རྨ་ཆུའི་དོན་གོ
༡༽
ངའི་མདུན་ཕྱོགས་ནས་ཁ་ཡར་འཁོར་ཏེ་ངའི་སྐད་ཆར་ཉན་མཁན་གྱི་སློབ་ཕྲུག་རྣམས་ལ་མཚོན་ན། ཁོང་ཚོ་ནི་ཕ་མ་ཤེས་ཡོན་ཅན་གྱི་གཞུང་ཞབས་ལས་བྱེད་པའི་ཕྲུ་གུ་མིན་ལ། ཨིན་སྐད་གཙོ་ཁྲིད་བྱེད་སའི་སྒེར་སློབ་ཁག་ཏུ་སློབ་ཡོན་མཐོ་བོ་སྤྲོད་ཐུབ་མཁན་གྱི་བོད་རིགས་འབྱོར་ལྡན་ཚོའི་ཕྲུ་གུའང་མིན། ཁོང་ཚོ་ནི་རྒྱ་བལ་འབྲུག་གསུམ་གྱི་བོད་པའི་གཞིས་ཆགས་ཁག་ཏུ་སྡོད་མཁན་གྱི་བོད་པ་ཉམ་ཐག་རྣམས་ཀྱི་ཕྲུ་གུ་འགའ་ཤས་དང་། བོད་པ་དང་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ཀྱི་ཕྲུ་གུ་ཡིན།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་རྣམས་ལ་མཚོན་ན་ཁོང་ཚོ་རྒྱ་གར་གྱི་མི་སེར་ངོ་མ་ཡིན་པ་དང་། ནང་མིའི་རྒྱབ་ལྗོངས་ལ་མཚོན་ན་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པོ་དང་། བོད་སྐད་དང་བོད་ཡིག་གི་རྨང་གཞི་རྩ་བ་ནས་མེད་མཁན་ཤ་སྟག་རེད། ཁོང་ཚོའི་ཕ་མེས་ཀྱི་ཆོས་ལུགས་བོད་བརྒྱུད་ནང་བསྟན་ཡིན་པ་དང། ལྷག་པར་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་དམ་ཚིག་བཙང་མ་ཡོད་མཁན་ཤ་སྟག་ཡིན་སྙམ།
འདི་འདྲའི་ཆོས་དང་རིག་གཞུང་གི་འབྲེལ་བ་དང་དད་པ་དམ་ཚིག་ཅིག་ལ་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་གྱི་ཕྲུ་གུ་རྣམས་ཀྱིས་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་མང་ཆེ་བའི་སློབ་ཕྲུག་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་མཐོ་བོ་ཟིན་ཡོད་པ་མ་ཟད། གདན་ས་གསུམ་གྱིས་མཚོན་པའི་བཙན་བྱོལ་ནང་གི་ཆོས་རྒྱུད་རེས་མེད་ཀྱི་དགོན་སྡེ་ཁག་གི་གྲྭ་རྒྱུན་གསར་ཞུགས་ཀྱི་བརྒྱ་ཆའང་མཐོ་བོ་ཟིན་ཡོད་པ་ཡོངས་གྲགས་ཡིན།
གནས་སྟངས་འདི་འདྲ་ཆགས་པ་ལ་རྒྱུ་རྐྱེན་གང་མང་ཞིག་ཡོད་ན་ཡང་མདོར་བསྡུས་ནས་བཤད་ན། བོད་ནས་བཙན་བྱོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་པ་དང། ང་རང་ཚོ་བཙན་བྱོལ་བོད་མི་རྣམས་ཀྱིས་དཔལ་འབྱོར་འདུ་འགོད་དང་སྒེར་གྱི་མདུན་ལམ་གྱི་ཆེད་དུ་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་སྣང་ཆུང་དང་བློས་གཏོང་བྱེད་བཞིན་ཡོད་པ་འདི་གཉིས་ལ་ཐུག་ཡོད་སྙམ།
ཕྱོགས་གཞན་ཞིག་ནས་བཤད་ན་འདི་ནི་༧གོང་ས་མཆོག་གི་ཆེས་རླབས་ཆེན་གྱི་ཐུགས་དགོངས་ཤིག་ཡིན་པ་མ་ཟད། བཙན་བྱོལ་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་ཁ་ཕྱོགས་བརྟན་པོ་ཞིག་ཀྱང་རེད། ངེད་ཅག་གངས་ཅན་པ་རྣམས་འདི་ལྟར་ཡ་ང་ཞིང་ཡིད་མུག་པའི་གནས་སུ་གྱུར་ཏེ་ང་ཚོའི་ཆེས་བླ་ན་མེད་པའི་ནང་བསྟན་ཆོས་ལུགས་དང་། ང་ཚོའི་བླ་སྲོག་དང་འབྲེལ་བའི་སྐད་ཡིག་དང་རིག་གཞུང་བཟང་པོ་རྣམས་ཉམས་རྒུད་དུ་ཕྱིན་ནས་རིམ་བཞིན་རྩ་བརླག་ཏུ་འགྱུར་ཉེན་ཆེ་བའི་སྐབས་འདིར། ང་ཚོ་དང་ཆོས་རིག་གི་འབྲེལ་བ་ཟབ་པའི་མི་རིགས་ཤིག་གིས་འདི་ལ་དོ་སྣང་སྤྲད་དེ་སྦྱང་བརྩོན་དང་དོན་གཉེར་བྱས་ཏེ་བདག་པོ་བརྒྱབ་པ་ཡིན་ན། དེ་ནི་ཧ་ཅང་དགའ་འོས་པའི་གནད་དོན་ཞིག་དང་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་རེད་སྙམ།
༢༽
ཁོ་བོ་ལ་མཚོན་ན་ལོ་མང་པོའི་རིང་དགེ་རྒན་གྱི་ལས་ཀ་བྱས་ཀྱང་འབུར་དུ་ཐོན་པའི་གྲུབ་འབྲས་འདི་ཡིན་ཞེས་དམིགས་བསལ་སྟོན་རྒྱུ་གང་ཡང་མེད། ཡིན་ནའང་ངས་མཐའ་མཚམས་ཁུལ་ཏུ་ཡོད་པའི་གཞིས་ཆགས་ཉམ་ཐག་ཚོའི་ཕྲུ་གུ་དང་། བོད་སྐད་དང་བོད་ཡིག་རྩ་བ་ནས་མི་ཤེས་མཁན་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་མང་པོ་ཞིག་ལ་བོད་སྐད་དང་བོད་ཡིག་འབྲི་ཀློག་བྱེད་སྟངས་བསླབས་ཡོད་། ཁོང་ཚོ་མང་པོ་ཞིག་བོད་སྐད་མི་ཤེས་མཁན་ནས་ཤེས་མཁན་དང་། བོད་ཡིག་འབྲི་ཀློག་མི་ཤེས་མཁན་ནས་ཤེས་མཁན་དུ་གྱུར་ཡོད་པ་དེ་ནི་ཁོང་ཚོ་མ་འོངས་པར་ནང་བསྟན་ཆོས་ལུགས་ཀྱིས་མཚོན་པའི་ཆེས་གཏིང་མཐའ་བྲལ་བའི་བོད་ཀྱི་རིག་གཞུང་གི་སྒོ་མོར་གཞུག་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་འགྱུར་བའི་རེ་བ་འཆིང་ཡོད། ང་དང་ང་འདྲ་བའི་བཙན་བྱོལ་ནང་གི་གཞི་རིམ་བོད་དགེ་རྣམས་ལ་མཚོན་ན་འདི་ནི་ང་ཚོའི་ཡོ་ཐབས་མེད་པའི་ལས་འགན་རེད་ལ་ང་ཚོའི་མི་ཚེའི་ནང་གི་མཇུག་འབྲས་ཆེ་ཤོས་ཀྱི་ལས་ཀ་ཡང་འདི་ཁོ་ན་ལ་ངོས་འཛིན་བྱེད་དགོས་སྙམ།
རིགས་རུས་བོད་པ་ཡིན་མིན་ལ་མ་ལྟོས་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སློབ་གཉེར་བྱེད་མཁན་གྱི་ཕྲུ་གུ་ཆུང་ཆུང་འདི་ཚོའི་མ་འོངས་པའི་མདུན་ལམ་དང་ཡར་རྒྱས་ཀྱི་ཆེད་དུ་བསམ་གཞིགས་ནན་མོ་རེ་མི་བྱེད་ཐབས་མེད་རེད། བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུ་ལྷག་རིང་གི་ཤེས་ཡོན་གྱི་མཇུག་འབྲས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་མང་ཆེ་བ་ཡིག་རྨོངས་ལས་ཐར་ཡོད་པ་སོགས་ལེགས་ཕྱོགས་ནས་བལྟས་ན་གྲུབ་འབྲས་ཀྱང་མི་དམན་ཙམ་ཐོབ་ཡོད་ཀྱང། སྡུག་ཕྱོགས་ནས་བལྟས་ན་བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་མང་ཆེ་བའི་བོད་ཡིག་གི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པ་དང་། གཞོན་སྐྱེས་ཚོའི་ཕྱིའི་སྤྱོད་ལམ་དང་ནང་གི་ཀུན་སློང་། ཤེས་ཡོན་གྱི་གནས་ཚད་དང་བསམ་བློའི་འཁྱེར་སོ་སོགས་ཕྱོགས་མང་པོ་ཞིག་གི་ཐད་ནས་༧གོང་ས་མཆོག་གིས་གཙོས་བོད་མི་རིགས་དང་བོད་ཀྱི་ཆོས་དང་རིགས་གཞུང་གི་གསོན་གནས་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་བོའི་རིང་ཐུགས་ཁུར་དང་སྐུ་ངལ་ཚད་མེད་གནང་མཁན་གྱི་མི་རབས་རྒན་པ་ཚོའི་ཐུགས་འདོད་ཁེངས་ཀྱི་མེད་པ་དེ་མངོན་གསལ་དོད་པོ་ཆགས་ཡོད།
བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་བཟོ་གནང་བ་དང་། ཨང་རྩིས་དང་ཚན་རིག་སོགས་སློབ་ཚན་མང་པོ་ཞིག་བོད་སྒྱུར་བྱས་པ་སོགས་རླབས་ཆེན་གྱི་ལས་གཞི་ཁ་ཤས་ཤིག་གི་འགོ་བཙུགས་ཡོད་ན་ཡང་ལག་ལེན་དང་གྲུབ་འབྲས་ཀྱི་ཕྱོགས་ནས་ད་བར་ཚད་དང་ལྡན་པ་ཞིག་དང་གདེང་ཚོད་རྙེད་པ་ཞིག་བྱུང་ཐུབ་མེད།
གཞོན་སྐྱེས་རྣམས་ཀྱི་བོད་ཡིག་གི་གནས་ཚད་ཞན་པོ་ཡིན་པ་འདིས་རྐྱེན་གྱིས་ཁོང་ཚོའི་མི་རིགས་རང་གི་རིག་གཞུང་རྒྱུན་འཛིན་གྱི་ནུས་པའང་ཉམས་རྒུད་དུ་འགྲོ་བཞིན་ཡོད། བོད་སྐད་དང་བོད་ཡིག་ཙམ་མིན་པར་སྤྱི་ཡོངས་ནས་བཤད་ན་བོད་ཕྲུག་རྣམས་ཀྱི་སློ་སྦྱོང་ཐོག་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྙིང་རུས་དང་། སློབ་ཕྲུག་རང་ངོས་ནས་སློབ་སྦྱོང་ལ་སྤྲོ་སྣང་དང་འབད་བརྩོན་བྱེད་པའི་སེམས་ཤུགས་དང་གོམས་གཤིས་སོགས་ཞན་པོ་ཡིན་པ་དེ། ཕྱིའི་ཁོར་ཡུག་དང་ཆ་རྐྱེན་སོགས་འདྲ་མཉམ་ཡིན་པའི་ང་ཚོའི་གནས་ཡུལ་རྒྱ་གར་གྱི་ཕྲུ་གུ་རྣམས་དང་བསྡུར་ནས་བལྟས་ན་གསལ་བོ་ཤེས་ཐུབ།
༣༽
བཙན་བྱོལ་སྤྱི་ཚོགས་ནང་དུ་གཞི་རིམ་འཛིན་གྲྭ་བཅུ་གཉིས་དང་། མཐོ་སློབ་མཐར་ཕྱིན་པ་མང་པོ་ཞིག་ཡོད་ན་ཡང་ཁོང་ཚོ་མང་ཆེ་བ་ལ་མཚོན་ན། སློབ་གྲྭ་ནས་ཐོན་པ་དང་སྦྱང་བྱའི་སློབ་དེབ་དང་མཉམ་དུ་སློབ་གཉེར་གྱི་མདུན་པ་ཡང་བོར་བརླག་ཏུ་ཕྱིན་ནས། ཁོང་ཚོའི་ཉིན་རེའི་འཚོ་བའི་ནང་དཔེ་དེབ་ཀློག་པ་དང་རྩོམ་ཡིག་འབྲི་བ་སོགས་ཀྱི་གོམས་གཤིས་རྩ་བ་ནས་མེད་པ་དེ་ནི་ཧ་ཅང་གི་བློ་ཕམ་དང་སེམས་ཁྲལ་བྱ་དགོས་པའི་གནད་དོན་ཞིག་རེད་སྙམ། འདི་འདྲའི་ཉམས་ཆག་གི་རྒྱུ་རྐྱེན་དང་ཡར་རྒྱས་ཀྱི་ཁ་ཕྱོགས་འཚོལ་ཆེད་གཞུང་ངོས་ནས་ཚོགས་འདུ་བསྐོངས་སྟེ་གྲོས་ཆོད་བཞག་པ་དང་། མཁས་པའི་བགྲོ་གླེང་བྱས་པ་སོགས་ལས་རིམ་མང་པོ་ཞིག་སྤེལ་པ་དང་། གང་ཟག་སྒེར་གྱི་བསམ་ཚུལ་མཚོན་པའི་རྩོམ་ཡིག་ཀྱང་ཁ་ཤས་ཤིག་ཐོན་ཡོད། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་གྲགས་སུ་གླེང་བཞིན་པའི་ཤེས་ཡོན་ཉམས་ཆག་གི་རྒྱུ་རྐྱེན་གཙོ་བོ་ཁ་ཤས་ཤིག་ཡོད་པ་དེ་དག་ནི།
༡༽སྔར་ཨིན་ཇི་བས་བཟོས་པའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པ་དེ་མ་འཚམས་པ།
༢༽ འབྲེལ་ཡོད་དགེ་རྒན་རྣམས་ཀྱི་ཤེས་ཚད་དང་ལྷག་བསམ་གྱིས་མ་འདང་པའི་དཀའ་ངལ།
༣༽ ཕ་མ་རྣམས་ཀྱིས་ཕྲུ་གུ་བདག་སྐྱོང་བྱེད་སྟངས་དང་བསླབ་བྱ་རྒྱག་སྟངས་མ་འགྲིགས་པ།
༤༽བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མེད་པའི་དཀའ་ངལ།
༥༽སྒེར་གཉེར་སློབ་གྲྭ་ཁག་གིས་གཞུང་གི་ཤེས་ཡོན་སྲིད་བྱུས་ལག་ལེན་ཚུལ་བཞིན་མ་བསྟར་བའི་དཀའ་ངལ།
༦༽ཕ་མ་རྣམས་དཔལ་འབྱོར་འདུ་འགོད་ཀྱི་གཞན་དབང་དུ་ཤོར་ནས་ཕྲུ་གུའི་ཤེས་ཡོན་དང་ཀུན་སྤྱོད་ཐད་ལྷོད་ཡང་གཏོང་བཞིན་པའི་དཀའ་ངལ།
༧༽གཞུང་ངོས་ནས་ལམ་སྟོན་དང་སྣེ་ཁྲིད་ཀྱིས་མ་འདང་བའི་དཀའ་ལང་།
༧༽ ཕ་མ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ལ་གོ་རྟོགས་མེད་པའམ་ཡང་ན་འདོད་མོས་མེད་པའི་དཀའ་ངལ།
༨༽སློབ་གྲྭ་སོ་སོའི་ཁོར་ཡུག་མ་འགྲིག་པའི་དཀའ་ངལ་སོགས་རེད་ལ་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་དཀའ་ངལ་འདི་དག་གི་སྐོར་ལ་བསམ་བློ་བཏང་གླེང་མོལ་བྱས་ཏེ་ཡོ་བསྲང་དང་བཅོས་སྒྱུར་ལ་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེ་སྙམ།
ད་ལྟ་ངས་གླེང་འདོད་པ་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཡིག་གི་ཡིག་གཟུགས་བེད་སྤྱོད་བྱེད་སྟངས་དང་དེ་སྦྱོང་བརྡར་བྱེད་སྟངས་ཀྱི་ལམ་ལུགས་སྐོར་ཡིན། ང་ཚོས་ཕྲུ་གུ་རང་ལོ་བཞི་ལྔ་སོན་པ་རྣམས་ཐོག་མར་སྔོན་འགྲོ་དང་པོ་དང་གཉིས་པའི་ནང་བཅུག་སྟེ་དབྱངས་གསལ་རྣམས་ངོས་འཛིན་དང་འབྲི་ཀློག་བྱེད་སྟངས་ཀྱི་སྦྱོང་བརྡར་འགོ་འཛུགས་ཀྱི་ཡོད། སྐབས་འདི་ལ་མཚོན་ན་བྱིས་པ་ཆུང་ཆུང་ཚོའི་ལག་རྩལ་ལ་འཚམ་པོ་ཡོད་མེད་ལ་མ་ལྟོས་པར་དབུ་མེད་ཀྱི་ཚུགས་རིང་འབྲི་ཀློག་བྱེད་སྟངས་སླབ་ཀྱི་ཡོད། ཤེས་རིག་ལྷན་ཁང་གིས་གཏན་འབེབ་དང་ལམ་སྟོན་གནང་བ་བཞིན་བོད་དགེ་རྣམས་ཀྱིས་ཡིག་གཟུགས་སྦྱོང་དེབ་དང་། སྦྱང་ཤིང་སོགས་བེད་སྤྱོད་བྱས་ཏེ་སྔོན་འགྲོའི་འཛིན་གྲྭ་ནས་བཟུང་གཞི་རིམ་འོག་མའི་འཛིན་གྲྭ་གསུམ་པ་བར་དབུ་མེད་ཚུགས་རིང་གི་ཡིག་གཟུགས་འབྲི་སྟངས་ཀྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད། དེ་ནས་གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་ནས་དབུ་ཅན་ཀློག་སྟངས་འགོ་འཛུགས་དགོས་པ་དང་། ཡིག་གཟུགས་ཀྱི་ཐད་ནས་ཚུགས་རིང་ནས་རིམ་བཞིན་ཚུགས་ཐུང་དང་ཡིག་ཆུང་ལ་འགྱུར་བ་འགྲོ་གི་ཡོད།
༤༽
སྐབས་འདི་ལ་མཚོན་ན་སྔར་དབུ་མེད་སྦྱོར་ཀློག་ཡག་པོ་ཤེས་མཁན་རྣམས་ལ་དཀའ་ངལ་དེ་ཙམ་མེད་པར་ཕྲུ་གུ་མང་ཆེ་བས་ཟླ་བ་གཉིས་གསུམ་རིང་དབུ་ཅན་ཀློག་ཐུབ་པ་མ་ཟད། ཡིག་གཟུགས་ཀྱི་ཐད་ནས་ཚུགས་རིང་ནས་ཚུགས་ཐུང་ལ་བསྒྱུར་བར་དཀའ་ངལ་དེ་ཙམ་མེད་པའི་མྱོང་ཚོར་བྱུང་། ཡིན་ན་ཡང་ཕྲུ་གུ་རིག་པ་སྐྱོ་བོ་ཅན་རེ་ཟུང་ལ་མཚོན་ན་སྐབས་འདི་ཙམ་ནས་ཡི་གེའི་གཟུགས་ཀྱི་འགྱུར་ལྡོག་འདི་དག་ལ་བརྟེན་ནས་བོད་ཡིག་འབྲི་བ་ལ་སུན་སྣང་བསྐྱེ་འགོ་ཚུགས་ཀྱི་ཡོད་སྙམ། དེ་ལྟར་མུ་མཐུད་དུ་སྦྱོང་བརྡར་སྤྲད་དེ་གཞི་རིམ་འོག་མའི་འཛིན་གྲྭ་ལྔ་པའི་སྐབས་སུ་ཕྲུ་གུ་མང་ཆེ་བས་དབུ་ཅན་དང་དབུ་མེད་གཉིས་ཀ་ཀློག་ཐུབ་པ་མ་ཟད། ཚུགས་ཐུང་དང་ཡིག་ཆུང་གི་ཡིག་གཟུགས་ཀྱང་ཡག་པོ་འབྲི་ཐུབ་ཀྱི་ཡོད།
འོན་ཀྱང་བློ་ཕམ་པ་ཞིག་ལ་ཁོང་ཚོ་ད་དུང་བོད་ཡིག་གི་ཡིག་གཟུགས་ཀྱི་དཀའ་ངལ་ལས་ཐར་མེད་པ་དེ་ཡིན། ཁོང་ཚོས་ད་དུང་གཞི་རིམ་བར་མའི་འཛིན་གྲྭ་དྲུག་པ་ནས་བཟུང་རིམ་བཞིན་ཚུགས་མ་འཁྱུག་དང་འཁྱུགས་ཡིག་སྦྱང་དགོས་ཀྱི་ཡོད། སློབ་ཕྲུག་རེ་ཟུང་ལ་མཚོན་ན་འཛིན་གྲྭ་བཅུ་གཉིས་ཐོན་སྐབས་ད་དུང་བོད་ཡིག་གི་ཡིག་གཟུགས་ཀྱི་དཀའ་ངལ་ལས་ཐར་མེད།
གཞི་རིམ་བར་མའི་འཛིན་གྲྭ་དྲུག་པ་བདུན་པ་ལ་མཚོན་ན་སྔར་གཞི་རིམ་འོག་མའི་སྐབས་བོད་ཡིག་ཐོག་བསླབས་པའི་སློབ་ཚན་ཨང་རྩིས་དང་ཚན་རིག་སོགས་ཨིན་སྐད་ཐོག་གསར་ཏུ་སྦྱང་དགོས་པར་བརྟེན། ཨིན་ཡིག་ལ་དམིགས་བསལ་གྱིས་དོ་སྣང་སྤྲད་དེ་སྦྱང་མ་ཐུབ་ན་རྒྱུགས་འབྲས་ཀྱི་བརྒྱ་ཆ་དམའ་བོ་ཆགས་ཏེ་འཛིན་རིམ་འཕར་མི་ཐུབ་པའི་དཀའ་ངལ་འཕྲད་ཉེན་ཡོད་པ་སོགས་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་བོད་ཡིག་དང་ཡིག་གཟུགས་སྦྱོང་བརྡར་ཆེད་ཆུ་ཚོད་ཉུང་ཉུང་ཞིག་མ་གཏོགས་རག་གི་མེད། ཆུ་ཚོད་ཀྱིས་མི་འདང་བའི་དུས་སྐབས་འདི་འདྲ་ཞིག་ལ་སྔར་གཞི་རིམ་འོག་མའི་སྐབས་ཟབ་ནན་གྱིས་སྦྱངས་ཤིང་། བྱིས་པའི་མཉེན་ཆ་ཅན་གྱི་ལག་པར་གོམས་འདྲེས་སོང་པའི་ཡིག་གཟུགས་དེས་ཕན་མ་ཐོགས་པའམ་མགྱོགས་བྲིས་ཀྱི་དགོས་དབང་གིས་ཁྱུགས་ཡིག་ལ་བསྒྱུར་དགོས་པ་དེ་ནི་སློབ་ཕྲུག་མང་ཆེ་བ་ལ་མཚོན་ན་ཧ་ཅང་གི་དཀའ་ངལ་ཆེན་པོ་ཞིག་ཆགས་ཀྱི་ཡོད།
གཞི་རིམ་འོག་མའི་སྐབས་སུ་ཚུགས་ཐུང་དང་ཡིག་ཆུང་གི་ཡིག་གཟུགས་ཡག་པོ་འབྲི་ཐུབ་མཁན་མང་པོ་ཞིག་སྐབས་འདི་ཙམ་ནས་ཀློག་དཀའ་བའི་ཡིག་གཟུགས་ཀྱག་ཀྱོག་འབྲི་མཁན་དུ་འགྱུར་བཞིན་ཡོད། སློབ་ཚན་མང་པོ་སྦྱང་དགོས་པའི་ཁར་སྦྱངས་འབྲས་ལ་འགྲན་རྩོད་བྱེད་དགོས་པའི་དུས་སྐབས་འདི་འདྲ་ཞིག་ལ་ཁོང་ཚོའི་བྱིས་དུས་ཀྱི་ལག་པར་གོམས་པའི་བོད་ཡིག་གི་ཡིག་གཟུགས་དེ་བེད་སྤྱོད་མེད་པར་གྱུར་ཏེ། ཁོང་ཚོའི་ལག་པར་བྱང་ཆ་དང་གོམས་འདྲེས་མེད་པའི་ཡིག་གཟུགས་གསར་བ་ཞིག་སྦྱང་དགོས་པ་འདི་ནི་དཀའ་ངལ་ཆུང་ཆུང་ཞིག་དང་གནད་དོན་ཆུང་ཆུང་ཞིག་གཏན་ནས་མིན་སྙམ།
ང་ཚོས་འདིའི་སྐོར་ལ་བརྟག་དཔྱད་དང་ཞིབ་འཇུག་ནན་པོ་ཞིག་བྱས་པ་ཡིན་ན་འདི་ནི་བོད་ཕྲུག་ཚོའི་སྤྱི་ཡོངས་ཀྱི་སློབ་སྦྱོང་དང་། ནང་སྒོས་སུ་བོད་ཀྱི་སྐད་ཡིག་སྦྱང་བརྩོན་ལ་སྤྲོ་སྣང་དང་དགའ་ཞེན་ཡོད་མེད་ཀྱི་གནད་དོན། དེ་བཞིན་ཁོ་བོས་གོང་དུ་བཤད་པ་བཞིན་བོད་ཕྲུག་ཚོའི་མ་འོངས་པའི་རྩོམ་ཡིག་འབྲི་ཀློག་གི་གོམས་གཤིས་སོགས་དང་འབྲེལ་བ་དམ་ཟབ་ཡོད་སྙམ།
༥༽
ཐོག་མར་ཚུགས་རིང་དང། དེ་ནས་ཚུགས་ཐུང་དང་ཡིག་ཆུང། ཚུགས་མ་འཁྱུག་དང་འཁྱུགས་ཡིག་སོགས་རིམ་བཞིན་སྦྱོང་བརྡར་བྱེད་པའི་ལམ་ལུགས་འདི་གནའ་སྔ་མོ་བོད་ཀྱི་སྐད་ཡིག་གཅིག་པོ་ལ་ཆེད་སྦྱོང་བྱེད་སྐབས་ཀྱི་ཕྱག་སྲོལ་ཞིག་རེད་ལ། བོད་ཡིག་གི་གཟུགས་རིས་སྦྱོང་སྟངས་ཀྱི་རྒྱུད་རིམ་ངེས་ཅན་ཞིག་ཀྱང་རེད། ཡིན་ནའང་དེང་སང་དུས་རབས་ཉི་ཤུ་རྩ་གཅིག་པའི་སྐབས་འདིར་འཛམ་གླིང་སྤྱིའི་གནས་སྟངས་ལ་འགྱུར་བ་ཕྱིན་ནས་སྐད་ཡིག་མང་པོ་དང་སློབ་ཚན་མང་པོ་ངེས་པར་དུ་སྦྱང་དགོས་པ་སོགས་ཤེས་ཡོན་སློབ་སྦྱོང་ཐོག་འགྲན་རྩོད་ཧ་ཅང་ཆེ་བའི་དུས་སྐབས་འདི་འདྲ་ཞིག་ལ་ང་ཚོས་ཕྲུ་གུ་ཚོའི་སེམས་ཁམས་དང་། དུས་རབས་ཀྱི་འགྱུར་འགྲོས་སོགས་དང་འཚམ་པོ་ཡོད་མེད་ལ་མ་བལྟས་པར་ཡི་གེའི་གཟུགས་རིས་མང་པོ་སྦྱང་དགོས་པའི་སྔ་མོའི་ལུགས་སྲོལ་རྙིང་པ་ཞིག་ལ་དུངས་ཞེན་དང་དམ་འཛིན་གྱིས་ལག་བསྟར་བྱས་དང་བྱེད་བཞིན་པ་འདིའི་དགེ་སྐྱོན་གཉིས་ལས་སྐྱོན་དང་ཕན་གནོད་གཉིས་ལས་གནོད་མི་ཆེ་བའི་ངེས་པ་མེད་སྙམ།
སྤྱིར་བཏང་ཡིག་གཟུགས་ཀྱི་དཀའ་ངལ་འདི་ནི་བོད་ཡིག་གཅིག་པོའི་ཐོག་འཕྲད་བཞིན་པའི་བོད་རིགས་ཚོའི་དཀའ་ངལ་འཕར་མ་ཞིག་རེད་མ་གཏོགས་ཨིན་ཡིག་སོགས་འཛམ་གླིང་ནང་གི་སྐད་ཡིག་མང་ཆེ་བར་མཚོན་ན་འདི་ནི་གཞི་རིམ་འོག་མའི་སྐབས་ནས་སེལ་འགྲོ་བའི་དཀལ་ངལ་ཆུང་ཆུང་ཞིག་རེད། ཡང་གཅིག་བཤད་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཚད་དང་། འཛིན་སྐྱོང་དང་ཕ་མ་དགེ་རྒན་སོགས་སྤྱི་སྒེར་གང་ཡིན་ཡང་དམིགས་ཡུལ་ངོ་མ་ནི་བོད་ཕྲུག་རྣམས་ལ་ཡིག་གཟུགས་སྣ་ཚོགས་སྦྱང་བཅུག་ཏེ་བོད་ཀྱི་ཡིག་གཟུགས་ཆེད་མཁས་པ་ཤ་སྟག་སྐྱེད་སྲིང་བྱ་རྒྱུ་དེ་མིན་པར། ཁོང་ཚོའི་བོད་ཡིག་གི་་ཀློག་རྩལ་དང་འབྲི་རྩལ་གོ་རྟོགས་སོགས་ཡར་རྒྱས་ལ་བཏང་སྟེ་མ་འོངས་པར་ཁོང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གི་བྲོ་བ་མྱང་ཐུབ་མཁན་ཞིག་དང། ཚན་རིག་དང་རྩིས་རིག་གིས་མཚོན་པའི་དེང་དུས་ཀྱི་རིག་གསར་ཡོད་ཚད་བོད་པ་རང་གི་སྐད་ཡིག་རྒྱུད་ལམ་ཐོག་ནས་སྦྱང་བརྩོན་བྱེད་ཐུབ་མཁན་ཞིག་དང་གོ་བ་ལེན་ཐུབ་མཁན་ཞིག་ཏུ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན། དེ་ལྟར་བྱུང་ན་ད་གཟོད་ང་ཚོའི་མི་རབས་ཕྱི་མ་རྣམས་རིན་ཐང་བྲལ་བའི་བོད་ཀྱི་སྐད་ཡིག་གིས་གཙོས་ཆོས་དང་རིག་གཞུང་རྣམས་ལ་བདག་པོ་བརྒྱག་ཐུབ་མཁན་ཞིག་དང། ༧གོང་ས་མཆོག་གིས་གསུང་བཞིན་པའི་འདབ་ཤོག་གཉིས་ལྡན་གྱི་མི་རབས་ཤིག་སྐྱེད་སྲིང་བྱ་ཐུབ་པའི་རེ་བ་ཡོད་སྙམ།
དེ་མིན་ང་ཚོས་གནའ་སྔ་མོའི་བོད་ཀྱི་སྐད་ཡིག་གཅིག་པོ་ལ་སྦྱང་བརྩོན་བྱེད་སྐབས་ཀྱི་ལུགས་སྲོལ་རྙིང་པ་ཞིག་མཁྲེགས་འཛིན་བྱས་ཏེ། ཤེས་རིག་ལྷན་ཁང་གིས་གཙོས་སློབ་གྲྭ་སོ་སོའི་འཛིན་སྐྱོང་དང་། འབྲེལ་ཡོད་དགེ་རྒན་དང་ཕ་མ་སོགས་ཚང་མས་བོད་ཡིག་གི་ཡིག་གཟུགས་སྦྱོང་རྒྱུ་ཧ་ཅང་གལ་ཆེན་དུ་རྩིས་ཏེ་ཆེས་རྩ་ཆེ་བའི་གཞི་རིམ་འོག་མ་དང་བར་མའི་གནས་སྐབས་ཀྱི་ཆུ་ཚོད་མང་པོ་ཞིག་ཡིག་གཟུགས་སྦྱོང་བརྡར་ཐོག་གཏོང་བཞིན་ཡོད་པ་འདི་ནི་ང་ཚོའི་ནོར་འཁྲུལ་ཞིག་ཡིན་སྙམ།
