད་པས།།
ཤཱཀྱའི་གཟུགས་ཀྱི་སྣང་བ་འཇིག་རྟེན་ལས་བྲལ་ཡང་།།
གསུང་གི་བྱིན་བརླབས་ཟབ་མོ་བྱུར་བུ་རུ་གཏམས་པའི།།
དཔེ་དེབ་འདི་ཡིས་བོད་ཁམས་ཞི་བདེ་ལ་འཁྲིད་སོང་།།
ཁྱེད་ཀྱི་བླ་ལྷག་བྲལ་བའི་བཀྲིན་ལ་བརྟེན་ནས།།
སྔར་ཡོད་ཡབ་མེས་གོང་མའི་རྣམ་དཔྱོད་ཀྱི་རྩལ་ལས།།
དོན་པའི་ཤེས་བྱའི་བདུད་བརྩི་མངར་མོ་ཡི་རང་བཅུད།།
གཞོན་སྐྱེས་ང་ཚོར་ཐོབ་པ་དཔེ་དེབ་ཀྱི་དྲིན་ཡིན།།
མ་འོངས་ཕུགས་བསམ་མི་བརྟན་ཅོལ་ཆུང་གི་སྐྱེ་བོར།།
བསམ་པའི་སྒོ་གླེགས་ཕྱོགས་བཞི་ཡངས་མོ་རུ་ཕྱེས་ནས།།
རྩ་ཆེན་རྙེད་དཀའི་གཞོན་ནུའི་དུས་ཚོད་ཀྱི་རིན་ཐང་།།
སེམས་ལ་དྲན་དགོས་ལྕག་སྐུལ་ཡང་ཡང་དུ་འདེབས་ཅིང་།།
ཤེས་བྱའི་ནོར་གྱིས་ཕོངས་པའི་ལྔ་རིག་གི་སློབ་མར།།
ལམ་བཟང་འཁྲིད་པར་མཛད་པའི་ལས་དོན་ལ་གཞོལ་སོང་།།
ཤེས་བྱ་མ་ལུས་གང་བ་ཁྱེད་ཉིད་ཀྱི་ཡོན་ཏན།།
སྙིགས་དོར་བཅུད་ལེན་འབྱེད་མཁས་ཁྱེད་ཉིད་ཀྱི་རྣམ་དཔྱོད།།
གཞན་དོན་ཁོ་ནར་འབད་པ་ཁྱེད་ཉིད་ཀྱི་ལྷག་བསམ།།
གང་སར་མི་གཡོ་རང་ཚུགས་བརྟན་པོ་ཡི་སྙིང་སྟོབས།།
སྐྱེ་བོ་གཉིད་ལས་སློང་བ་ཁྱེད་ཉིད་ཀྱི་བློས་གྲོས།།
ལེགས་བཤད་སྟོང་གི་ཅོང་སྒྲ་སིལ་སིལ་དུ་བཀྲོལ་ཚེ།།
ཡུན་རིང་གཉིད་དུ་ཡུར་བའི་རྨོངས་ཕྲུག་གི་ཚོགས་ལ།།
མདུན་སྐྱོད་ལམ་དུ་བགྲོད་པའི་འབོད་སྒྲ་ཞིག་སྒྲོག་སོང་།།
དཔེ་དེབ་ཁྱེད་ཀྱི་ཡང་དག་བཀྲིན་ལ་བརྟེན་ནས།།
སྐྱེ་བོིའི་བློས་གྲོས་འོད་ཟེར་སྟོང་ལྡན་དུ་འགྱུར་ཅིང་།།
རི་བོའི་གཏོས་དང་མཉམ་པའི་ཁྱེད་ཉིད་ཀྱི་མཛད་འཕྲིན།།
གླིང་བཞི་མ་ལུས་ཡོངས་རྫོགས་སྐད་ཅིག་ཏུ་ཁྱབ་སོང་།།
རིག་པའི་གནས་ལ་འབུངས་པའི་ལྔ་རིག་གི་མཁས་པས།།
རང་གི་བདེ་བ་ཆུང་ངུ་རྒྱང་རིང་དུ་དོར་ནས།།
དཔེ་དེབ་ཁྱེད་དང་ཚེ་གང་གཏན་གྲོགས་སུ་འགྱུར་ནས།།
མཐའ་ཡས་ཤེས་བྱའི་གླིང་ལ་མགྱོགས་མྱུར་གྱི་ཆས་སོང་།།
སྲིད་པའི་གནའ་གཏམ་སྨྲ་བའི་དུས་རབས་ཀྱི་རྒན་པོས།།
ཡུན་རིང་མ་བྲལ་དཔེ་དེབ་དུས་གཏན་དུ་ཀློག་ན།།
