རྩོམ་པ་པོ། འཇིགས་མེད་རང་གྲོལ།
ཁྲོ་གཏུམ་གྱིས་ཚུར་བསྡུ་བྱས།
འདིའི་སྐབས་སུ། ཀོའུ་སྡེ་རོང་འབྲོག་ལ་ཡ་ང་བའི་དོན་རྐྱེན་སྡུག་པོ་ཞིག་བྱུང་བ་ནི། རྒྱ་མཱ་ཆུ་ཟེར་བའི་དམག་ཇག་གློ་བུར་བ་ཞིག་གིས༼མཱ་པུའུ་ཧྥང་ནི་ཟི་ལང་དུ་སྡོད་པའི་མཱ་ཁྱིམ་རྒྱུད་ནས་ཡིན་ཞིང་། ཁྱིམ་རྒྱུད་འདིས་གོ་མིན་ཏང་གི་སྐབས་སུ་མཚོ་སྔོན་ཕྱོགས་སུ་དམག་ཇག་གི་ཚུལ་གྱིས་དབང་བསྒྱུར་བྱས་ཡོད། མཱ་པུའུ་ཧྥང་༡༩༣༧ལོར་མཚོ་སྔོན་གྱི་སྲིད་སྐྱོང་ཆགས་ཤིང་། ༡༩༤༩ལོར་རྒྱ་ནག་དམར་ཕྱོགས་པར་ཤོར་སྐབས་བྲོས་ནས་རིམ་གྱིས་ཐེ་ཝན་དང་། དེ་ནས་སོའུ་སྡེ་ཨ་རབ་བྷི་ཡ་ལ་ཕྱིན་ཅིང་། དེར་ཡུལ་དེའི་ཡུལ་མིའི་ཐོབ་ཐང་བླངས་པ་དང་བཅས་མཐའ་མར་༡༩༧༤ལོར་དེར་གྲོངས་འདུག༽ལོ་འདི་དག་གི་སྔ་གཞུག་ཏུ་མཚོ་སྔོན་ཕྱོགས་ནས་ཁྲལ་མ་བྱིན་པའི་སྡེ་བ་དག་ལ། དམག་བརྒྱབས་པའི་དོན་རྐྱེན་ཡ་ང་བ་མང་པོ་བྱུང་འདུག འདིའི་སྐབས་སུ་ཀོའུ་སྡེ་རོང་འབྲོག་གིས་ཀྱང་ཁྲལ་མ་བྱིན་ནས། མཱ་དམག་ལ་རྒོལ་ལན་སྤྲོད་པའི་གྲ་སྒྲིག་དང་དོགས་ཟོན་ནན་མོ་བྱས་ཏེ། དམག་རུའི་བཀོད་སྒྲིག་དང་། ལག་ཅ་མེ་མདའ་ཁྲལ་བཞག་གིས་བསྒྲིགས། དེ་འང་རྒྱུ་ཆེན་ཞིག་གིས་པུ་ར། སན་པ། པ་མུ་ལིས་ཚིགས་གསུམ་ཚིགས་བཞི་དང་། རྒྱུ་མེད་ནོམ་མེད་ཅིག་གིས་ཀྱང་སྨན་བོའུ་སོགས་ཉོས་ནས། སྡེ་འདི་ཟང་ཟིང་ལང་ལོང་གི་ངང་ན་ཡོད་ཀྱང་། མཱ་དམག་གི་གཡོ་ཐབས་ཤིག་གིས་ཉིན་འདི་དག་ཏུ་རྒྱ་མཱ་ཆུའི་དམག་གིས་ཀ་རོང་བརྒྱག་རྒྱུ་མ་རེད་ཟེར་བའི་གཡོ་སྒྱུའི་གོ་ལོག་ཅིག་ལ་རློམ་ནས། ཀ་རོང་གི་བཀོད་བསྒྲིགས་བྱས་པའི་དམག་རུ་ཡང་ལྷོད་གཡེང་དུ་གྱུར་བའི་སྐབས་ཤིག་ཡིན།
དེ་དུས་ཀྱི་སྐབས་ན་དཔའ་མཆོག་སྐྱ་མོ་ཟེར་བ་དེ་བློན་ཆས་དཔོན་པོ་ཚང་གི་ལུག་རྫི་བྱས་ཡོད་དུས་སུ་ཕྱི་དྲོ་ཞིག་ལ། བློན་ཆས་དཔོན་པོས་ལུག་རྫི་སྐྱ་མོ་བོས་ནས། ཁོ་ལ་བཀོད་པ་བརྒྱབས་ནས་ཁྱོད་ཀྱིས་ངའི་ལ་ལོའི་ནང་ནས་རྟ་བཟང་བོ་ཞིག་ཞོན་ལ། དོ་ནུབ་ནམ་གོང་མ་གཟུར་གོང་དུ་ཁྱོད་ཀ་རོང་གི་རུ་གོང་ཆེ་ཆུང་ན་ཡོད་པ་ལ་བརྡ་རྒྱག་ཏུ་སོང་། དེ་རིང་རྐང་ཚའི་ཆུ་མ་ཐང་དུ་དམག་སྒར་ཞིག་གིས་བཀང་འདུག དེ་ནི་ཕལ་ཆེར་རྒྱ་མཱ་ཆུའི་དམག་ཀ་རོང་བརྒྱག་གི་འགྲོ་ནི་ཡིན་རྒྱུ་རེད། ཁྱོད་ཞོན་པའི་རྟ་ལ་དམར་མི་ཉན། ཅི་མགྱོག་གང་མགྱོག་གིས་སོང་ཞེས་བརྡ་བརྒྱག་ཏུ་ཕུད་སོང་། ཁོ་དགོང་མོ་སོང་བས་ལམ་ཁ་ཞིག་ནས་ངལ་ཞིག་གསོས་ནས་གཉིད་སོང་། དེ་ནས་གཉིས་སད་ནས་མྱུར་མོར་སོང་དུས་ནངས་མོ་ནམ་ས་མ་སའི་དུས་སུ་གོང་ཆེན་ཉག་ཁ་ལ་ཐོན་དུས། རྒྱ་མཱ་ཆུའི་དམག་སྟོང་ཕྲག་ཙམ་ཞིག་བཞུར་གྱིན་འདུག་པས་ཁོས་བརྡ་རྒྱག་གི་གོ་མ་ཆོད་པར་མཱ་དམག་དེ་ལྟར་གློ་བུར་དུ་ཐོན་པ་རེད།