སྤྱིར་བཏང་སྐད་ཡིག་གང་ཡིན་ཡང་དེ་མཚོན་བྱེད་ཀྱི་ཡི་གེའི་གཟུགས་རིས་གཅིག་ཡང་དག་པ་ཞིག་ཤེས་དགོས་ངེས་རེད་མ་གཏོགས་སྐད་ཡིག་གཅིག་མཚོན་བྱེད་ཀྱི་ཡི་གེའི་གཟུགས་རིས་མང་པོ་སྦྱང་ནས་ཕན་ཐོག་གང་ཡང་མེད་སྙམ། ཀུན་ཀྱིས་ཤེས་གསལ་ལྟར་སྐད་ཡིག་གི་ཤེས་ཚད་ནི་ཡིག་གཟུགས་མང་ཉུང་དང་ཡག་སྡུག་གི་ཐོག་ནས་འཇལ་རྒྱུ་མིན་པར་བརྡ་སྤྲོད་པའི་རྣམ་བཞག་དང་ཚིག་གི་ཕྱུག་ཚད་སོགས་ཀྱི་ཐོག་ནས་འཇལ་དགོས་པ་དེ་ཚང་མའི་སེམས་ལ་ངེས་དགོས་པའི་གནད་དོན་ཞིག་རེད།
༦༽
ཁོ་བོའི་བསམ་ཚུལ་ལ་བོད་ཡིག་གི་ཡིག་གཟུགས་ཀྱི་དཀའ་ངལ་འདི་སེལ་བའི་ཐབས་ལམ་ཡག་ཤོས་སམ་འཚམས་ཤོས་གཅིག་རང་ཡོད་པ་དེ་ནི། སྔོན་འགྲོ་དང་པོ་ནས་བཟུང་ཕྲུ་གུ་ཆུང་ཆུང་རྣམས་ལ་ཡི་གེ་འབྲི་ཀློག་གི་འགོ་རྩོམ་སྐབས་ནས་དབུ་ཅན་གྱི་ཡིག་གཟུགས་འབྲི་སྟངས་སྦྱོང་བརྡར་སྤྲོད་རྒྱུ་དེ་རེད་སྙམ། སྔོན་འགྲོའི་སྐབས་ནས་དབུ་ཅན་འབྲི་སྟངས་ཀྱི་སྦྱོང་བརྡར་ཡག་པོ་ཞིག་མུ་མཐུད་དུ་སྤྲོད་ཐུབ་པ་ཡིན་ན་ང་ཚོས་ད་ལྟའི་ལམ་ལུགས་བཞིན་ཡིག་གཟུགས་སྦྱོང་བརྡར་ཐོག་ཆུ་ཚོད་མང་པོ་གཏོང་མི་དགོས་པར་གཞི་རིམ་འོག་མའི་འཛིན་གྲྭ་ལྔ་པ་ཡས་མས་ཙམ་ནས་ཡིག་གཟུགས་ཀྱི་དཀའ་ངལ་འདི་ལས་ཐར་ཐུབ་པའི་རེ་བ་ཆེན་པོ་ཡོད། རྒྱུ་མཚན་ཁ་ཤས་ཤིག་དྲངས་པ་ཡིན་ན།
༡༽ དབུ་ཅན་གྱི་ཡིག་གཟུགས་འདི་དབུ་མེད་ལྟར་འཛིན་གྲྭ་འཕར་རིམ་བཞིན་འགྱུར་བ་གཏོང་མི་དགོས་པར་བྱིས་པ་ཆུང་ཆུང་ཚོའི་ལག་པར་གོམས་འདྲེས་དང་བྱང་ཆ་ཡག་པོ་ཞིག་ཐེབས་པ་ཡིན་ན་མི་ཚེ་ཧྲིལ་པོའི་རིང་ཡིག་གཟུགས་འདི་ཁོ་ན་བེད་སྤྱོད་བཏང་ཆོག།
༢༽ དབུ་ཅན་གྱི་ཡིག་མགོ་དང་རྐང་པ་ཚེག་ཤད་སོགས་ཡིག་འབྲུ་རེ་རེའི་གྲུབ་ཆའི་ཐིག་དུམ་མང་ཆེ་བ་དྲང་ཐིག་ཡིན་པ་དང་དབྱངས་བཞི་དང་འདོགས་བཞི་དབུ་མེད་ལྟར་རིང་པོ་མིན་པར་ཐུང་ཐུང་ཡིན་པས་དབུ་མེད་ལས་ཕྲུ་གུ་ཆུང་ཆུང་ཚོའི་ལག་པར་གོམས་བདེ་བ་དང་འབྲི་བདེ་བ་ཡོད་སྙམ།
༣༽ དབུ་ཅན་གྱི་ཡིག་གཟུགས་འདི་བོད་རང་ལ་ཆེས་སྔ་མོའི་དུས་ནས་དར་ཁབ་ཆེན་པོ་ཡོད་པ་མ་ཟད་དུས་དེང་སང་ཡང་བོད་ནང་གི་ས་ཁུལ་མང་པོ་ཞིག་དང་འབྲུག་ཡུལ་སོགས་ན་མཁས་པའི་ཕྱག་རྒྱུན་མ་ཉམས་པར་བེད་སྤྱོད་བཏང་དང་གཏོང་བཞིན་ཡོད།
༤༽ ལེགས་བཤད་ལྗོན་དབང་སོགས་གནའ་རབས་ཀྱི་མཁས་པ་ཚད་ལྡན་ཚོས་མཛད་པའི་བརྡ་སྤྲོད་ཀྱི་རྣམ་བཞག་མང་ཆེ་བས་བཅད་ལྷུག་སྤེལ་མ་གསུམ་གྱི་གང་ཡིན་ཡང་ཚེག་དང་ཤད་བཞག་སྟེ་ཚིག་མཚམས་གཅོད་སྟངས་ཀྱི་རྣམ་བཞག་དབུ་ཅན་གྱི་ཡིག་གཟུགས་རང་ལ་གཞི་བཞག་སྟེ་མཛད་ཡོད།
༥༽ བཀའ་བསྟན་གཉིས་ཀྱིས་མཚོན་པའི་གསུང་རབས་དཔེ་ཆ་རི་བོའི་གཏོས་དང་མཉམ་པ་ཡོད་ཚད་དབུ་ཅན་གྱི་ཡིག་གཟུགས་ཐོག་ཡོད་པས་དབུ་ཅན་འདི་ང་ཚོ་བོད་ཀྱི་རིག་གཞུང་གི་རང་གཟུགས་ངོ་མ་དེ་ཡིན།
༧༽ དབུ་ཅན་གྱི་ཡིག་གཟུགས་འདི་ལ་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་ལག་པ་བདེ་བོ་ཡོད་མེད་ལ་མ་ལྟོས་པར་སྦྱོང་བརྡར་ཅུང་ཙམ་བྱས་པ་ཡིན་ན་བོད་ཡིག་ཤེས་མཁན་ཚང་མས་ཀློག་ཐུབ་པའི་ཡིག་གཟུགས་ཤིག་ལས་སླ་བོའི་ཐོག་ནས་འབྲི་ཐུབ་ཀྱི་ཡོད།
༨༽ འཁྱུགས་ཡིག་ནང་བཞིན་དབུ་ཅན་མགྱོགས་པོར་འབྲི་མི་ཐུབ་པ་བདེན་ན་ཡང་ཚུགས་རིང་དང་ཚུགས་ཐུང་ལས་དབུ་ཅན་མགྱོགས་བྲིས་བྱེད་བདེ་བ་ཡོད་པ་ང་ཚོས་འདས་པའི་ཉམས་མྱོང་གི་ཐོག་ནས་ཤེས་རྟོགས་ཐུབ་ངེས་ཡིན།
དེར་བརྟེན་བཙན་བྱོལ་སྒྲིག་འཛུགས་འོག་གི་སློབ་གྲྭ་རྣམས་ཀྱི་ད་ལྟའི་ཡིག་གཟུགས་སྦྱོང་བརྡར་སྤྲོད་སྟངས་ལ་འགྱུར་བ་ཅུང་ཙམ་བཏང་ནས་སྔོན་འགྲོའི་འཛིན་གྲྭ་ནས་བཟུང་མུ་མཐུད་དུ་དབུ་ཅན་འབྲི་སྟངས་ཀྱི་སྦྱོང་བརྡར་ཡག་པོ་ཞིག་སྤྲོད་ཐུབ་ན་དགེ་མཚན་ཧ་ཅང་ཆེ་སྙམ།།
ཉམས་མྱོང་དང་དཔྱད་པ་ཟུང་འབྲེལ་གྱིས་ཁ་བརྡ་རེད་འདོད།
བོད་ཀྱི་ཡིག་གཟུགས་སྲུང་སྐྱོབས་ཀྱིས་འཁོར་ལོ་ལྗིད་པོས་བོད་ཡིག་བཀོལ་སྤྱོད་ཀྱི་གླང་གྷ་རུལ་དལ་དུ་གཏོང་གི་ཡོད་པ་འདྲ་མོ་དངོས་གནས་འདུག
འཕྲུལ་ཆ་སྤྱོད་ཆེ་བའི་དུས་འདི་འདྲར་ད་གང་དྲག
བཀོལ་དཀའ་སྔོན་ལ་ཤོར་འགྲོ།
བསམ་པ་ཡིད་ལ་མ་འཁོར།
སྐལ་བཟང་དུས་ཀྱི་ཡིག་གཟུགས།
སེམས་ནང་འདོར་ཐབས་མི་འདུག
དབུ་མེད་སྔོན་ལ་ཤོར་འགྲོ
བསམ་པ་ཡིད་ལ་མ་འཁོར།
རྒྱ་མི་མ་སླེབས་སྔོན་ལ།
ཡང་ཡང་བྲིས་པས་མིན་འགྲོ།
སྐད་ཆ་འདྲི་འདོད་ཡོད་ན།
བུ་དང་བུ་མོར་འདྲི་རོགས།
གསར་བརྗེ་རྣ་བར་གྲགས་པས།
གང་ཡིན་འདི་ཡིན་མི་འདུག
་་་་ བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་བཟོ་གནང་བ་དང་། ཨང་རྩིས་དང་ཚན་རིག་སོགས་སློབ་ཚན་མང་པོ་ཞིག་བོད་སྒྱུར་བྱས་པ་སོགས་རླབས་ཆེན་གྱི་ལས་གཞི་ཁ་ཤས་ཤིག་གི་འགོ་བཙུགས་ཡོད་ན་ཡང་ལག་ལེན་དང་གྲུབ་འབྲས་ཀྱི་ཕྱོགས་ནས་ད་བར་ཚད་དང་ལྡན་པ་ཞིག་དང་གདེང་ཚོད་རྙེད་པ་ཞིག་བྱུང་ཐུབ་མེད། ་་་་ཟེར།
་་་་ ཐོག་མར་ཚུགས་རིང་དང། དེ་ནས་ཚུགས་ཐུང་དང་ཡིག་ཆུང། ཚུགས་མ་འཁྱུག་དང་འཁྱུགས་ཡིག་སོགས་རིམ་བཞིན་སྦྱོང་བརྡར་བྱེད་པའི་ལམ་ལུགས་འདི་གནའ་སྔ་མོ་བོད་ཀྱི་སྐད་ཡིག་གཅིག་པོ་ལ་ཆེད་སྦྱོང་བྱེད་སྐབས་ཀྱི་ཕྱག་སྲོལ་ཞིག་རེད་ལ། བོད་ཡིག་གི་གཟུགས་རིས་སྦྱོང་སྟངས་ཀྱི་རྒྱུད་རིམ་ངེས་ཅན་ཞིག་ཀྱང་རེད། ཡིན་ནའང་དེང་སང་དུས་རབས་ཉི་ཤུ་རྩ་གཅིག་པའི་སྐབས་འདིར་་་་་་ཟེར།
ཐུགས་རྗེ་ཆེ
དྲ་གྲོགས་ཁྱེད་རྣམས་ཀྱིས་ངའི་བསམ་ཚུལ་ལ་དོ་སྣང་དང། གདེང་འཇོག་གནང་པར་བཀའ་དྲིན་ཆེ།