ཤེས་བྱའི་ནོར་གྱི་ཕྱུག་པའི་མཁས་པ་ཡི་དྲུང་ནས།།
སློབ་གཉེར་བྱེད་པ་བཞིན་དུ་མངོན་སུམ་དུ་ཡིན་ཞེས།།
ཨག་ཚོམ་རིང་པོར་ལག་པའི་བྱིལ་བྱིལ་ཙམ་བྱས་ནས།།
གདམས་ངག་ཟབ་མོའི་སྙིང་བཅུད་ང་ཚོ་ལ་བསྩལ་སོང་།།
སྣ་མང་ཤེས་བྱའི་མཁྱེན་རྒྱ་རི་བོ་ལས་མཐོ་ཞིང་།།
ལེགས་བཤད་འོ་མའི་བདུད་བརྩི་མཚོ་མོ་ལས་ཟབ་པ།།
སྐྱེ་བོ་མཁས་པར་འགྱུར་བ་ཁྱེད་ཉིད་ཀྱི་དྲིན་ཡིན།།
ཡུན་རིང་རྗེས་ལུས་ཐེབས་པའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན།།
ཡར་ངོའི་ཟླ་བ་ལྟ་བུ་སྐད་ཅིག་ཏུ་འཕེལ་ཅིང་།།
མདུན་སྐྱོད་ལམ་སྣེ་གསར་བ་གོམ་ཁ་རེ་བསྒྱུར་ནས།།
སྔོན་ཐོན་མི་རིགས་བསྒྱུར་བ་ཁྱེད་ཉིད་ཀྱི་དྲིན་ཡིན།།
རྩ་ཆེན་རྙེད་པར་དཀའ་བའི་མི་ལུས་ཀྱི་རིན་ཆེན།།
སྙིང་པོ་མཐོང་ནས་ལེ་ལོའི་ལྕགས་སྒྲོག་དེ་བཀྲོལ་ནས།
སྙིང་སྟོབས་གསར་བ་འཁྲུངས་བ་ཁྱེད་ཉིད་ཀྱི་དྲིན་ཡིན།
གཏམ་སྙན་རྣ་བར་ཐོས་ཚེ་བདེན་པ་རུ་མཐོང་ཞིང་།
ཕན་ཚུན་འདྲིས་པར་འགྱུར་ཚེ་གྲོགས་པོ་རུ་བརྩི་བའི།
སྲོལ་ངན་ཡོད་ཚད་སྙིང་པོ་མེད་པ་རུ་མཐོང་ནས།།
བློ་ཡི་བརྡར་ཤ་བྱེད་པ་ཁྱེད་ཉིད་ཀྱི་དྲིན་ཡིན།།
དེས་ན་གཞོན་སོ་དཀར་བའི་གཞོན་ནུ་ཡི་དུས་སུ།།
ཤེས་བྱའི་བཅུད་ཀྱི་གཏམས་པའི་དཔེ་དེབ་དང་འགྲོགས་ན།།
རྒས་ཤིད་འཁོགས་པའི་སྐྲ་དཀར་རྒན་པོ་རུ་འགྱུར་དུས།།
སེམས་ཀྱི་འདོད་འདུན་ཐ་དག་སྐད་ཅིག་ཏུ་འགྲུབ་འགྲོ།།
དཔེ་དེབ་ནང་ན་ལེན་རྒྱུ་མེད།
ལེན་རྒྱུ་ཡོད་ཚེ་སྟོང་བ་ཡིན།
སྐྱེས་ལྡན་རིལ་བུ་ཐོན་ཙ་ན།
ནད་པའི་སྐྱེ་བ་འཛད་བཞིན་ནོ།།
གནའ་ནས་ད་ལྟའི་འདི་བར་དུ།
དཔེ་ཆ་ལྷ་ཡི་ཚུལ་དུ་སྒོམ།
ཨེ་མའོ་དེ་ནི་ཤོག་སྐྱ་ཙམ།
ཀྱེ་མའོ་སྣག་ཚ་ལུང་བ་གང་།
གསེར་དང་འདྲ་བའི་རང་རིག་དེ།
ཀུན་རྫོབ་འདམ་དང་དྲི་མས་སྒྲིབས།
དམུས་ལོང་རྣམས་ལ་སྒྲོན་མེ་བཞིན།
བྱིས་བློ་དག་གི་མགོན་ནི་དེབ།
དེ་བཞིན་གཤེགས་པའི་སྙིང་བོ་དེ།
དཔེ་དེབ་དག་ལས་བྱུང་བ་མིན།
སྟོན་པ་ཤཀྱ་ཐུབ་པ་ཡང་།
མིག་ཤེལ་བཞེས་ནས་སངས་མ་རྒྱས།