དཔྱིད་ཀ་འདིར་ཨ་ལགས་ངག་ལོ་ཁོང་གི་རུ་བ་ཀ་ཞུས་ཞོལ་མ་ན་ཡོད། དེ་དུས་སྤྲུལ་སྐུ་ནི་དགུང་ལོ་བཅུ་གཅིག་རེད། དེའི་སྐབས་ཀྱི་ནངས་སྔ་མོ་ཞིག་ཏེ། ཕྱི་ལོ་༡༩༣༨ལོའི་ཟླ་༢ཚེས་༡༡༼འགའ་རེས་ཚེས་གཅིག་“ཡིན་ཡང་ཟེར།༽གི་སྔ་ཞོགས་ནངས་ཇ་འཐུང་སྐབས་ཙམ་ན་མི་ཞིག་གིས་སྟོད་ཀྱི་ཁ་ནས་ཀི་བཏབས་ནས་བོས་ཏེ། རྒྱ་མཱ་ཆུའི་དམག་ཐོན་ཐལ་ཕྲོས་ཟེར་བས། ཐམས་ཅད་འཚབ་འཚུབ་དུ་གྱུར་སོང་། དེ་དུས་སྤྲུལ་སྐུ་ཁོང་གི་སྤུན་ཆེ་བ་ཕུ་བོ་གླང་ཐར་རྒྱལ་དང་། ཁོང་གི་ཨ་ཅེ་འབྲུག་མོ་སོགས་ཀྱིས་ལག་ལ་གྲི་ཞིག་བཟུང་ནས། ཟོག་རྡང་དང་འདོགས་ཐག་སོགས་བྲེགས་ཏེ་མི་ཁ་ཤས་ཀྱིས་ཟོག་ལུག་དེད་དེ་བྲོས། ཁ་ཤས་ཀྱིས་དངོས་རྫས་རྩ་ཆེན་སྐོར། ཆུ་ཁའི་ཚལ་གསེང་དུ་སྦས་ཏེ་བྲོ་ཆས་ཐུབ་ཚོད་རེ་བཟུང་ནས་རྒན་བྱིས་“སོགས་བཟའ་ཉོག་མང་པོ་ལྷན་དུ་བྲོས། ཁོང་གིས་ཀྱང་མ་ཡར་ཨ་མ་ཇོ་མོའི་བུ་ཀརྨ་དོན་ཡོད་ལོ་ལྔ་དྲུག་ཅན་དེ་ལག་འགོར་ཁྲིད་དེ། ར་ཆེན་ནགས་གསེང་གྱེན་བརྒྱུད་ནས་འཇིགས་སྣང་གི་ངང་བྲོས་བྱོལ་བྱས། ཕྱི་དྲོ་ཙ་ན་ཁྱི་འཕང་ཁར་ཐོན། དེ་དུས་སྡེ་བའི་ཤོར་མ་མང་པོ་ཡང་དེར་ཐོན་ནས་ཡོད།
ཉིན་དེར། ཁྲི་ཀའི་པང་པན་༼དངོས་མིང་ལ་མཱ་ཡོན་ཧྭེ་ཟེར།༽གྱིས་དམག་དཔོན་བྱས་ཏེ། མཱ་དམག་སྟོང་ཕྲག་གཅིག་གི་ཡས་མས་ཤིག་གོང་ཆེ་ཆུང་གི་ཉག་ཁ་ཀུན་ནས་ཚུར་བརྒྱབས། “དེའི་སྐབས་གོང་ཆེན་ཉག་ཁའི་རྡོ་འཛོའུ་སྣ་ན། དཔའ་མཆོག་ཨ་ཕ་ཚང་ཁ་གཉིས་དང་། དཔོན་པོ་སྐོ་ཏོའི་སྤུན་དཔོན་པོ་བླ་མ་བཀྲ་ཤིས་ཚང་ཁ་གཉིས། དེའི་གོང་གི་མཚེར་ལྷས་ན་རྒྱ་ཚང་བསོད་ནམས་འབུམ་ཚང་གི་མག་པ་སྐོ་བྷ་ཚང་ཡོད་ས་དེ། མཱ་དམག་ཐོག་མར་ཐོན་ས་རེད། དེའི་མར་ཀའི་ས་ཤུར་གོང་མ་ན། ཀོའུ་སྡེ་དཔོན་པོ་ལྕགས་ཐར་རྒྱལ་ཚང་སྐོར་ཞིག་ཡོད་པས། དེ་དུས་དཔོན་པོའི་སྤུན་ཆུང་བ་ཞིག་གྲོགས་ཀྱིས་འུར་ལོག་ཤོར་ནས་བསད་པའི་བདུན་པ་ཞིག་ཀྱང་བླངས་ནས་ཡོད་པའི་སྐབས་ཤིག་རེད་ཟེར། ཕར་ནང་གི་དམེ་སྐེ་ན་གཙོ་བོ་དཔའ་མཆོག རྒྱ་ཚང་། དཔོན་སྐོར་སོགས་ཀྱི་རུ་བ་ཐོ་རེ་ལོང་ངེ་ཡོད་འདུག གོང་ཆུང་ཉག་ཁ་ན། རྒྱ་ཚང་བསོད་ནམས་འབུམ་ཚང་དང་། དཔའ་མཆོག་པདྨ་བཀྲ་ཤིས་ཚང་སོགས་ཡོད།
དེ་དུས་རྒན་བྱིས་དང་བུད་མེད་ཚོས་ཟོག་ལུག་འདེད་ཞོར་དང་འབྲོ་ཞོར་བྱས་ཤིང་། སྐྱེས་པ་ཚོས་སྐོར་རུ་བཟུང་ནས་ཕྱི་ཆགས་བྱས་ཏེ་མཱ་དམག་བཀག་པ་རེད། དེ་དུས་དཔོན་པོ་ལྕགས་ཐར་རྒྱལ་གྱིས་ཀྱང་དཔའ་ཆས་བྱས་ཏེ་འཐབ་རར་ཤོར་ཡང་། མི་མང་པོ་ཞིག་གིས་དཔོན་པོ་ལ་སྲུང་སྐྱོབ་བྱས་ཏེ་མར་བཙན་གྱིས་ཁྲིད་སོང་ཟེར།
དེའི་ཉིན་གོང་ཆེ་ཆུང་ནས་གཙོ་བོ་དཔའ་མཆོག་ཚེ་སྒྱོའུ་དང་། དཔོན་པོ་བན་དེ་རྒྱལ། དཔའ་མཆོག་ཀརྨ་རིན་ཆེན། དཔོན་སྐོར་རྟ་བྷ།དཔའ་མཆོག་པདྨ་བཀྲ་ཤིས་དང་། ཁོའི་བུ་ལོ་བྷ། དཔའ་མཆོག་མགོན་པོ་རྒྱལ་སོགས་དཔའ་བོ་སྟག་འདྲ་གཟིག་འདྲ་མང་པོའི་བཀའ་དྲིན་ལ་བརྟེན་ནས་ཉིན་དེར་སྡེ་མི་ཕལ་ཆེར་སྲོག་མགོ་ཐོན།
དེའི་ནང་དཔའ་མཆོག་ཚེ་སྒྱོའུ་དང་། དཔོན་པོ་བན་དེ་རྒྱལ་སོགས་དཔའ་བོ་འདི་དག་གིས། གྲ་སྒྲིག་ཅི་ཡང་མེད་པའི་རང་སྡེ་ཕྲ་མོ་འདིའི་ཆེད་དུ། རང་གི་གཅེས་སྲོག་དམར་པོ་འབེན་དུ་བཞག་ནས་ས་དེར་ཐིམ་སོང་བའི་ལོ་རྒྱུས་ཅུང་ཞིག་བཤད་ན།