རྨ་ཆུའི་དོན་གོ་ལགས་ལ་རྒྱབ་སྐྱོར་ཡོད། གདན་ས་ཁག་གི་བཀའ་པོད་ལྔ་ཡི་རྩ་བ་བློ་ལ་འཛིན་རྒྱུ་དང་། སྨན་རྩིས་ཁང་གི་སྨན་གཞུང་དགོས་རིགས་བློ་ལ་འཛིན་རྒྱུ་གཉིས་ཀྱི་སློབ་སྟོན་བྱེད་སྟངས་གཉིས་མ་ཉམས་པར་བྱེད་དགོས་འདུག
གཞན་བོད་ཡིག་གི་ཡིག་གཟུགས་མང་དྲགས་པའི་སྐྱོན་ཡོད་པས། འབྲུག་པའི་མཁས་པ་དང་། ཨ་མདོའི་མཁས་དབང་འགས་དབུ་ཆེན་མ་གཏོགས་འབྲི་མི་ཤེས་ཀྱང་། རྩོམ་པོ་ཚད་ལྡན་དུ་གྱུར་རྒྱུ་ཡོད་པ་འདི་དཔེ་ལ་བལྟས་ནས། བོད་ཕྱི་ནང་གཉིས་བོད་ཡིག་སློབ་ཕྲུག་ཚོར། སྔོན་མ་ཡིན་། དབུ་ཅན་ཀློག་ཡ་དང་། དབུ་མེད་འབྲི་ཡ་བྱས་པ་རེད།
ད་ཆ་སྤྱི་ལོ་༡༩༥༩འི་སྔོན་གྱི་བོད་དང་མ་འདྲ་བར། དབུ་ཅན་འབྲི་ཡ་དང་དབུ་མེད་ཀློག་ཡ་ཙམ་ལ་བྱས་ནས་སློབ་སྦྱོང་སྤྲོད་དགོས་པའི་དུས་ཚོད་རན་པ་རེད་དོ།། །།ཤེས་རིག་ལྷན་ཁང་དང་། བོད་སྡེའི་སློབ་དགེ་ཚོ།། །།ང་ཀརྡོས་སྙིང་གཏམ་བཤད་ཡོད་དོ།། །།
དྲ་གྲོགས་རྣམས་། ངས་བཤད་འདོད་པ་ནི་ང་ཚོས་གཞོན་སྐྱེས་རྣམས་་ཡིག་གཟུགས་སྤུས་དག་གཅིག་རང་འབྲི་ཐུབ་མཁན་ཞིག་བཟོ་དགོས་པ་དེ་གལ་ཆེ་པོ་རེད་མ་གཏོགས།
ང་ཚོས་ཡིག་གཟུགསམི་འདྲ་བ་་མང་པོ་འབྲི་སྟངས་ཀྱི་སྦྱོང་བརྡར་སྤྲད་དེ་། དེའི་ཆེད་དུ་ཆུ་ཚོད་མང་པོ་བཏང་ཡང་མཐའ་མར་ཡིག་གཟུགས་སྤུས་དག་གཅིག་རྐྱང་འབྲི་མི་ཐུབ་མཁན་
མང་པོ་ཞིག་ཡོང་གི་ཡོད་པ་འདི་ང་ཚོའི་ཡིག་གཟུགས་སྦྱོང་བརྡར་སྤྲོད་སྟངས་ཀྱི་ལམ་ལུགས་ནོར་བས་རེད་ཟེར་བ་དེ་ཡིན།
རྨ་ཆུ་འབྲུ་ཆུ་ཀླུ་ཆུ་གང་ནས་ཡིན་ན་ཡང་། དོན་གོ་རྒན་ལགས་ནས་དོན་དང་གོ་བ་ཡོད་པའི་སྐད་ཆ་གསར་བ་གསེར་འདྲ་ཞིག་བཤད་འདུག། སྲལ་འི། ཐུགས་རྒྱ་ཆེ་འི། ཡིད་སེམས་དྲང་གི། མིང་ཚིག་གི་བཀོལ་སྤྱོད་དང་། སྤྱི་ཁོག་གི་བསླབ་བྱ་ལ་བལྟས་ན། མྱི་རྐང་རྩ་ཅན་ཞིག་ཡོན་པ་གསལ་འདུག། བཀའ་དྲིན་སེམས་ཤེས་ཅན་འགའ་གོ་རྒྱུ་དང་རིག་རྒྱུ་ཡོད་ན་ཤིན་ཏུ་སྤྲོའོ།
སྐད་ཆ་གསར་པ་མ་རེད། གསར་མིན་གང་ལྟར་ཡང་གལ་པོ་ཆེ་འདི་ལ་དཔྱད་པ་གཏོང་བ་དང་བསམ་ཚུལ་གསུངས་དགོས་པ་འདྲ་མོ་འདུག གཙོ་བོས་ཇི་ལྟར་བཀའ་རྩལ་ཡང་བོད་ཡིག་གི་ཡིག་རྨོངས་སེལ་བ་ལ་ཕན་པར་འདུག་པ་ནི་སྔོན་དཔོག་བྱེད་ཐུབ་པ་དེ་རེད། རང་དབང་གིས་བསམ་བློ་གཏོང་ཡ་གལ་ཆེན་རེད། དེ་མིན་འདི་སྐྱིད་པོ་གཏོང་ས་ཞིག་ཏུ་བརྩིས་ན་ནོར་བ་རེད། གནམ་ལགས། ཨེ་གོ་ཐ།
རྨ་ཆུའི་དོན་གོ་ནས་ཉམས་མྱོང་འབྲེལ་བའི་དགོངས་ཚུལ་ཡག་པོ་གསུངས་འདུག འོན་ཀྱང་ཡོད་པ་མེད་པར་བཟོ་རྒྱུ་དཀའ་བསྔལ་གང་ཡང་མེད། མེད་པ་ཡོད་པར་བཟོ་དགོས་བྱུང་ན་ཤིན་ཏུ་དཀའ་བརྩེགས་ཅན་ཞིག་ཡིན་པ་མཁྱེན་ངེས་རེད། དེ་བས་སྐད་ཡིག་གཞན་གྱི་ཐོག་ཏུ་ཡིག་གཟུགས་སྣེ་གཅིག་ལས་མེད་པའི་རྒྱུ་མཚན་གྱི་བོད་ཡིག་ཡང་ཡིག་གཟུགས་གཅིག་ཏུ་གཏན་འབེབས་མཛད་དགོས་ན་ཧ་ཅང་ཐལ་གྲགས་སྙམ་མོ། ཡིག་གཟུགས་སྣ་མང་ཡོད་པ་འདི་ཡང་ང་ཚོའི་རིགས་གནས་ཀྱི་གཟིགས་བརྗིད་ཞིག་ལས་མཁུར་པོ་ཞིག་ག་ལ་ཡིན།
བཙན་ནག་པ་བྱོན་ལེགས། བཀའ་འདྲི་ཞུ་བགྱིར། ཁྱེད་ཀྱིས་ཡིག་གཟུགས་སྦྱོང་བའི་དུས་ཚོད་དེ་ཡི་གེར་སྦྱོང་བར་བེད་སྤྱད་ན་ཕན་གྱི་རེད་དགོངས་ཀྱིན་མི་འདུག་གམ། མི་འདུག་ན་དེ་ག་རེ་ཡིན་ན་ཞུ་འདོད་བྱུང་།
སྔོན་ཆད་ངས་ཀྱང་ཡིག་གཟུགས་སློབ་སྦྱོང་སྤྲོད་སྟངས་འགྲིག་མིན་སྐོར་ལ་རང་གི་ཉམས་མྱོང་དང་རང་ཉིད་ཀྱི་ཕྲུ་གུར་འཕྲད་བཞིན་པའི་དཀའ་ངལ་བཅས་ལ་གཞིགས་ནས་རྩོམ་ཡིག་ཅིག་བྲིས་མྱོང་། ལོ་བཞི་ལྔའི་ཡར་སྔོན་རེད། ཕྱིས་སུ་གློག་ཀླད་ལ་སྐྱོན་ཤོར་ནས་མེད་པར་གྱུར། གང་ལྟར་ངས་ཀྱང་དབུ་ཅན་དང་ཚུགས་མ་འཁྱུག་མ་གཏོགས་ཚུགས་རིང་ཚུགས་ཐུང་འབྲུ་ཚ་སོགས་ཆེད་ལས་ཡིག་གཟུགས་སྦྱོང་མཁན་ཡིན་ན་ལས་སློབ་ཕྲུག་ཚོས་ཚང་མ་སློབ་རྒྱུ་དོན་མེད་ཀྱི་དཀའ་ངལ་ཐོལ་བ་ཞིག་རེད་འདོད། ཕྱིས་སུ་ང་རང་གིས་གཞི་རིམ་འཛིན་གྲ་སྔོན་འགྲོ་ནས་བཞི་པ་བར་གྱི་སློབ་དེབ་གསར་པ་ཞིག་བཟོས་པ་ཡིན། དེའི་ནང་དབུ་ཅན་དང་ཚུགས་མ་འཁྱུག་མ་གཏོགས་མེད།
སྔོན་ཆད་བོད་མི་ཚོས་བོད་ཡིག་གཅུག་པུ་ལས་སློབ་མི་དགོས་པས་རང་ཉིད་མ་ཉོབ་ན་ལནྫ་ཝར དང་ཚུགས་རིང་ཚུགས་ཐུང་འབྲུ་ཚ དབུ་ཅན་འཁྱུག་བྲིས་སོགས་སྦྱངས་ནས་དུས་ཚོད་འཁྱོལ་ཐབས་བྱས་ཆོག་ཀྱང་ད་ཆ་དེ་དང་མི་འདྲ་བར་སློབ་ཕྲུག་ཚོར་བོད་ཡིག་ དབྱིན་ཡིག་ ཨང་རྩིས་ ཚན་རིག་ སྤྱི་ཚོགས་རིག་གནས་སོགས་མང་བས་བེད་སྤྱོད་དེ་ཙམ་མེད་པའི་ཡིག་གཟུགས་དེ་རིགས་སྦྱངས་ནས་དུས་ཚོད་འགྲོ་ཐབས་བྱེད་པ་འདི་མི་ལེགས་པས་ཤེས་རིགས་ལས་ཁུངས་ནས་དེའི་ཐད་ངེས་པར་བསམ་ཞིབ་བྱེད་དགོས་པར་མཐོང་།
བཙན་ནག་པ་ལགས། ཡོད་པ་མེད་པ་བཟོ་རྒྱུར་དཀའ་ངལ་གང་ཡང་མེད་ཟེར་བ་་དེ་བདེན་ཡང། ཡོད་ཚད་ཁྱད་ནོར་དུ་བཟུང་སྟེ་བདག་པོ་བརྒྱག་ན་གསར་བ་ལེན་མི་ཐུབ་པའི་དཀའ་ངལ་ཧ་ཅང་ཆེ། དེར་བརྟེན་ཡོད་པ་དེ་འཚམས་པོ་ཡོད་མེད་ལ་ངེས་པར་དུ་བལྟ་དགོས་སྙམ། དུས་རབས་ཉེར་གཅིག་པའི་ནང་འདིར་ང་ཚོས་ཕྲུ་གུ་ཆུང་ཆུང་ཚོར་ཚུགས་རིང་དང། ཚུགས་ཐུང་། ཡིག་ཆུང་། ཚུག་མ་འཁྱུག་ འཁྱུགས་ཡིག་སོགས་ཡི་གེའི་གཟུགས་རིས་མང་པོ་སྦྱང་བཅུག་སྟེ་ཆུ་ཚོད་སྐྱེལ་བསྡད་ན་ཁོང་ཚོས་དུས་རབས་དང་ཚན་རིག་ཡར་རྒྱས་ཀྱི་རྗེས་ཟིན་ཐབས་མེད་སྙམ།
རྨ་ཕོ་རོགས་ལགས་ནས་གསུངས་པ་བདེན་པ་རེད།
ཡིག་གཟུགས་རིམ་པ་མང་པོ་ཞིག་འབྲི་དགོས་པ་དེས་བོད་པའི་ཕྲུ་གུ་ཆུང་ཆུང་ཚོར་མགོ་བསྐོར་གཏོང་གི་ཡོད་པ་འདྲ་བོ་འདུག
བོད་ཕྲུག་ཚོར་བོད་ཡིག་སྦྱོང་འདོད་མེད་པའི་རྒྱུ་མཚན་ཡང་འདི་དང་འདི་ལྟ་བུར་འབྲེལ་བ་མེད་པ་མིན། དབུ་མེད་འབྲི་ཤེས་པའི་རྗེས་ལ་ཡང་དབུ་ཅན་འབྲི་སྟངས་སྦྱང་དགོས། དབུ་མེད་ཀློག་ཤེས་པའི་རྗེས་ལ་ཡང་དབུ་ཅན་ཀློག་སྟངས་སྦྱང་དགོས།