འཁོར་འདས་ཀུན་ཀྱི་ཆོས་ཉིད་དེ།
གཙོ་བོ་རང་གི་ནང་ལ་བལྟ།
རང་བྱུང་རིག་པའི་ཡེ་ཤེས་ཀྱང་།
ནང་ལ་ལྟོས་དང་ནང་ན་གདའ།
དེ་བས་གྲྭ་སློབ་དཔེ་ཆ་བ།
དེབ་ལ་སྐྱབས་སུ་མི་འཛིན་པར།
མགོན་ནི་བདག་ཉིད་ཤེས་པར་གྱིས།
དུས་ཚོད་ཡོད་དུས་སྐྱིད་པོ་ཐོངས།
རྒྱ་ཆོས་བོད་དུ་དྲངས་ཏེ་བོད་ཁམས་ཀྱི་ལྗོངས་སུ།
རྙོག་འཛིང་རྩོད་པ་བྲལ་ཏེ་ཞི་བདེ་རུ་གྱུར་ཞེས་།
ཁ་དབྱངས་སྙན་མོའི་སྒྲུང་གཏམ་ཁ་མང་དུ་གྲགས་ཀྱང་།
དོན་དུ་གྲུབ་མཐའི་ཆགས་སྡང་ངར་ཁུར་གྱི་རྟ་ཕོ།
རང་འདོད་ཕྱོགས་ཀྱི་ལམ་ཐག་སོ་སོ་རུ་འཐེན་པས།
བཙན་པོ་གངས་རིའི་སྐེད་ལམ་གཅིག་ཆོད་དེ་སྟོར་ཏེ།
གངས་དཀར་སིལ་བུར་འཐོར་བའི་ཉིན་ནག་ཞིག་ཤར་རྗེས།
མི་གསོད་རྟ་སྒྱེལ་རྩོད་འཁྲུགས་ཇེ་ཆེ་རུ་གྱུར་ཏེ།
མཐའ་བཞི་རྒྱང་མཚམས་གཅོད་པའི་སྤུ་རྒྱལ་རྣམ་དཔྱོད།
དཔའ་འཛངས་ལོ་རྒྱུས་རི་མོ་དཔེ་ཐོག་ཏུ་འགོད་པའི།
བློ་གྲོས་སྤྱན་དཀྱུས་ཡངས་མོ་ཉམ་དམས་སུ་བཏང་སྟེ།
ཐ་མ་མཐའ་མིའི་སྡུག་རྩུབ་བཙན་འོག་ཏུ་བཙུད་དོ།
དྲ་གྲོགས་རྣམ་པ་ཚོའི་མཁྱེན་རྟོགས་ཆེད་དུ་དྲ་རྒྱ་གསར་པ་ཞིག་མཚམས་སྦྱོར་བྱེད་འདོད་བྱུང་།
ཉེ་སྔོན་ནས་བོད་ཕྱི་ནང་གཉིས་ཀར་འཕྲུལ་དེབ་དར་སྲོལ་ཆེ་རུ་འགྲོ་བཞིན་པ་ལྟར། དྲ་གྲོགས་སྟོང་སྐོར་བློ་བཟང་དབང་ལྡན་ཟེར་བ་ཞིག་གིས་ཀྱང་སློབ་གཉེར་བ་ལ་ཉེ་བར་མཁོ་བའི་འཕྲུལ་དེབ་དུ་མ་གསར་བསྒྲིགས་གནང་གི་འདུག་ལ། ཁོས་བསྒྲིགས་པའི་འཕྲུལ་དེབ་རྣམས་ཧ་ཅང་སྤུས་ཚད་ལེགས་པོ་འདུག་པར་མ་ཟད། སློབ་གཉེར་བ་ཚོས་ཀྱང་བསྔགས་བརྗོད་ཆེན་པོ་གནང་གི་ཡོད་ཚོད་འདུག ལྟོས་ས་ལྟོས་ཕྱོགས་ནས་བཤད་ན་ཡིག་ནོར་ཡང་ཧ་ཅང་ཉུང་ཞིང་། ཕབ་ལེན་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་འདུག་སྙམ།
http://www.tongkhor.tk ལ་ཕེབས་ནས་ཕབ་ལེན་བྱེད་ཐུབ་ཀྱི་འདུག
ནོར་བཅོས་
སྤུ་རྒྱལ་གྱི་རྣམ་གྱི་རྣམ་དཔྱོད།
སྤུ་རྒྱལ་གྱི་རྣམ་དཔྱོད།
བློ་བཟང་དབང་ལྡན་ལགས་སུ་ཐུགས་རྗེ་ཆེ་ཞུ།