དེ་ཡང་དཔའ་མཆོག་ཨ་ཕའི་བུ་ཆེ་བ་ཚེ་བྷ་འམ་དཔའ་མཆོག་ཚེ་སྒྱོའུ་ཟེར་བ་དེས། ནངས་མོ་དེར་ཆུ་སྣ་རྡོལ་རྡོལ་བྱེད་པའི་མཱ་དམག་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་བཞིན་པའི་སྐབས། ཁོའི་ཆུང་མ་སྙིང་བྷས་ལོ་ལྔ་ཡིན་པའི་བུ་ཆུང་ཀུན་བཟང་རྒྱབ་ཏུ་ཁུར་ནས། ཁོའི་ཕུ་རུང་གིས་ཡང་ཡང་འཐེན་ནས་སྐྱོ་ལ་སྡུག་པའི་ངུ་ངག་གིས་ད་ང་ཚོ་མཉམ་དུ་འགྲོ་ཞེས་ཞུ་བ་ཅི་ལྟར་བྱས་ཀྱང་། དཔའ་བོ་དེ་ལ་ཐོག་མ་ནས་ཕྱི་གྱེད་སྐད་ཅིག་ཀྱང་བྱེད་པའི་སྡར་སེམས་ཡོད་མི་འདུག ཁོས་རང་གི་གམ་ན་འཇིགས་སྣང་དང་དུང་ཞེན་བསླད་མེད་ཀྱིས་ཞུ་བ་བྱེད་པའི་ཆུང་མ་དང་ཨ་མ་སོགས་ལ། ཁྱོད་ཚོས་ང་ལ་ཕྱི་ཆགས་མ་བྱེད་ད་ཕྲོས་ཕྲོས་ཟེར་ཞིང་ཁོ་ཕྱིར་འཁོར་ནས། རྡོ་མཛོའུ་སྣེའི་མར་ཀའི་བྲག་དེའུ་ཞིག་གི་འགྲམ་ནས་བཙན་ས་བཟུང་སྟེ་མེ་མདའ་འཕེན་གྱིན་འདུག ཁོ་ལ་མེ་མདའ་ཡང་ཧ་ཅང་བཟང་བོ་ཞིག་ཡོད་ལ། མདའ་གྲངས་ཡང་མང་པོ་ཞིག་ཡོད་པས། ཁོ་གཅིག་པའི་མདའ་ཁ་ནས་ཀྱང་མཱ་དམག་ལ་མི་ཤི་རྟ་འགྱེལ་ཅི་འདྲའི་མང་པོ་ཞིག་བྱུང་ཡོད་པ་གདོན་མི་ཟ།
སྐབས་ཤིག་ཁོའི་མདའ་ཟད་ནས་ལག་སྟོང་དུ་བུད་པས། དེ་དུས་མཐའ་ན་དགྲ་དམག་གིས་བསྐོར་ཟིན་པའི་དཔའ་བོ་དེས་བསམ་“བློ་འདི་ལྟར་བཏང་འདུག མདའ་ཟད་ན་རང་ལ་ཅི་ཡང་མི་ཕན་པའི་མེ་མདའ་བཟང་བོ་དེ་དགྲ་ལག་ཏུ་ཤོར་བ་ལས་བཅག་ན་བཟང་བསམ་ནས། ཡར་ལངས་ནས་མེ་མདའ་དེ་མགོ་ལ་སྐོར་ནས་བྲག་ཐོག་ཏུ་བརྒྱབས་ནས་བཅགས་སོང་། དེ་དུས་ཁོའི་ཨ་མ་བོ་ཐར་ཞེས་པ་དེས་བུ་བློས་མ་ཐོངས་པར་བུ་ལ་འཁྲིས་ནས་ཁོའི་ཟུར་ན་ཡོད་དུས་དེར། ཁོའི་སྟེང་ལ་ཆར་སྐྱ་འབབ་འབབ་བྱེད་པའི་སྙིང་རྗེ་མེད་པའི་མདེའུ་དེ་དག་གིས། བུ་དེའི་གཅེས་སྲོག་དམར་པོ་འབེན་དུ་བྱས་སོང་ལ་ཁོའི་མ་རྒན་བོ་ཐར་ཞེས་པ་དེ་དུས་ཤི་མི་འདུག ཕྱི་དྲོ་སྡེ་བ་ཐོན་དུས་ཁོའི་འཐབ་ར་ན་མེ་མདའི་ཟངས་ཤུབ་མང་པོ་སྤུངས་འདུག་ལ། བེམ་པོའི་མགོ་ཡང་བྲེགས་ནས་ཁྱེར་སོང་ཟེར།
དེ་དུས་ན་ཁོའི་ཕ་དེ་ལོ་ན་ཆེ་བས་གཡག་ཞིག་ལ་སྐྱོན་ནས་བུ་ཆུང་བ་ཞིག་གིས་སྣས་ཁྲིད་ཅིང་། བུ་མོ་སྦྲུམ་མ་ཡིན་པའི་གཅོད་པ་ཞེས་པ་པང་ན་བུ་ཆུང་ལོ་གཅིག་ཅན་ཡོད་པ་ཞིག་དང་། ད་དུང་མོའི་མིང་བོ་ཞིག་དང་བཅས། ས་ཤུར་འཕོང་ཞིག་ན་བྲོས་འགྲོ་དུས་ཕ་བུ་དེ་ཚོ་ཁ་ཚང་མཱ་དམག་གི་མདའ་རུབ་ཀྱིས་བསད། བུ་ཆུང་ལོ་གཅིག་ཅན་དེ་མ་ཤི་བར་ལུས། གཡག་གི་སྣས་ཁྲིད་པའི་བུ་དེ་ལ་མདའ་མ་ཁེལ་ནས་བྲོས་པས། མཱ་དམག་གིས་གསོན་བཟུང་བྱས་ཏེ་དམག་མི་མང་པོས་ལག་པ་གཡས་གཡོན་གྱིས་བཟུང་ནས། གྲི་ཤན་བརྒྱབས་ཏེ་དམར་གསོད་བྱས་སོང་། དེའི་ཉིན་དཔའ་མཆོག་ཚེ་སྒྱོའུ་ཁོའི་ཨ་མ་དང་། ཆུང་མ་སྙིང་བྷ་མ་བུ་གཉིས་སོགས་ལས་ཨ་ཕ་ཚང་གི་ཁྱིམ་མི་ཕལ་ཆེར་བསད་སོང་།