མགོ་ན་ཡ་རང་ལས་མི་འདུག
ཡིག་གཟུགས་བྲིས་ནས་ཆུ་ཚོད་སྟོང་ཟད་དུ་མ་གཏོང་རོགས
ག་རེ་ཡིན་ནའང་དུས་ཚོད་དང་ཁོར་ཡུག་ལ་སྟུན་ཏེ་འགྱུར་བ་གཏོང་དགོས་པ་རེད།
འགྱུར་བ་མེད་ན་ཡར་རྒྱས་མེད།
ཡིག་གཟུགས་ལྟ་བུ་སྟབས་བདེ་རུ་གཏོང་དགོས་པ་ལས་དྲ་རྒྱས་བོ་བཟོ་བའི་དུས་ཚོད་མ་རེད།
བོད་པ་ལ་ཡིག་གཟུགས་འབྲི་སྟངས་གཉིས་དགོས་ཡ་མི་འདུག་སྙམ། དབུ་ཅན་དང་དབུ་མེད་གང་རུང་ཞིག་མེད་པར་བཏང་ན་ལེགས་པར་མཐོང་།
་་་་ བོད་པ་ལ་ཡིག་གཟུགས་འབྲི་སྟངས་གཉིས་དགོས་ཡ་མི་འདུག་སྙམ། དབུ་ཅན་དང་དབུ་མེད་གང་རུང་ཞིག་མེད་པར་བཏང་ན་ལེགས་པར་མཐོང་། ་་་་ཟེར།
སློབ་ཕྲུག་ཚོར་ཡིག་གཟུགས་དབུ་ཅན་ཀློག་ཤེས་པ་བཟོས། འཁྱུག་ཡིག་བྲིས་ཤེས་པ་བཟོས། དེ་ག་རེད།
ཡིན་རྒྱུ་ནི་ཚུགས་རིང་ཚུགས་ཐུང་དེ་ཚོ་འཁྱུག་ཡིག་བྲི་རྒྱུའི་སྔོན་འགྲོ་རེད། སྤྱིར་ན་ཡིག་གཟུགས་སྦྱོང་རྒྱུ་དེ་རྗེས་ལུས་མ་རེད་དཱ། འཛམ་གླིང་ཤར་ནུབ་གང་དུ་ཡིག་གཟུགས་སྦྱོང་བཞིན་ཡོད། ཡིག་གཟུགས་བྲིས་དེབ་ཀྱང་ལོགས་སུ་ཡོད། ཡིག་གཟུགས་སྦྱང་བ་དེ་དུས་ཚོད་སྟོང་ཟད་དུ་བཏང་བ་ག་ལ་ཡིན། ཡིག་གཟུགས་མཐོང་བདེ་པོ་ཞིག་མེད་ན་ཀློག་པ་པོར་ཐོག་མ་ཉིད་ནས་སྤྲོ་སྣང་འབྱིན་མི་ཐུབ་ཅིང་། སྡུག་ས་ནས་བཤད་ན་རྗེས་སུ་ཡིག་གཟུགས་མི་དགོས་ཞེས་རང་སྐྱོན་འགེབས་སྲུང་ཆེད་སྤྱི་པ་གཏོར་གཤིག་གཏོང་རྒྱུའི་གྲབས་གཤོམ་བྱེད་པའི་ཉེན་ཁ་ཡོད། ངའི་ལྡོག་ཕྱོགས་ཀྱི་མཐོང་ཚུལ་ནི། སྔོན་འགྲོའི་ཡིག་གཟུགས་དེ་ཚོར་སློབ་མའི་དུས་ཚོད་བཀག་ཆེ་ཡི་མེད་དམ་སྙམ་པ་དེ་ཡིན། མཐའ་མའི་ཡིག་གཟུགས་དེ་མ་བསླབ་པར་ཡུན་རིང་འགོར་བས་སེམས་ནང་ཡིག་གཟུགས་ལ་བསུན་སྣང་ཡོང་གི་ཡོད་ཚོད་འདུག
མདོར་ན་ཚུགས་རིང་། ཚུགས་ཐུང་། ཚུགས་མ་འཁྱུག འཁྱུག་ཡིག་བཅས་རིམ་པས་སྦྱོང་བ་དེ་ཡིག་གཟུགས་ཆེད་ལས་པ་ཆགས་རྒྱུའི་ཆེད་མ་རེད། དེ་ནི་དངོས་གཞི་འཁྱུག་བྲིས་ཡག་པོ་ཡོང་ཆེད་རེད། འདི་མཁྱེན་པ་གནང་རྒྱུ་གལ་ཆེ།
ཚུགས་རིང་ཐུང་གཉིས་ཀ་འཁྱུག་བྲིས་ཀྱི་སྔོན་འགྲོ་རེད་ཅེས་ད་བར་གནས་ལུགས་དེ་ལ་འཐམས་པ་རེད། ཚུགས་རིང་ཐུང་གཉིས་ཚུལ་བཞིན་སྦྱངས་ན་འཁྱུག་བྲིས་ཡག་པོ་ཡོང་གི་རེད་ཟེར་བ་དེ་དོན་དུ་ལག་པ་ལ་སྦྱོང་བརྡར་མང་པོ་ཐེབས་པས་རེད་མ་གཏོགས་ཚུགས་རིང་ཚུགས་ཐུང་ཤེས་པས་འཁྱུག་འབྲི་རྒྱུར་དམིགས་བསལ་ཕན་ཐོགས་ཅང་མེད། དེ་ལས་ཐོག་མ་ཉིད་ནས་ཚུགས་མ་འཁྱུག་ནས་འགོ་བཙུག་ན་ལེགས། ཚུགས་མ་འཁྱུག་འདི་ཚུགས་རིང་སོགས་ལས་འབྲི་སྟབས་ཡང་ཧ་ཅང་བདེ་བས་ཕྲུ་ག་ཚོ་ཡིག་གཟུགས་འབྲི་བར་ཉོབ་སྣང་ཡང་དེ་ཙམ་མི་འབྱུང་། དེ་མིན་བྱིས་པ་ལོ་ལྔ་དྲུག་ཅན་ཞིག་གིས་ཚུགས་རིང་འབྲི་བ་ཁྱོདཚོས་མཐོང་མྱོང་ངམ། བྱིས་པ་རེ་ཟུང་གིས་སྨྱུ་གུ་བཙིར་ཆེ་བས་མཛུབ་མོའི་རྩེརུ་ཤ་རྡོོག་འདྲ་སྐྱེས་ཡོད་པ་དེ་འདྲའང་འདུག དེ་དག་གིས་རྐང་པ་རིང་པོ་དེ་ཚོ་མར་འཐེན་དུས་ལྟོས་དང་དཀའ་ངལ་ཇི་ཙམ་ཡོད་པ་མཐོང་ཡོང་།
ཨ་ར་དཀར་པོ་ལགས།
ཨ་ཡག་དགོས་ན་ཨ་ཚ་སྒོམས། བྱས་པ་རེད། ཕྲུ་གུ་དཀའ་ལས་ཡོད་ནས་བཞག་དགོས་ཟེར་ན་ཆོ་མེད་པའི་སྐད་ཆ་རང་རེད།
ཕན་ཐོགས་ཡོད་པ་མྱོང་བས་གྲུབ།།
ཕན་ཐོགས་མེད་པ་ཚོད་དཔག་ཙམ།།
ཚུགས་རིང་ཐུང་གཉིས་ཀ་འཁྱུག་བྲིས་ཀྱི་སྔོན་འགྲོ་རེད་ཅེས་ད་བར་གནས་ལུགས་དེ་ལ་འཐམས་པ་རེད། ཚུགས་རིང་ཐུང་གཉིས་ཚུལ་བཞིན་སྦྱངས་ན་འཁྱུག་བྲིས་ཡག་པོ་ཡོང་གི་རེད་ཟེར་བ་དེ་དོན་དུ་ལག་པ་ལ་སྦྱོང་བརྡར་མང་པོ་ཐེབས་པས་རེད་མ་གཏོགས་ཚུགས་རིང་ཚུགས་ཐུང་ཤེས་པས་འཁྱུག་འབྲི་རྒྱུར་དམིགས་བསལ་ཕན་ཐོགས་ཅང་མེད། ཟེར།
ཨ་ར་དཀར་པོ་ལགས་ཀྱིས་ཚོད་དཔོག་ཐུག་པོ་རང་མ་བྱུང་།
ཚུགས་རིང་ཚུགས་ཐུང་དེ་ཚོད་བེད་སྤྱོད་མི་འདུག་པས་བྱིས་པ་ཚོར་དགོས་མེད་ཀྱི་དཀའ་ངལ་འདི་འདྲ་མ་སྤྲད་པར་ཐད་ཀར་ཚུགས་མ་འཁྱུག་ནས་འགོ་བཙུག་ན་བསམས་པ་ཡིན། ཚུགས་རིང་ཐུང་སྦྱངས་ཚར་ནས་ཚུགས་མ་འཁྱུག་གཞི་ནས་འགོ་བཙུག་ནས་སྦྱོང་བ་དེས་ཕན་ཐོགས་ཁྱོན་ནས་མི་འདུག དང་པོ་ནས་གང་ཕན་ཐོགས་ཡོད་པ་དེ་སྦྱངས་ན་ལེགས།
དབྱངས་ཅན་འབངས་ལགས། ཚུགས་རིང་ཐུང་གཉིས་ཀ་འཁྱུག་ཡིག་གི་སྔོན་འགྲོར་བཟུང་སྟེ་བོད་སློབ་ཁག་ཏུ་སྦྱོང་བརྡར་སྤྲད་དང་སྤྲོད་བཞིན་པ་རེད། ཡིན་ན་ཡང་ཚུགས་རིང་དང་ཚུགས་ཐུངགཉིས་་ཡག་པོ་་འབྲི་ཤེས་པ་ཙམ་གྱིས་འཁྱུག་ཡིག་ཡག་པོ་ཡོང་བའི་ངེས་པ་གཏན་ནས་མི་འདུག་ བཙན་བྱོལ་བོད་སློབ་ཁག་གི་འཛིན་རིམ་དྲུག་པ་བདུན་པའི་སློབ་ཕྲུག་རྣམས་ལ་མཚོན་ན་ཁོང་ཚོ་མང་ཆེ་བས་ཚུགས་རིང་ཐུང་གཉིས་ཡག་པོ་འབྲི་ཤེས་ཀྱི་ཡོད། ཡིན་ན་ཡང་ཁོང་ཚོས་ད་དུང་མུ་མཐུད་དེ་ཚུགས་མ་འཁྱུག་དང་འཁྱུག་ཡིག་སྦྱང་དགོས་པ་དང་།་ དེའི་ཆེད་དུ་ཆུ་ཚོད་མང་པོ་བཏང་སྟེ་དཀའ་ལས་བརྒྱག་དགོས་ཀྱི་ཡོད། ཤེས་གསལ་ལྟར་ཁོང་ཚོས་སློབ་ཚན་མང་པོ་སྦྱང་དགོས་ཁར་སྦྱངས་འབྲས་ལ་འགན་རྩོད་བྱེད་དགོས་པར་བརྟེན་གནའ་སྔ་མོ་བཞིན་ཡིག་གཟུགས་སྦྱོང་བརྡར་ཆེད་ཆུ་ཚོད་ཀྱིས་འདང་གི་མེད། དེར་བརྟེན་ཁོ་ཚོ་མང་པོ་ཞིག་བོད་ཡིག་གི་ཡིག་གཟུགས་ཀྱི་འཕྲང་རིང་ལས་མ་ཐར་པར་ལྷག་་འགྲོ་གི་ཡོད། གལ་སྲིད་ང་ཚོས་སྔོན་འགྲོའི་འཛིན་གྲྭ་ནས་བཟུང་དབུ་ཅན་འབྲི་སྟངས་ཀྱི་སྦྱོང་བརྡར་ཡག་པོ་ཞིག་སྤྲོད་ཐུབ་ན་དཀའ་ངལ་འདི་ལས་ཐར་ཐུབ་སྙམ།
དྲ་གྲོགས་ཚོར་འཚམས་འདྲི་དང་བཅས་ཞུ་རྒྱུར།
དབྱིན་ཡིག་ཀྱང་དང་པོ་སྦྱོང་དུས་ ABCD ཀ་མད་དང་། དེ་ནས་ APPLE སོགས་ཡིག་ཆེན་རྐྱང་པའི་མིང་རྐྱང་རིགས་དང་། དེ་ནས་ཡིག་ཆུང་རེ་རེ་བའི་མིང་ཚིག་འབྲི་སྟངས་ apple ལྟ་བུ་བསླབས་ནས་མཐར་འཁྱུག་ཡིག་འབྲི་སྟངས་སློབ་བཞིན་པ་བཅས་་གོ་རིམ་ངེས་པ་ཅན་རེད་མ་གཏོགས་དང་པོ་ཉིད་ནས་གཅིག་གི་མཇུག་ལ་གཅིག་སྦྱར་བའི་འཁྱུག་ཡིག་འབྲི་སྟངས་དེ་བསླབ་སྲོལ་མེད་ལ། དེ་ལྟར་གོ་རིམ་བཞིན་སྦྱངས་ནས་ཡག་པོ་ཡོང་བ་ཡང་དངོས་འབྲེལ་ཡིན། ཡིན་ནའང་ང་ཚོའི་བོད་ཡིག་ཐོག་རྣམ་གྲངས་མང་པོ་དང་ཕྲུ་གུས་མ་ཤེས་པ་སོགས་ལ་བསྙད་ནས་ཉུང་འཕྲི་བྱེད་ན་དེ་ནི་སྔར་སྲོལ་སྣུབ་རྒྱུར་འབད་བརྩོན་བྱེད་པ་ལྟ་བུ་ལས་དེ་བཞག་པས་གྲུབ་འབྲས་གསར་པ་གང་ཡང་མ་ལོན་པ་ངས་ཁག་ཐེག་བྱེད་ཐུབ། གང་ཡིན་ཟེར་ན། དེའི་རྒྱུ་རྐྱེན་གཙོ་བོ་རྣམ་གྲངས་མང་བ་དང་མགོ་འཐོམས་པ་སོགས་མིན་པར། ཕྲུ་གུ་ཚོར་ནང་རྟག་ཏུ་བོད་ཡིག་སྦྱང་རྒྱུའི་འདུན་པ་ཡག་པོ་ཞིག་མེད་པ་དེ་རེད། དེ་གསལ་ཤོས་གང་གིས་ཤེས་ཟེར་ན། དེ་ནི་ཁོང་ཚོའི་དབྱིན་ཇིའི་ཤེས་ཚད་དང་བསྡུར་ན་ཤེས་ཐུབ། ཕྲུ་གུ་བརྒྱ་ཆ་དགུ་བཅུ་གོ་ལྔ་བོད་ཡིག་ལས་དབྱིན་ཡིག་ཡག་ག་ཤེས་ཀྱི་ཡོད། འདིས་རྟགས་ག་རེ་བསྟན་གྱི་འདུག གཅིག་སོམས་དང་། དབྱིན་ཡིག་ཐོག་ཚན་རིག་དང་སྤྱི་ཚིགས་རིག་པ། གཞན་ཡང་འཛམ་གླིང་གི་རྒྱལ་རབས་ལོ་རྒྱུས། ཨང་རྩིས་སོགས་མགོ་རྙོག་པོ་དེ་ཚོ་ཚང་མ་དབྱིན་ཡིག་ཐོག་སྦྱོང་གི་ཡོད་ལ་ཤེས་ཀྱང་ཤེས་ཀྱི་ཡོད། བར་ལམ་ནས་བཀའ་ཤག་གོང་མའི་སྐབས་ཀྱི་གཏན་འབེབས་གཞིར་བཟུང་དེ་དག་བོད་ཡིག་སྟེང་ནས་སློབ་འགོ་ཚུགས་ཙམ་བྱུང་ཡང་། ཁ་སང་དེ་རིང་ག་རེ་ཆགས་ཡོད་མེད་ཚང་མས་ཤེས་ཤེས་པ་འདི་རེད། ད་མང་པོ་མི་བཤད། གང་ལྟར་མ་ཤེས་པ་ཤེས་པ་བཟོ་རྒྱུའི་ཐབས་ཤེས་འཚོལ་དགོས་པ་ལས་ཕྱིར་བཤིག་མ་བརྒྱབ་རོགས།
མཆན་པ་ཚོའི་ནང་ན་དུད་འགྲོ་རྩམ་གཟན་འགའ་ཡོད་ཚོད་རེད།
བོད་ཡིག་དང་བོད་སྐད་ནི་ཡིག་གཟུགས་འདྲ་མིན་ཤེས་མི་ཤེས་ལ་རག་ལས་མེད། ཡིག་གཟུགས་ནི་ལག་བ་བྱང་བའི་སྒྱུ་རྩལ་ཞིག་ནས་ཡོང་དགོས་བ་རེད། རི་མོའི་སྒྱུ་རྩལ་ཚང་མ་ཕྱོགས་གཅིག་པ་རེད། དེ་འདྲ་ལས་སླ་མོ་ཞིག་མིན། ཚང་མས་འབྲི་ཤེས་བ་ཞིག་རྩ་བ་ཉིད་ནས་མིན། རི་མོ་ནི་དུས་ཚོད་ཟ་སྤྱད་ཀྱི་སྒོམ་ལམ་ཡོད་ན་མེད་ན་དེ་ཡིན། ཕ་མ་དང་བུ་ཕྲུག་སྦྱང་འདོད་ཡོད་པ་ཚོས་སྦྱང་རྩོན་བྱས་ན་འགྲིག་པ་ལས། དེ་མིན་འདོད་པ་མེད་པའི་བྱིས་བ་ལ་ལྕུག་པས་ལེབ་རྡུང་བྱེད་པ་ནི་བྱིས་པ་དང་འབྲེལ་བ་མེད་པའམ་བྱིས་པའི་སེམས་ཁམས་མི་ཤེས་མཁན་གྱི་ལུང་ཁུག་ནང་གི་ལས་མེད་དེ་ཚོ་ལས་གཞན་སུ་མིན།
མ་གཞི་ཡིག་གཟུགས་འདི་དགོན་ཁོག་ནས་གང་ཡོང་ཡོང་སྦྱང་ན་བཟང་བ་ལས་སློབ་གྲྭ་ཁོག་ལ་རན་པོ་མི་འདུག། ཁ་བཏགས་དཀར་པོ་ཡིན་མིན་ལ་ལོ་གསུམ་བཏང་བར་འགྱོད་པ་མེད་ས་ཞིག་གི་སྤྱི་ཚོགས་དང་འཁོར་ཡུག་ནས་ཡིག་གཟུགས་ལ་ཡང་ལོ་གསུམ་གཏང་ན་འོས་བ་ཞིག་རེད་འདོད། གནའ་སྔ་མོའི་དུས་སུ་ཡིག་གཟུགས་ཡག་པ་ཞིག་གིས་སྐུ་ངོ་ལ་སྤྲེའུ་ལད་འཁྲབ་དགོས་པའི་དགེ་བ་ཡོད་རུང་། ད་ནི་དེ་ལྟར་མིན།
དུས་དང་སྐབས་ལ་བསྟུན་ན། གློག་རྡུལ་འཇིག་རྟེན་འདི་ས་ཁྱབ་གནམ་ཁྱབ་ཡིན་པས། གཞུང་ལས་ཁང་གི་ཕྱག་སྨྱུག་གི་ལས་མཚམས་བཞག་ཚར་རེད། རྒྱལ་ཁབ་སོ་སོ་ལ་ཡིག་གཟིགས་མེད་པ་མ་རེད། ཡོད་པ་དེ་གློག་ཀླད་ལ་བཅུག་ཚར་རེད། ཁོ་ཚོ་ཚང་མ་བློ་བདེ་བོ་རེད།
ང་ཚོས་རྗེས་ལུས་ཀྱི་བསམ་པས་རྗེས་ལས་ཀྱི་ལམ་ནས་ཅིག་ཅིག་མྱུག་མྱུག་དོར་མི་ཉན་གཏོར་མི་ཉན་ཟེར་ནས་རང་སྡུག་བུ་བུ་མོའི་མགོར་འཁུར་དུ་འཇུག་པ་ནི་ཡག་མོ་མ་རེད་ཐལ། བོད་མི་རིགས་ཀྱི་བྱིས་བ་ཚོའི་མདུན་ལམ་ལ་གདེང་ཚོད་ཡོད་པའི་བྱ་ལ་འབད་དགོས་བ་ལས། མི་རིགས་ཞིག་ཁུར་བོ་རྙིང་མ་རྣམས་བཙན་གྱིས་རྒྱབ་ལ་འགེལ་བ་ནི་ཁོང་ཚོའི་མ་འོངས་ལ་ཕུགས་སེམས་མ་དཀར་རྟགས་རེད་ཐལ། བསམ་བློ་བཏང་ནས་ཤོད། སོ་སོའི་སྲེད་ཞེན་གྱི་སྐད་ཆ་མ་ཤོད། རང་གི་བུ་ཕྲུག་མིན་ན་ཡང་། འདི་དག་གི་མདུན་ལམ་ལ་བློ་དཀར་དགོས། ཆུང་དུས་སློབ་བརྫ་མ་ཆོད། ཆེ་དུས་མྱི་བརྫ་མ་ཆོད་ན། མྱི་བདག་ཚང་མའི་གྱོང་ཡིན་པ་ཤེས་ན་དགའ།
གསར་ཞུགས་སློབ་མར་ཡིག་གཟུགས་སྦྱོང་རྒྱུ་ལོ་གསུམ་བཞག་ནས་གྲུབ་འབྲས་གཞན་མ་ག་རེ་འཐོན་མིན་ཚོད་ལྟ་བྱས་ན་ད་གས་ཤེས་ཐུབ།
སློབ་ཕྲུག་ཚོར་བོད་ཡིག་དང་ཡིག་གཟུགས་ལ་དོ་སྣང་མེད་པའི་ཁར། དགེ་རྒན་རྣམ་པས་ཀྱང་ཕན་ཡོན་གསུངས་པ་ལས་ཉེན་བརྡ་མང་བ་གཏོང་གིན་ཡོད་པས། དེས་ཀྱང་མི་དགའ་བ་ཆེ་རུ་བཏང་ནས་མཐར་ད་ལྟའི་འདི་ཆགས་པ་རེད་བསམ་གྱི་འདུག མི་རྩམ་གཟན་ཨ་སྔོན་ལགས། ཧཧཧཧཧཧ
དབྱངས་ཅན་འབངས་ལགས། ཨིན་ཡིག་ལ་ཡིག་ཆེན་( Capital letter )དང་ཡིག་ཆུང་( small letter)གཉིས་ཡོད་ཟེར་བ་དེ་ཁྱོད་བདེན་།
འོན་ཀྱང་ཕྲུ་གུ་ཆུང་ཆུང་ཚོར་སྔོན་འགྲོའི་སྐབས་ནས་འདི་གཉིས་མཉམ་དུ་འབྲི་ཀློག་བྱེད་སྟངས་སླབ་ཀྱི་ཡོད། ཡིག་གཟུགས་གཙོ་བོ་ཡིག་ཆུང་རང་བེད་སྤྱོད་བྱེད་པ་ཤེས་གསལ་རེད། ཨིན་ཡིག་གི་ཡིག་ཆུང་ཅི་ཙམ་མགྱོགས་བྲིས་བྱས་ཀྱང་བོད་ཡིག་གི་ཚུགས་རིང་དང་འཁྱུག་་ཡིག་ལྟར་རྩ་བའི་ཡིག་གཟུགས་ལ་འགྱུར་བ་འགྲོ་གི་མེད། དེར་བརྟེན་བོད་ཕྲུག་རྣམས་ལ་མཚོན་ནའང་བོད་ཡིག་གི་ཡིག་གཟུགས་བཞིན་སྦྱོང་དེབ་དང་སྦྱང་ཤིང་སོགས་བེད་སྤྱོད་བཏང་སྟེ་དཀའ་ལས་མང་པོ་རྒྱག་མ་དགོས་པའི་ཐོག་ནས་ཁོང་ཚོ་གཞི་རིམ་འོག་མའི་སྐབས་ནས་ཨིན་ཡིག་གི་ཡིག་གཟུགས་ཀྱི་དཀའ་ངལ་ལས་ཐར་ཐུབ་ཀྱི་ཡོད།
དབྱིན་ཡིག་ཆེ་ཆུང་གཉིས་དབར་ཁྱད་པར་ཞེ་དྲག་མེད་པའང་ཡོད། ཁྱད་པར་ཆེན་པོ་ཡོད་པའང་ཡོད། དཔེར་ན། R r འདི་གཉིས་ལ་ཁྱད་པར་ག་ཚོད་འདུག དོན་ལ་ཡི་གེ་འབྲི་སྟངས་གཉིས་རེད། ད་དུང་འཁྱུག་ལ་ནི་དེ་མ་ཡིན་པའི་འབྲི་སྟངས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། འདི་ནི་མཚོན་པ་ཙམ་ལས་ཚང་མ་འདིར་འབྲིར་ག་ལ་ལངས།