དེ་དང་དེ་མཚུངས་ཀྱི་དཔོན་པོ་བླ་མ་བཀྲ་ཤིས་ཀྱི་བུ་དཔོན་པོ་བནྡེ་རྒྱལ་ཡང་། ས་ཤུར་ཡར་མར་གྱི་གནས་དེ་དག་ཏུ་དགྲ་བོ་“ལ་ཐོད་གཏུགས་ཀྱིས་མདའ་ཁ་བཀྱེ་བཞིན་པའི་སྐབས་སུ། ཁོའི་ཕ་དཔོན་པོ་བླ་མ་བཀྲ་ཤིས་བསད་སོང་དེ་དུས་ཁོའི་ཆུང་མ་སྟེང་དུ་བཀབ་པས། མོ་ལ་སོ་རྒྱག་མང་པོ་བྱས་ཀྱང་ཤི་མི་འདུག དཔོན་པོའི་སྲིང་མོ་ཀླུ་མོ་རྒྱལ་གྱི་ཨོལ་མདུད་ལ་མདའ་བབས་ནས། ཧར་སྒྲ་འབྱིན་བཞིན་ཡོད་པ་དེ་འང་ཅུང་ཞིག་ནས་ཤི་སོང་། ད་དུང་ཁོའི་ཟུར་ན་འགྲོ་བཞིན་པའི་ཆུང་མ་སྦྲུམ་མ་ཡིན་པ། པང་ན་འང་བུ་མོ་ལོ་གསུམ་ཅན་ཞིག་ཡོད་པ་དེ་འང་མདའ་ཕོག་སྟེ་བྲང་དཀྱིལ་ནས་མདེའུ་ཐོན་ཏེ་ཤི མོའི་པང་གི་བུ་མོ་དེ་མ་ཤི་བར་ལུས་འདུག དེ་དུས་ན་ཁོ་ཚང་གི་མག་པ་གཡང་སྐྱབས་ཀྱིས། ཁོ་བཙན་ཚུགས་ཀྱིས་འཐེན་ནས་བྲོས་ན་བཟང་རབས་བཤད་ཀྱང་། ཁོ་གཏན་ནས་འགྲོ་མ་འདོད་པར། ད་དུང་བཟའ་ཉོག་མང་པོའི་རྗེས་ཆོད་ཉེ་བའི་དགྲ་དམག་ལ་དྲག་འགོག་བྱས་ནས་དཔའ་བོ་དེས་ཀྱང་རང་སྲོག་བློས་བཏང་སོང་།
ཕྱི་དྲོ་སྡེ་མི་ཐོན་དུས་བེམ་པོའི་མགོ་ཡང་བྲེགས་ནས་ཁྱེར་སོང་བའི་སྔོན་ན། དམག་རྟ་བཞི་བསད་ཡོད་ཚུལ་ལ་བལྟས་ན་དགྲ་དམག་མང་པོ་ཞིག་དམར་གསོད་བཏང་ཡོད་པ་ཤེས་ཟེར། སྔོན་ནས་བཟུང་ཁོའི་རྐང་བ་ཡང་རྨས་འདུག དེ་དུས་ཁྲི་ཀའི་པང་པན་གྱིས་ཁོའི་གོང་དམག་ལ་གློག་འཕྲིན་བཏང་ནས་དཔོན་པོ་ལྕགས་ཐར་རྒྱལ་ཤོར་སོང་། དཔོན་པོ་བནྡེ་རྒྱལ་བསད་ཡོད་ཅེས་སྙན་ཞུ་བྱས་འདུག་ཟེར། དེ་ཉིན་ཁོ་ཚང་གི་དཔོན་པོ་བླ་མ་བཀྲ་ཤིས་ཀྱི་ཆུང་མ་དང་། བུ་བནྡེ་ཙུག་གེ་དང་འབྲུག་ཐར། སྲིང་མོ་གཡང་མོ་དང་། བོ་མོ་ཅོག་སོགས་མ་བུ་འགའ་ལས་མ་ལྷག་པར་བསད་སོང་། དེ་དུས་ཁྲི་ཀའི་པང་པན་གྱིས་ཀྱང་དཔའ་མཆོག་ཚེ་སྒྱོའུ་དང་། དཔོན་པོ་བནྡེ་རྒྱལ་ལྟ་བུའི་དཔའ་བོ་འགའ་ཞིག་ཡོད་ན་ང་ཚོའི་མཱ་དམག་གིས་“ཐུབ་ཀྱི་མི་འདུག་ཟེར་སྐད།
ཡང་ཚ་ཚའི་རི་ལོག་འགོ་ན་དཔའ་མཆོག་ཀརྨ་རིན་ཆེན་གྱིས་བཙན་ས་བཟུང་ནས། མཱ་དམག་བཀག་སྟེ་དགྲ་དམག་ལ་ཕམ་ཉེས་མང་པོ་བྱུང་ནས་ཡོད་དུས། མཱ་དམག་གི་རྗེས་ནས་ཁྲི་ཀའི་པང་པན་གྱིས་རྒྱང་མཐོང་བཙུགས་ནས་བལྟས་པས། རི་ལོག་གི་འགོ་ན་མཱ་དམག་འགོག་པའི་གོས་ཆེན་དམར་པོའི་ཚུ་ལེན་གྱོན་པའི་དཔའ་བོ་དེ། ང་རང་གི་མནའ་བཅད་དཔའ་མཆོག་ཀརྨ་རིན་ཆེན་རེད་འདུག ད་མནའ་བཅད་ཡིན་ཀྱང་དེ་རིང་ངས་ལག་འཇོག་རན་སོང་ཟེར་ནས་ཁོས་མདའ་འཕངས་ཏེ། ཀརྨ་རིན་ཆེན་གྱི་སྒྲོག་རུས་ཡར་མར་ཞིག་ལ་ཁེལ་ནས་ཕྱིའི་སོག་སྲིབ་ནས་མདེའུ་བུད་དེ་རྨས་སོང་། དེ་ནས་ཁོ་རྨས་ལྕི་བས་ཁོས་མདའ་འཕེན་མ་ཐུབ་པར་ཕྱི་ནུར་བྱེད་ཐུབ་ནས་ཤོར་སོང་།
གོང་ཆུང་ཉག་ཁ་ནས་ཐོན་པའི་མཱ་དམག་གི་གདོང་ལེན་ཡང་དཔའ་མཆོག་པདྨ་བཀྲ་ཤིས་དང་། ཁོའི་བུ་ལོ་བྷ། དཔོན་སྐོར་རྟ་བྷ།༼ཁ་ཅིག་གིས་འདིས་གོང་ཆེན་ཕྱོགས་ནས་བཀག་ཟེར།༽ མགོན་པོ་རྒྱལ་སོགས་ཀྱིས་བྱས་པས། སྐབས་ཤིག་པདྨ་བཀྲ་ཤིས་ལ་མདའ་ཕོག་ནས་རྨས་ཏེ་ཁྱེར་སོང་། བུ་ལོ་བྷ་དང་མགོན་པོ་རྒྱལ་སོགས་ཀྱིས་བཀག་ནས་དེ་ཕྱོགས་སུ་ཕམ་ཉེས་ཆེན་པོ་མ་བྱུང་། ཉིན་འདིར་དེར་ཡོད་པའི་ཀ་རོང་སྡེ་བའི་སྐྱེས་པ་ཕལ་ཆེར་གྱིས་མཱ་དམག་ལ་རྒོལ་ལན་དྲག་པོ་བྱས་པའི་གཏམ་རྒྱུད་རེ་རེ་ཡོད་ཀྱང་། འདི་ནས་མཱ་དམག་ལ་རྒོལ་ལན་སྤྲད་པའི་དཔའ་བོ་གཙོ་གྲས་ཁག་ཅིག་ལས་མ་བཤད་པ་ཡིན།
ཉིན་དེར་གོང་ཆུང་ཕྱོགས་ནས་རླུང་རྟའི་སྒང་བར་དང་། གོང་ཆེན་ཕྱོགས་ནས་སྒོམ་པའི་ཁ་ཐོག་གོང་མ་མན་ཆད་དུ་རྒྱ་དམག་ཡོང་མ་ཐུབ་པར་ཉིན་དེར་ཕྱིར་བོན་ཁོག་ཏུ་བུད་སོང་ཟེར། ཕྱིར་ལམ་སྦྲ་སོགས་དངོས་རྫས་རྣམས་མེ་ལ་བསྲེགས་སོང་། ཡང་ཁྱིམ་ཚང་འགའ་རེ་ཞིག་མེར་བསྲེགས་མེད་པ་འང་ཡོད་ཟེར། ཕྱི་ནས་ཡང་རྒྱ་དམག་འོངས་ནས་ཀ་ཞུས་ལབ་ཙེ་མེ་ལ་བསྲེགས་ཤིང་། རུ་སྙིང་བོའི་ཐང་དང་། གནམ་ཆའི་རྔ་ཚིགས། གྲོ་རིས་ཐང་སོགས་ནས་སྒར་ཁ་བརྒྱབས་ཤིང་གཟུ་བྱས་ཏེ་ཞི་འཇགས་ཙམ་བྱུང་ངོ་།།
མཱ་དམག་ཐོག་མར་ཐོན་པའི་ཉིན་དེའི་ཕྱི་དྲོ་མཱ་དམག་གི་ངོ་ལོན་ནས་ཕྱིར་ལོག་པའི་ཤུལ་དུ་བདག་བྱེད་པ་ལ་སོང་བས།༼ཁ་ཅིག་གིས་ཕྱི་ཉིན་སོང་བ་ཡིན་ཟེར། གསལ་ཐག་མི་ཆོད།༽ གོང་སྨྲས་ཀྱི་དཔའ་བོ། དཔའ་མཆོག་ཚེ་སྒྱོའུ་རྡོ་འཛོའུ་སྣའི་མར་ཀའི་བྲག་དེའུ་ཞིག་གི་འགྲམ་ན་བསད། ཁོའི་ཕ་དཔའ་མཆོག་ཨ་པ་དང་། བུ་མོ་སྦྲུམ་མ་གཅོད་པ་ཞེས་པ་དང་། ༼མོའི་པང་གི་བུ་ལོ་གཅིག་ཅན་དེ་ཤི་མེད།༽ མོའི་བུ་ཞིག ད་དུང་མོའི་མིང་བོ་ཆུང་བ་ཞིག་བཅས། དེ་ལྔ་བོ་ས་ཚྪའི་ལུང་བ་སོགས་ན་བསད། དཔོན་པོ་བླ་མ་བཀྲ་ཤིས་དང་། ཁོའི་སྲིང་མོ་ཀླུ་མོ་རྒྱལ། ཁོའི་བུ་བནྡེ་རྒྱལ། དེའི་ཆུང་མ་འཕགས་མ་ཟེར་བའི་སྦྲུམ་མ་ཡིན་པ་༼མོའི་པང་གི་བུ་མོ་ལོ་གསུམ་ཅན་དེ་ཤི་མེད།༽དེ་དང་བཅས་མི་ལྔ། ས་ཤུར་འཕོང་སོགས་ན་བསད།
རྒྱ་ཚང་བསོད་ནམས་འབུམ་ཚང་གི་མག་པ་སྐོ་བྷ་དང་། ཁོའི་ཆུང་མ་རིན་ཁོ་༼ཨ་ལགས་ངག་ལོའི་ཕའི་སྲིང་མོ་“ཡིན།༽བཟའ་བ་གཉིས་དང་། ཨ་ཁུ་ཞིག་ཡོད་པ་དང་། གཞན་ཁོའི་མནའ་བཅད་བཟའ་བ་གཉིས་ཏེ། མི་ལྔ་བོ་མཚེར་ཁའི་དར་ཁ་ན་བསད། ཁོ་ཚང་གི་བུ་སྐལ་ཨ་ལགས་ངག་ལོའི་སྤུན་ཆུང་བ་དེ་རྨས་ཕོག་ཡོད་པ་དམག་མི་ཞིག་གིས་ཁྱེར་སོང་། རྗེས་ནས་ཕྱིར་ལོན་ཀྱང་རྨས་ལྕི་བས་ཤི་སོང་། རྒྱ་ཚང་གི་གནམ་ལྷ་བློན་ཆ་བྲག་ཤུར་ན་བསད། སྔགས་སའི་དཔའ་བཟང་རྣ་ལུང་བ་ན་བསད། སྔགས་སའི་བནྡེ་རྒྱལ་རྡོ་ཧོར་ལམ་ནས་རྨས་ཏེ་ཤི ཉིན་དེའི་འཁྲུག་ལོང་ནང་དུ་རྒྱ་ཚང་ཆོས་ལྡན་གྱི་བུ་ཞིག་གར་སོང་མ་ཤེས་ནས་ཆོས་ལྡན་ཁོ་དང་། སྐལ་བཟང་ཚེ་རིང་༼འདི་ཨ་ལགས་ངག་ལོའི་ཕ་མཁར་རྩེའི་ཨ་ཕ་རེད།༽གཉིས་དེ་བཙལ་བར་སོང་བས་ཁོ་གསུམ་པོ་བསད་འདུག དཔའ་མཆོག་ཚེ་ཐར། དཔའ་མཆོག་ཚེ་གོའི་༼འདི་སྔོན་ཞིག་ལ་རེབ་གོང་ཐོ་རྒྱའི་ཚོང་ལམ་ཞིག་ནས་ཁྲལ་བསྡུའི་ཐད་ཀྱི་ཁ་རྩོད་ཤོར་ནས་མཱ་དམག་གིས་བསད་འདུག༽མ་རྒན་སོགས་མི་ཉི་ཤུ་རྩ་འགའ་ཞིག་བསད་འདུག་ལ།ད་དུང་མཱ་དམག་གིས་དཔོན་པོ་བནྡེ་རྒྱལ་དང་། དཔའ་མཆོག་ཚེ་སྒྱོའུ་གཉིས་ཀྱི་མགོ་ཡང་བླངས་ནས་ཁྱེར་སོང་།
དཔའ་མཆོག་ཀརྨ་རིན་ཆེན་དང་། ཀྲོའུ་ཚང་གི་འབྲུག་རྩེ་རྒྱལ། དཔའ་མཆོག་པདྨ་བཀྲ་ཤིས། དཔའ་མཆོག་ཚེ་སྒྱོའུ་ཡི་ཨ་མ། དཔོན་པོ་བླ་མ་བཀྲ་ཤིས་ཀྱི་ཆུང་མ་སོགས་རྨས་མ་འང་མི་འགའ་ཞིག་ཡོད།