སྤྱིའི་ཆ་ནས་དབྱིན་ཡིག་དང་བོད་ཡིག་གཉིས་འབྲི་སྟངས་རང་ནས་མི་འདྲ་བ་ཡོད། དཔེར་ན། བསྒྲིགས། ལྟ་བུ་ལ་མཚོན་ན། ཡི་གེ་ག་ཚོད་བྲི་རྒྱུ་འདུག དེ་བཞིན་ཀློག་དུས་སུ་ཡང་། བ་འོག་ས་ག་བཏགས་བསྒ་ར་བཏགས་བསྒྲ་གི་གུ་བསྒྲི་ག་ས་སྦྱར་ = བསྒྲིགས། ཞེས་ད་གཟོད་ཁར་འོང་ཐུབ། ངས་འདི་ལྟར་བཤད་པ་ནི་བོད་ཡིག་ལ་སྐྱོན་འདོགས་བྱས་པ་མིན་པར་འདི་ནི་མི་འདྲ་ས་ངོ་སྤྲོད་ཙམ་ཡིན། དབྱིན་ཡིག་ལའང་ཁྱད་མཚར་པོ་དེ་འདྲ་ཡོད། དཔེར་ན། but འབའ་ཊ། cut ཀ་ཊ། nut ན་ཊ། out ཨ་འུ་ཊུ། put པུ་ཊུ། མིང་ཚིག་འདི་དག་དང་པོའི་ཡི་གེ་གཅིག་མ་གཏོགས་ལྷག་མ་ ut གཅིག་པ་ཡོད་ཀྱང་སྒྲ་གདངས་རྦད་དེ་ལོག་ཁ་ཡིན་པ་ལྟ་བུའོ།། ང་ཚོ་བོད་ཡིག་ལ་ཡིན་ན་ཀློག་སྟངས་ཤིག་ཤེས་པ་ན་དེ་ནས་ཀློག་རྒྱུར་དཀའ་ངལ་དེ་ཙམ་མེད། དབྱིན་ཡིག་ལ་ནི་ཀློག་སྟངས་མང་པོ་ཞིག་ཟུར་དུ་བསླབ་ན་མ་གཏོགས་མི་ཤེས་པ་མང་པོ་ཡོད། དཔེར་ན། knife ནཱ་ཡེཕ་knee ནིའི་ཞེས་ཀློག་པ་ལས་ k སྒྲ་མེད་རེད། དེ་དང་དེ་ལ་སོགས་ཧ་ཅང་མང་། འོན་ཀྱང་གཅིག་བསླབས་ནས་འགྲིགས་འགྲོ་ཡི་ཡོད། དེས་ན་ང་ཚོའི་བོད་ཡིག་ཀྱང་ཐབས་ཤེས་ཤིག་འཚོལ་དགོས་པ་ལས་ལས་སླ་བྱུས་བྱས་ན་ག་ལ་འགྲིག
དབྱིན་ཡིག་ཆེ་ཆུང་གཉིས་དབར་ཁྱད་པར་ཞེ་དྲག་མེད་པའང་ཡོད། ཁྱད་པར་ཆེན་པོ་ཡོད་པའང་ཡོད། དཔེར་ན། R r འདི་གཉིས་ལ་ཁྱད་པར་ག་ཚོད་འདུག དོན་ལ་ཡི་གེ་འབྲི་སྟངས་གཉིས་རེད། ད་དུང་འཁྱུག་ལ་ནི་དེ་མ་ཡིན་པའི་འབྲི་སྟངས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། འདི་ནི་མཚོན་པ་ཙམ་ལས་ཚང་མ་འདིར་འབྲིར་ག་ལ་ལངས།
སྤྱིའི་ཆ་ནས་དབྱིན་ཡིག་དང་བོད་ཡིག་གཉིས་འབྲི་སྟངས་རང་ནས་མི་འདྲ་བ་ཡོད། དཔེར་ན། བསྒྲིགས། ལྟ་བུ་ལ་མཚོན་ན། ཡི་གེ་ག་ཚོད་བྲི་རྒྱུ་འདུག དེ་བཞིན་ཀློག་དུས་སུ་ཡང་། བ་འོག་ས་ག་བཏགས་བསྒ་ར་བཏགས་བསྒྲ་གི་གུ་བསྒྲི་ག་ས་སྦྱར་ = བསྒྲིགས། ཞེས་ད་གཟོད་ཁར་འོང་ཐུབ། ངས་འདི་ལྟར་བཤད་པ་ནི་བོད་ཡིག་ལ་སྐྱོན་འདོགས་བྱས་པ་མིན་པར་འདི་ནི་མི་འདྲ་ས་ངོ་སྤྲོད་ཙམ་ཡིན། དབྱིན་ཡིག་ལའང་ཁྱད་མཚར་པོ་དེ་འདྲ་ཡོད། དཔེར་ན། but འབའ་ཊ། cut ཀ་ཊ། nut ན་ཊ། out ཨ་འུ་ཊུ། put པུ་ཊུ། མིང་ཚིག་འདི་དག་དང་པོའི་ཡི་གེ་གཅིག་མ་གཏོགས་ལྷག་མ་ ut གཅིག་པ་ཡོད་ཀྱང་སྒྲ་གདངས་རྦད་དེ་ལོག་ཁ་ཡིན་པ་ལྟ་བུའོ།། ང་ཚོ་བོད་ཡིག་ལ་ཡིན་ན་ཀློག་སྟངས་ཤིག་ཤེས་པ་ན་དེ་ནས་ཀློག་རྒྱུར་དཀའ་ངལ་དེ་ཙམ་མེད། དབྱིན་ཡིག་ལ་ནི་ཀློག་སྟངས་མང་པོ་ཞིག་ཟུར་དུ་བསླབ་ན་མ་གཏོགས་མི་ཤེས་པ་མང་པོ་ཡོད། དཔེར་ན། knife ནཱ་ཡེཕ་knee ནིའི་ཞེས་ཀློག་པ་ལས་ k སྒྲ་མེད་རེད། དེ་དང་དེ་ལ་སོགས་ཧ་ཅང་མང་། འོན་ཀྱང་བསླབས་ནས་འགྲིགས་འགྲོ་ཡི་ཡོད། དེས་ན་ང་ཚོའི་བོད་ཡིག་ཀྱང་ཐབས་ཤེས་ཤིག་འཚོལ་དགོས་པ་ལས་ལས་སླ་བྱུས་བྱས་ན་ག་ལ་འགྲིག
གྲོགས་པོ་རྣམས་། བོད་ཡིག་གི་ཡིག་གཟུགས་ཀྱི་ཐད་ནས་ང་ཚོས་སྔར་མེད་གསར་བ་ཞིག་བཟོ་རྒྱུའི་འབྱོན་ཐང་་དང་ཐོབ་ཐང་གཉིས་ཀ་མེད་ལ། གསར་བཟོ་བྱེད་དགོས་དོན་ཀྱང་མེད། འོན་ཀྱང་སྔར་ཡོད་པ་རྣམས་ལས་བཟང་འདེམ་བྱེད་རྒྱུའི་ཐོབ་ཐང་དང་འབྱོན་ཐང་གཉིས་ཀ་ཡོད། དེ་འདྲ་ཡིན་ཙང་ང་ཚོས་སློབ་ཕྲུག་ཚོའི་མ་འོངས་པའི་ཆེད་དུ། བོད་ཀྱི་སྐད་ཡིག་གི་གསོན་གནས་ཀྱི་ཆེད་དུ། དུས་རབས་དང་འཚམ་པ། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པ། བོད་ཕྲུག་ཚོའི་ལག་རྩལ་དང་འཚམ་པ་ཞིག་བཟང་འདེམ་བྱ་རྒྱུ་ཧ་ཅང་གལ་ཆེ། ཡང་གཅིག་བཤད་ན་བོད་ཀྱི་སྐད་ཡིག་ལ་ད་བར་གསར་བཅད་རིམ་པ་གསུམ་མཛད་དེ་ད་ལྟའི་ཕུན་སུམ་ཚོགས་པོ་འདི་བྱུང་བ་རེད། སླ་བཅོས་བརྒྱག་མི་རུང་ཞེས་མཁྲེགས་འཛིན་བྱས་ནས་བསྡད་ཡོད་ན་བོད་ཡིག་འདི་བྲིས་ནས་ཚར་རྒྱུ་མེད་པ་ཞིག་ཏུ་ལྷག་ཡོད་ངེས་རེད། དེར་བརྟེན་ཡིག་གཟུགས་མང་པོ་སྦྱང་དགོས་པའི་ང་ཚོའི་ད་ལྟའི་ལམ་ལུགས་འདི་ཡང་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་། ཕྲུ་གུ་ཚོའི་ལག་རྩལ་སོགས་ལ་འཚམ་པོ་ཡོད་མེད་ལ་ངེས་བར་ཏུ་བལྟ་དགོས་སྙམ། འདི་ང་ཚོའི་སྲོལ་རྒྱུན་ཡིན་།
ཡོད་པ་མེད་པ་བཟོ་མི་རུང་། རིག་གཞུང་ལ་སླ་བཅོས་བརྒྱག་མི་རུང་ཞེས་མཁྲེགས་འཛིན་བྱས་ནས་སྐད་ཡིག་ལ་བདག་པོ་བརྒྱག་མི་ཐུབ་པ་དེ་འདས་བའི་ལོ་རྒྱུས་ཀྱིས་ར་སྤྲོད་གསལ་བོ་བྱས་ཡོད་སྣམ།
རྒན་དོན་གོ་ཡ། བསམ་བློ་གཏོང་ཕྱོགས་ཟིག་གིས། དེ་རིང་ཁྱེད་ཁའི་མཚན་འདི་འདེགས་སྟངས་ལ་སྐྱིད་པོ་རང་མ་བྱུང་། རེད། རང་གིས་རང་ལ་ཆེ་བརྗོད་ཀྱི་ཚུལ་དུ་དོན་གོ་བའི་མི་ཡིན་པས་ན་དོན་གོ་བ་རེད་ཟེར་ནས་དོན་མིང་མཚུངས་བ་ཞིག་བྱེད་འདོད་པས་ཡིན་ན། དེ་ནི་འོས་པ་ཞིག་ལས་ཡིན།
སྤྱིར་ན། དོན་ཁོ། དོན་ལོ། དོན་དགའ། དོན་གཅེས། དོན་ཡག། དོན་དོན། (དོན་པོ། དོན་བྷོ) (དོན་པ། དོན་བྷ) སོགས་ནི་ཕ་མ་དང་དགའ་ཉེ་ཚོས་གཅེས་སྐད་དུ་འབོད་པའི་དོན་འགྲུབ་དང་དོན་ལྡན་ལ་སོགས་པའི་དོན་ཅིག་ཅིག་ཅན་གྱི་མིང་དག་བསྡུས་བརྗོད་དུ་བཀོལ་བ་ཞིག་ཡིན་པ་རེད། དེ་ནས་ཡུན་རིང་འགོར་བ་ན། གཅེས་མྱིང་དེ་ཚོ་ཡང་བསྡུས་མྱིང་སྐོང་ཚིག་གི་རྒྱབ་ལྗོངས་མེད་པར་མྱི་མྱིང་རང་དུ་འབོད་པ་དེ་འདྲ་ཡོད་པ་ཡིན་པས། དོན་ཁོ་ཡིན་པ་འདྲ་ཞུ་ཡ་ཡིན།
ཡིག་གཟུགས་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཀ་ལང་ལང་བྱེད་ཀྱིན་ཡིན། སྐབས་རྗེས་མའི་ཤེས་རིག་ཚོགས་ཆེན་ལ་ཕྱག་གཡས་པར་ལྕགས་མདའ་དང་གཡོན་པར་ལྕགས་གཞུ་ཞིག་ཐེག་ནས་ལྷ་ལུང་དབལ་རྡོར་ཅིག་མ་བྱས་ན་ཡོང་བ་མི་འདུག། ཧ་ཧ།