དེའི་ནང་དུ་ཡ་ང་ཞིང་སྙིང་རྗེ་བའི་དོན་དག་ཀྱང་འདི་ལྟར་འདུག དཔོན་པོ་བནྡེ་རྒྱལ་གྱི་ཆུང་མར་མངལ་སྦྲུམ་ཡོད་པ་དེས། ལོ་གསུམ་ཅན་གྱི་བུ་མོ་ཞིག་ཁྲིད་ནས་བྲོས་འབྲོ་སྐབས། མ་དེ་བསད་ནས་བུ་མོ་དེ་མ་ཤི་བས། ཤུལ་དུ་བདག་བྱེད་མི་ཐོན་དུས། མ་རོ་དེའི་རྩིབས་ན་བུ་མོ་དེ་མ་ཤི་བར་འདུག་ཅིང་། ད་དུང་ཨ་མའི་ནུ་མ་ནུས་ནི་ལོས་ཡིན། ཁ་ངོ་སོགས་ཁྲག་གིས་སྦགས་ནས། ཁོ་ཚོ་ཐོན་དུས་ཨ་མའི་བེམ་པོའི་ཟུར་“ཞིག་ན་སྤེན་ཕུང་ཞིག་གི་རྩ་ན་འདུག་ཟེར། དེ་ནི་བུ་མོ་ཚེ་སྐྱིད་ཟེར་བ་རྗེས་སུ་དམེ་ཤུལ་ལུང་བཟང་དུ། བ་གོ་ཞེས་པའི་ཆུང་མར་སོང་བ་དེ་ཡིན།
ཡང་དཔའ་མཆོག་ཨ་ཕའི་བུ་མོ་སྦྲུམ་མ་ཞིག་བསད་ཡོད་པ་དེའི་པང་ནའང་། བུ་ཞིག་ཡོད་པ་བྱིས་པ་ལོ་གཅིག་ཅན་བསམ་མེད་ཡིན་པ་དེས། ཨ་མའི་པང་ན་ནུ་མ་ནུ་བཞིན་འདུག་ཟེར། དེ་ནི་རྡོ་རྗེ་མཚོ་རྒྱལ་གྱི་ཕ་དཔའ་ལུ་ཟེར་བ་ཡིན།
དཔོན་པོ་བླ་མ་བཀྲ་ཤིས་ཀྱི་ཆུང་མ་དེས་དཔོན་པོ་བསད་དུས། དཔོན་པོའི་སྟེང་དུ་མོ་བཀབ་ནས་ཡོད་དུས་སུ། དམག་རྩིབ་ལ་ཐོན་ནས་མོའི་མགོ་ལ་སོ་བརྒྱགས་བྱས་དུས། མོས་ལག་པ་མགོ་ལ་བཀབ་དུས་ལག་པ་ལ་འང་སོ་བརྒྱབས་སོགས་བྱས་ནས་བུད་སོང་། རྗེས་ནས་མོ་སུར་གསེང་ཞིག་ལ་ནུར་ནས་མཱ་དམག་ཕྱིར་འགྲོ་དུས་མོ་མ་རིག་པར་རྨས་ཆེན་པོ་ཕོག་ནས་ལུས་འདུག་ཟེར།
གཞན་ཡང་ཨ་ལགས་ངག་ལོ་ཁོང་གི་སྤུན་ཆུང་བ་ཞིག རྒྱ་ཚང་བསོད་ནམས་འབུམ་ཚང་གི་མག་པ་སྐོ་བྷ་༼ཡུ་ལེའི་སྟག་ཕྲུག་གི་བུ་ཡིན་ཟེར།༽ཚང་ལ་བུ་སྐལ་དུ་བྱིན་ཡོད། དེ་ཚང་གི་རུ་བ་ནི་དེ་དུས་གོང་ཆེན་རྡོ་མཛོའི་སྣ་ཁའི་གོང་ན་མཚེར་ལྷས་ཆུང་བ་ཞིག་ན་ཡོད། མཱ་དམག་ཐོག་མར་ཐོན་ས་ཡིན་ཕྱིར་བཟའ་མི་ཁ་ཚང་དམར་གསོད་བྱས་སོང་། དེ་ལས་ལོ་ན་ཆུང་བའི་བུ་ཆུང་དེ་ཨ་མས་ཁུར་ནས་བྲོས་སྐབས། ལྟག་རྒྱབ་ནས་མདེའུ་ཞིག་བུའི་འཕོངས་འགོར་ཕོགས་ནས་ལྟེ་ཞབས་ནས་ཐོན་ཏེ། ཨ་མའི་མགོ་ལྟག་ལ་ཁེལ་ནས་ཨ་མ་བསད་ནས་བུ་རྨས་སོང་།
མཱ་དམག་ཕྱིར་འཐེན་སྐབས། ཁྲ་མ་དང་། ཨོང་བ་ཕྱོགས་གཅིག་ཏུ་སྤུངས་ཏེ་མེ་སྦར་ནས། སྦྲ་སོགས་དངོས་རྫས་ཅི་ཡོད་ཚང་མ་མེ་ལ་བསྲེགས། དེའི་ནང་གི་དམག་མི་ཞིག་གིས་བུ་རྨས་མ་དེའི་རྨ་ཁ་ལ་སྨན་བཅོས་“ཤིག་བྱས་རྗེས། ཁྲིད་ནས་གོང་ཆེན་ཉག་ཀའི་ཕར་ནང་གོའུ་ཚང་འགག་གི་བྲག་རྩ་ཞིག་ཏུ་སློག་པ་ཆེན་པོ་ཞིག་གིས་ནང་དུ་གཅུད་ནས། ཁྱོད་འདིར་སྡོད་དང་ངས་ཁྱོད་ལ་བལྟ་སྐྱོང་བྱེད། ནད་དྲག་རྗེས་ཁྱོད་ངའི་བུ་སྐལ་བྱ་ཟེར་ནས་བུད་སོང་། སྐབས་རེར་ཐོན་ནས་ཟ་མ་དང་སྨན་བཅོས་ཙམ་བྱེད། དེ་ལྟར་དེ་ཀར་ཉིན་ཞག་ཁ་ཤས་སུ་ལུས་ཡང་ཟེར། དེ་ནས་མཱ་དམག་ཀ་རོང་གཞུང་བརྒྱུད་དུས། བུ་དེ་ཕྱིར་བླངས་ནས་སྨན་བཅོས་བྱས་ཀྱང་མ་ཕན་པར། ཁོང་གི་རུ་བ་ཁྱི་འཕང་ཁ་ནས་མཚེར་ཉིས་ཤུབ་ལ་སྤར་“བའི། ཉིན་ཁ་ཤས་ལས་མ་བསྡད་པར། ན་ཚ་དང་ཟུག་གཟེར་གྱི་ངང་ན་སྙིང་རྗེ་བའི་བུ་ཆུང་དེ་འང་ཚེ་ལས་འདས་སོང་།
དེའི་སྐབས་སུ་ཀ་རོང་སྡེ་བར་མི་ཉེར་ལྔ་ཙམ་ཤི་བ་དང་རྨས་མ་འང་འགའ་རེ་བྱུང་ཡོད། ༼ཤི་རྨས་ཀྱི་གྲངས་ཀ་ནི་སྔར་ཡོད་ཀྱི་ཡིག་ཆ་དང་བཤད་ཚུལ་མང་པོ་ཁ་མི་མཚུངས་ཡང་། བདག་གིས་དེ་དུས་ན་དངོས་ཡོད་ཀྱི་མི། ཀྲོའུ་ཚང་གི་ཨ་ཁུ་མཁྱེན་བརྩེ། རྒྱ་ཚང་གི་ཨ་ཁུ་རྡོ་རྗེ་རྒྱལ་དང་། ཨ་ཁུ་ཙི་གོ ཨ་ཁུ་སྟོབས་རྒྱས། དཔོན་སྐོར་གྱི་གཅོད་མ། དཔའ་མཆོག་གི་བན་ཕྲུག་དང་། ཀུན་བཟང་། ཀུ་རྒྱལ་སོགས་དང་། ད་དུང་ལོ་རྒྱུས་ལ་རྒྱུས་ཡོད་པའི་རྒན་པོ་འགའ་རེ་ལ་དངོས་སུ་བྲིས་ནས་ཁ་བསྡུར་ན་འང་། སྦྲུམ་མ་གཉིས་ཀྱི་བྱིས་པ་བརྩིས་ན་གོང་གསལ་བཞིན་གྱི་མི་ཉེར་ལྔ་བརྩི་རྒྱུ་ཡོད་ལ། འདིར་དཔོན་སྐོར་ཟོན་ཐར་འབུམ་སོགས་མཱ་དམག་ལ་མཚོན་ཆ་རྩིས་སྤྲོད་“བྱེད་དུ་སོང་དུས་ཀྱང་། ཕར་ཚུར་ཤི་རྨས་ཀྱི་གྲངས་ཀ་བཟུང་ཚེ། ཀ་རོང་ལ་མིའི་ཤི་གྲངས་ཉེར་ལྔ་ཡོད་ཞེས། ཟོན་ཐར་འབུམ་གྱིས་ཨ་ལགས་ངག་ལོ་ལ་དངོས་སུ་བཤད་ཡོད་པ། བདག་ལ་ཨ་ལགས་ངག་ལོ་ཁོང་གིས་ཞལ་ནས་གསུངས་པ་དེ་གཙིགས་སུ་བཟུང་ནས་བྲིས་པ་ཡིན༽མཱ་དམག་ལ་འང་དེ་ལས་མང་བའི་ཤི་རྨས་ཕལ་ཆེར་བརྒྱ་ཚོ་ཙམ་བྱུང་འདུག་ཟེར།༼ཤི་རྨས་ཀྱི་གྲངས་ཀ་གསལ་བོ་ཞིག་མ་ཤེས།༽ རྗེས་སུ་རྒྱུ་ཁྲལ་འཇལ་བ་དང་མཚོན་ཆ་རྩིས་སྤྲོད་སོགས་བྱས་ནས་ཞི་འཇགས་ཙམ་བྱུང་།
དེའི་ཉིན་ཁ་ཤས་ཀྱི་འཕྲོ་ནས་ཀོའུ་སྡེ་རོང་ལའང་། མཱ་དམག་གིས་བརྒྱབས། ལག་བསྟར་དམག་དཔོན་མཱ་ཏི་ཧྲན་གྱིས། བསད་ཚར་བ། འཕྲོག་ཚར་བ། སྲེག་ཚར་བ་སྟེ། ཚར་གསུམ་གྱི་འཆར་གཞི་ལྡན་པའི་ངང་ནས། གྲོང་དགོན་གཉིས་པོ་བསད་བརླགས་བྱས་ཏེ། ཁྱོན་བསྡོམས་པས་ཀོའུ་སྡེ་རོང་ལ་ཕོ་མོ་བརྒྱ་དང་ཞེ་ལྔ་བསད་ཅིང་། མཱ་དམག་བརྒྱ་དང་བརྒྱད་བསད་པའི་ལོ་རྒྱུས་ཡ་ང་བ་ཞིག་ཡོད། དེ་ལྟར་དགུང་ལོ་བཅུ་གསུམ་བར་དགའ་སྐྱོ་འདྲེས་མའི་འཚོ་བ་བརྒྱུད་དེ་ཕ་ཁྱིམ་དུ་བཞུགས་སོ།།
ཨ་མདོ་མཚོ་སྔོན་ཕྱོགས་ཀྱི་ཇག་པ་སྐད་གྲགས་ཅན་མཱ་པུའུ་ཧྥང་ཟེར་བ་འདིས་མཚོ་སྔོན་གྱི་བོད་རིགས་ཚོར་སྡུག་རྩུབ་བཏང་བའི་ལོ་རྒྱུས་དེང་སང་གང་ལ་གང་འཚམ་ཞིག་མཐོང་རྒྱུ་འདུག ཐ་ན་དེང་རབས་བོད་ཀྱི་བརྩམས་སྒྲུང་ཁག་ཏུའང་བརྗོད་གཞི་འདི་རྒྱུན་ཐག་ཏུ་བྱས་ཏེ་གླེང་བཞིན་འདུག ཡིན་ནའང་མཱ་ཇག་གིས་མཚོ་སྔོན་གཅན་ཚའི་ཡར་ནང་མར་ནང་དང་། དེ་བཞིན་དུ་ཀོས་ནན་དང་དཔའ་རིས་ཕྱོགས་ཀྱི་གྲོང་ཁྱིམ་མང་པོའི་ཆོས་ལུགས་དང་བཅས་པ་རྦད་དེ་ཁ་ཆེར་བསྒྱུར་བའི་གྲོང་སྡེ་དེང་སང་ག་ཚོད་ཡོད་པ་ལས་འཕྲོས་པའི་རྩོམ་ཡིག་བརྒྱ་ལམ་ན་རེ་ཟུང་ཙམ་རེད། བོད་རིགས་ཡིན་ཞིང་བོད་སྐད་ཤོད་མཁན་གྱི་གྲོང་སྡེ་དཔེར་ན་བ་རྒྱ་ཐང་ཟེར་བ་དང་། མཆིན་སྒར། སྐར་མ་ཐང་ཟེར་བ་སོགས་མང་པོ་ཡོད་པ་འདྲ། ཁྱེད་ཀྱིས་འདིའི་སྐོར་མཁྱེན་ན་གསུངས་དང་།
ཉིན་འགའི་སྔོན་ཨ་རིའི་ཨོ་རི་རྒན་ཟེར་བའི་ས་ཆ་གཞན་ཞིག་ཏུ་སོང་དུས་མགོ་ལོག་གི་ཨ་མ་རྒན་མོ་ཞིག་ལ་ཡང་འདི་འདྲའི་སྒྲུང་བཤད་རྒྱུ་འདུག
མཱ་ཇག་གིས་བཅོམ་པའི་ལོ་རྒྱུས་མང་བོ་ཡོད་རེད། གཅན་ཚ་དང་ཁྲི་ཀ་དཔའ་ལུང་གསུམ་ལ་དམག་བརྒྱབ་པའི་སྐོར་ངས་ཀྱང་ཅུང་ཟད་གོ་མྱོང་། ཡིན་ན་ཡང་ང་ལས་ཤེས་མཁན་གཞན་མང་བོ་ཡོད་རེད་བསམ་ནས་བསྡད་ཡོད། དོ་རྒྱ་དང་འཐབ་པའི་སྐོར་དང་ཡང་གཅན་ཚའི་ལོ་རྒྱུས་ཉམ་ཞིབ་ཟེར་བའི་མ་ཇག་གི་སྐོར་ཞིག་བྲིས་ཡོད་པ་གོ ལྡི་ཚའི་གྲྭ་བ་ཞིག་གི་བྲིས་པ་ཡང་ཡོད་ཟེར། མཐོང་མ་སོང་།
འགོ་ལོག་གི་བུ་མོ་མང་བོ་ཁྲིད་ནས་ཡོང་ནས་མ་ཇག་གི་དམག་མི་ལ་བགོས་པའི་བུ་མོ་མང་བོ་རི་ལམ་དང་འབྲུག་མོ་ཐ་རྡོའུ་སོགས་ན་ཡོད།
༨༥་ལོར་ང་ཆེད་དུ་རོགས་པ་དང་འགྲོགས་ནས་ལྟ་བར་སོང་བ་ཡིན། གཅིག་བྱས་ན་ལོ་རྒྱུས་འདི་ཚོ་ག་ལེ་ག་ལེར་ས་ལ་ཐིམ་རྒྱུ་ཡིན་པ་འདྲ།
ངས་ནི་དེང་སང་ཨ་མདོའི་མི་ཆེན་བླ་དྲགས་ཚོའི་ཁྱིམ་རྒྱུད་གྲས་ན་མ་ཇག་ལ་ཞེན་ཁོགས་བྱེད་མཁན་ཡོད་རེད་ཟེར་བ་ལྟ་བུ་གོ་མྱོང་། བོད་སྡེ་པ་གཞུང་ལས་ཀྱང་མ་པུའུ་ཧྥང་དགའ་ཟེར་མཁན་ཡོད་རེད་ཟེར་བ་གོ་སོང་། ལྟས་ངན་པ་ཅི་ཡིན་ནམ། དེ་མི་བདེན་པར་ཤོག ཧཧཧཧཧཧཧ
ཁམས་དང་ཨ་མདོའི་སྐོར་ལ་རྒྱུས་མེད། ངས་བལྟས་པ་ནི་ཞ་སྒབ་པས་སྲིད་དོན་རྒྱལ་རབས་དང་ཡཱ་ཧྲན་ཀྲང་གིས་བརྩམས་པའི་ཏ་ལའི་བླ་མའི་རྣམ་ཐར་གཉིས་ཡིན། འདི་གཉིས་ཀློག་མྱོང་བ་མ་ཟད་རིགས་གནས་འཛིན་གྲྭའི་སྐབས་སློབ་ཁྲིད་ཀྱང་ཐོབ་མྱོང་།
སྐབས་དེའི་དགའ་ལྡན་ཕོ་བྲང་ནི་ཆོད་མེད་ཀྱི་སྲིད་གཞུང་ཞིག་རེད། མདོ་སྟོད་མངའ་འོག་ཏུ་བསྡུས་ཐུབ་ཡོད་མ་རེད། འབྲུག་པ་དང་མོན་པ། ལ་དྭགས་དང་མངའ་རིས་ནི་སྔར་ནས་ཤོར་ཟིན་ཡོད་འདུག དེ་དག་ལ་དམག་བརྒྱབ་ནས་ཐེངས་མང་ཤོར་བ་ལོ་རྒྱུས་ན་གསལ་བོ་རེད། སྟོད་མངའ་རིས་སྐོར་གསུམ་ཟེར་ན་སྡེ་བ་གཞུང་གིས་སྐུ་དྲག་མི་དྲག་ཚོས་གོ་ཐོས་ཙམ་རེད། དེ་སང་ཡང་འདིའི་སྐོར་གླེང་ཐུབ་མཁན་ཡོད་མ་རེད།
གཙང་དང་ས་སྐྱ་ཡང་སོ་སོར་རང་བཙན་ལྟ་བུར་གནས་ཡོད་པ་རེད། པཎ་ཆེན་ནང་མ་སྒང་དང་བོད་སྡེ་བ་གཞུང་གཉིས་གཏུགས་ནས་ཐག་མ་ཆོད་པར་བསྡད་ཡོད་འདུག ཇིན་འཇིགས་མེད་ནི་མི་འཇོན་པོ་ཞིག་རེད། ཏ་ལའི་དང་པཎ་ཆེན་གཉིས་ཀྱི་འཐབ་རྩོད་ནི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་རེད། བསྟན་པའི་ཉི་མ་ཕྱིར་བོད་ལ་ཡོང་མ་བཅུག་པར་ལམ་ནས་གྲོངས་པ་རེད། འདི་ལ་བསལ་བློ་གཏོང་མཁན་ཧ་ཅང་ཉུང་།
རྒྱ་ནག་བོད་ལ་མ་འོང་བའི་སྔོན་ཏག་ཏག་ན་བོད་གཞུང་ཟེར་ན་དབུས་གཙང་གཉིས་ལས་དབུས་ཁོ་ན་རེད། དེ་ཡང་མི་ཚང་བཞི་ཡི་ལག་ན་ཡོད་རེད། མི་དམངས་ནི་བྲན་གཡོགས་ལམ་ལུགས་ཀྱིས་མནར་ཡོད་པའི་སྐབས་རེད། མི་མང་ལ་སློབ་སྦྱོང་ཅི་ཡང་ཡོད་མ་རེད། བླ་མའི་ཕྱག་དབང་དང་དཔོན་པོ་རྟ་ལྕག་ཉོས་ནས་བསྡད་ཡོད་པ་དེ་རེད།
ངས་བསམ་ན་ད་ལྟ་བོད་པ་ཚོ་གཉིད་ལས་སད་ཡོད་རེད་བསམ་སོང་། ཡིན་ཡང་ད་དུང་གཉིད་ལས་སད་མེད་པ་རེ་གཉིས་ཡོད་སྲིད་པ་རེད།
་་་་་ རྒྱ་ནག་བོད་ལ་མ་འོང་བའི་སྔོན་ཏག་ཏག་ན་བོད་གཞུང་ཟེར་ན་དབུས་གཙང་གཉིས་ལས་དབུས་ཁོ་ན་རེད། དེ་ཡང་མི་ཚང་བཞི་ཡི་ལག་ན་ཡོད་རེད། མི་དམངས་ནི་བྲན་གཡོགས་ལམ་ལུགས་ཀྱིས་མནར་ཡོད་པའི་སྐབས་རེད། མི་མང་ལ་སློབ་སྦྱོང་ཅི་ཡང་ཡོད་མ་རེད། བླ་མའི་ཕྱག་དབང་དང་དཔོན་པོ་རྟ་ལྕག་ཉོས་ནས་བསྡད་ཡོད་པ་དེ་རེད། ་་་་་ཟེར།
མི་ཚང་བཞི་དེ་གསལ་ཁ་གཏོད་རོགས་གནང་།