རྟ་བདུན་དབང་བོ།
ཞི་གནས་སྒོམ་ཚུལ་གྱི་ལེའུ་གཉིས་པ། ང་ཚོའི་་བོད་པའི་སྤྱི་ཚོགས་ནང་ལ་་མི་སྐྱ་ཕོ་མོ་ཚོས་སྒོམ་ཉམས་ལེན་ལ་་དོ་སྣང་བྱེད་ཀྱི་མི་འདུག འོན་ཀྱང་གསུངས་ཆོས་གང་ཞིག་ཡོད་ཀྱང་དེ་ལ་ཧབ་ཐོབ་ལྟ་བུ་བྱེད་ཀྱིས་འདུག ཉམས་ལེན་མ་བྱས་ནས་གསུངས་ཆོས་མང་བོ་ཐོབ་ནས་ཅི་ཞིག་ཕན། ཁྱད་པར་དུ་གསང་སྔགས་ཀྱི་དབང་ལུང་གང་ཞིག་ཐོབ་ཀྱང་དེ་ལ་་བསྲུང་བྱའི་དམ་ཚིག་མང་བོ་ཡོད་པས་ཁེ་དང་ཉེན་ཁ་གཉིས་ཀ་ཡོད་པ་སྨོས་མ་དགོས་པ་རེད། དེའི་ཕྱིར་ང་ཚོ་ཚང་མས་སྒོམ་ལ་དོ་སྣང་བྱེད་དགོས་པ་རེད།
འདིར་ཞི་གནས་སྒོམ་ཚུལ་ཅུང་ཟད་ཅིག་ཞུ་ན། སེམས་གཞན་དུ་མི་གཡེངས་པར་དམིགས་པ་རྩེ་གཅིག་ཏུ་གནས་པ། མདོར་ན་རྣམ་རྟོག་ཐམས་ཅད་ཞི་ནས་སེམས་དམིགས་པའི་སྟེང་དུ་ལྷན་ནེར་གནས་པས་ན་ཞི་གནས་། དེ་ལྟ་བུའི་དམིགས་པ་ལས་མི་གཡོ་བའི་སེམས་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་དེ་ལ་བློའི་གོམས་པ་ཡོངས་སུ་རྫོགས་པ་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པར་འཇོག་པ་ཡིན། འདི་ལྟ་བུ་ཞི་ལྷག་ཚད་ལྡན་ཞིག་རང་ཅག་རྣ་མས་ལ་སྐྱེ་དཀའ་ནའང། གང་ལ་གོམས་ན་དེ་ལ་བྱང་བར་འགྱུར་གསུངས་པ་བཞིན། རྩོལ་བ་བྱེད་ན་སེམས་ལ་གནས་ཆ་ཅུང་རེ་སྐྱེ་རྒྱུ་ལས་སླ་བར་སྙམ། སྤྱིར་་ཞི་གནས་ཚད་ལྡན་ཞིག་སྒྲུབ་འདོད་ཡོད་ན་གཞུང་ཆེ་མོ་ནས་བཤད་པའི་ཞི་གནས་ཀྱི་ཚོགས་བསྟེན་རྒྱུ་གལ་ཆེ་བར་སྙམ། ཁྱད་པར་དུ་གནས་དབེན་པ་སོགས་ཞི་གནས་སྒྲུབ་པའི་ཆ་རྐྱེན་ཀུན་ཚང་ན་སྒྲུབ་སླ་བར་གསུངས།
སྒོ་གསུམ་གྱི་གནད་ནི། ལུས་ཀྱི་གནད། ཞབས་གཉིས་སྐྱིལ་་ཀྲུང་ཟེར་ཞིང་། འོན་ཀྱང་གཟུགས་པོ་ཧ་ཅང་གི་མཉེན་པོ་མེད་པ་རྣམས་་ལ་ང་ཚོའི་ནམ་རྒྱུན་གྱི་སྡོད་སྟངས་ཕྱེད་་སྐྱིལ་བྱེད་ན་ལེགས། སྒལ་ཚིགས་དྲང་བོར་བསྲང་བ་། དཔུང་བ་རྒོད་གཤོགས་ལྟར་བརྐྱང་བ། མགྲིན་པ་ཅུང་ཟད་གུག་པ། མིག་སྣ་རྩེར་ཕབ་པ་སོགས་ནུས་ན་ལེགས་ཤིང་ཁྱད་པར་སྒལ་ཚིགས་དྲང་བོར་བསྲང་རྒྱུ་ཧ་ཅང་གི་གལ་ཆེ་བར་གསུངས། རྒྱུ་མཚན་ནི། ལུས་དྲང་ན་རྩ་དྲང། རྩ་དྲང་ན་རླུང་དྲང་། རླུང་དྲང་ན་སེམས་དྲང་གསུངས་པ་བཞིན་ནོ། ངག་གི་གནད་ནི་སྨྲ་བ་ཐམས་ཅད་སྤངས་ཏེ་རེ་ཞིག་ལྐུག་པ་བཞིན་དུ་གནས། སེམས་ཀྱི་གནད་ནི། རྣམ་རྟོག་ཕྲ་རག་ཐམས་ཅད་ཞི་ནས་དམིགས་པའི་སྟེང་དུ་རྩེ་གཅིག་ཏུ་གནས་པ།འཕྲོ་་རྒོད་དང་བྱིང་རྨུགས་སོགས་ཀྱིས་དབང་དུ་མ་སོང་བ་ཞིག་དགོས། ལས་དང་བོ་བས་ཞི་གནས་སྒྲུབ་དུས་དམིགས་པའི་གཏད་སོ་ཞིག་ཡོད་ན་ལེགས་པར་གསུངས།
རང་ཉིད་ཀྱི་མདུན་དུ་ལྷ་སྐུ། ཡིག་འབྲུ། ་ཐིག་ལེ། འོད་ཀྱི་གོང་བུ་་སོགས་བློ་ངོར་གང་བདེ་ཞིག་ལ་སེམས་མ་གཡེངས་པར་དམིགས་པ་གཏད། དམིགས་པའི་གཏད་སོ་དེ་ཤིན་ཏུ་ཆུང་ན་བཟང་། དམིགས་བརྟེན་ཡང་ཡང་བརྗེ་བོ་མི་བྱ་བར་གཅིག་ལ་གཏད་ན་དགེ་མཚན་ཆེ་བར་མངོན་། ལས་དང་བོ་བས་སྒོམ་ཡུན་ཐུང་ལ་སྒོམ་ཐུན་་མང་ན་བཟང་བར་བཤད། དང་བོ་སྒོམ་དུས་སྐར་མ་ལྔ་ནས་བཅུ་རིམ་གྱིས་སྒོམ་ཡུན་རིང་དུ་གཏོང་། སྒོམ་ཡུན་རིང་ན་དྲན་ཤེས་ཀྱི་ངར་ཉམས་ཀྱང་རྣམ་རྟོག་ངོས་མི་ཟིན་པའི་སྐྱོན་འབྱུང་སྲིད། རྒོད་པ་ཤུགས་ཆེ་ན་སྒོམ་ཁང་ལ་དཀར་་ཆ་མེད་ཅིང་ནག་ཁུང་ལྟ་བུ། ལུས་ཀྱི་གཟེངས་སྨད་ཅིང་མིག་ཟིམ་པ། བྱིང་བ་ཤུགས་ཆེ་ན་སྒོམ་ཁང་ལ་དཀར་ཆ་ཆེ་ཞིང་མཐོངས་ཡངས་པ། ལུས་ཀྱི་གཟེངས་བསྟོད་ཅིང་མིག་གིས་ཅུང་ཟད་གྱེན་ལ་བལྟ་བ་སོགས་གང་ཟག་རེ་རེ་མི་འདྲ་བས་སྐབས་དང་སྟུན།
གཞན་ཡང་དམིགས་པ་དབུགས་དབྱུང་རྔུབ་ལ་གཏད་པ། སྒྲ་ལ་གཏད་པ་སོགས་སོ་སོའི་བློ་དང་སྟུན། མདོར་ན་དུས་རྒྱུན་དུ་བྱ་བ་གང་ཞིག་བྱེད་ཀྱང་དྲན་ཤེས་བསྟེན་རྒྱུ་གལ་ཆེ། ཁ་ཅིག་གིས་སོ་སོའི་སྡོད་ཁང་གི་རྩིག་ངོས་སུ་སེམས་མ་གཡེང་ཞེ་འབྲི་སྲོལ་འདུག དེ་ནི་དྲན་གསོ་བྱེད་མཁན་ལྟ་བུ་རེད། གང་ལ་གོམས་ན་དེ་ལ་་བྱང་ཆུབ་པར་འགྱུར་རྒྱུ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སྤོབས་པ་བསྐྱེད་དེ་བརྩོན་ན་མི་འགྲུབ་མི་སྲིད་པ་རེད། ཞི་གནས་གཅིག་པུས་ཐར་བ་ཐོབ་ཐུབ་བམ་ཞེ་ན། ཐར་བ་ཐོབ་པ་ལ་ཉོན་མོངས་སྤངས་དགོས། དེ་སྤོང་བ་ལ་་ལྷག་མཐོང་ངེས་པར་དུ་དགོས་པ་རེད། ཞི་གནས་ཐོབ་ན་དགོས་པ་གང་ཡོད་ཅེ་ན། སྔགས་བཟླ་བ། བསྐྱེད་རྫོགས་སྒོམ་པ། བྱང་ཆུབ་ཀྱི་སེམས་སྒོམ་པ། སྟོང་ཉིད་ཀྱི་ལྟ་བ་སོགས་སྒོམ་དུས་མེད་དུ་མི་རུང་བ་ཞིག་རེད། ཐ་ན་ཆོ་ག་ཞིག་འདོན་ཀྱང་ཞི་གནས་ངེས་པར་དུ་དགོས་པ་རེད། ཞི་གནས་གཅིག་པུས་མངོན་ཤེས་དང་རྫུ་འཕྲུལ་ཐོབ་ཐུབ་བམ་ཞེ་ན། ཞི་གནས་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་འབྱུང་བ་རེད།
འོན་ཀྱང་གཏུམ་མོ་མེད་ན་མངོན་ཤེས་དང་རྫུ་འཕྲུལ་རླབས་པོ་འབྱུང་དཀའ་བར་སྙམ། གཏུམ་མོ་ལ་བརྟེན་ནས་ལུས་ཀྱི་རྩ་མདུད་ཐམས་ཅད་བདེ་བླག་ཏུ་གྲོལ་བ་དང་། དེ་གྲོལ་ན་མངོན་ཤེས་དང་རྫུ་འཕྲུལ་རླབས་པོ་ཆེ་ངང་གིས་འབྱུང་བ་རེད། ཁྱད་པར་དུ་རི་ཁྲོད་འགྲིམ་པ་རྣམས་ཀྱིས་གཏུམ་མོ་ལ་་གོམས་ན་མྱུར་ལམ་ཡིན་པས་ཤིན་ཏུ་གལ་ཆེ་བ་རེད། ཞི་གནས་ལ་བརྟན་ཆ་ཆེ་རུ་་ཕྱིན་ན་རྨི་ལམ་གསལ་ཞིང་རྣོ་རུ་འགྲོ་བ་རེད། མང་བོ་ཞིག་གིས་ང་ལ་་རྨི་ལམ་གཏན་ནས་མི་འདུག་ཟེར་ཀྱང་། རྨི་་ལམ་མེད་པ་མ་ཡིན། དྲན་ཤེས་ཉམས་ནས་རྨི་ལམ་མ་དྲན་པ་རེད། ཇི་སྲིད་འཁྲུལ་བ་མ་ཟད་པ་དེ་སྲིད་དུ་་རྨི་ལམ་ལའང་ཟད་པ་མེད།
སྤྱིར་རྨི་ལམ་ནི་འཁྲུལ་བ་རང་ཡིན་པས་ཆ་འཇོག་ས་གང་ཡང་ཡོད་པ་མ་རེད། ཡིན་ནའང་སྐབས་རེ་རྨི་ལམ་དུ་ལྐོག་གྱུར་མཐོང་ཐུབ་པ་རེད། ཁོ་བོའང་ཆུང་དུས་ནས་སྒོམ་ལ་ཧ་ཅང་གི་དགའ་བོ་ཡོད་པར་མ་ཟད་མི་ཚེ་སྒོམ་ལ་སྐྱལ་དགོས་བསམ་པ་་ཡང་ཡང་བྱུང། འོན་ཀྱང་རྐྱེན་དུ་མ་ཞིག་ལ་བརྟེན་ནས་དེ་ལྟར་མ་གྲུབ་ཀྱང་ཉི་མ་རེ་ལ་སྒོམ་ཐུན་རེ་རྒྱག་ཐུབ་ན་དེ་ལ་ཡང་བསོད་ནམས་མི་དམན་པ་ཞིག་ཡོད་སྙམ། དེང་དུས་སྒོམ་ཆེན་པ་བཟང་བོ་ཞིག་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི་འགོ་ཞི་གནས་མ་གྲུབ་པའི་སྐྱོན་རེད་ཅེས་ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པས་གསུངས་པ་ཐོས་སོ། ཞི་གནས་ཚད་ལྡན་ཞིག་སྒྲུབ་འདོད་ཡོད་ན། ཞི་གནས་ཀྱི་གདམས་ངག་ལ་མཁས་ཤིང་ཉམས་མྱོང་དང་ལྡན་པ་ཞིག་བཤེས་གཉེན་དུ་བསྟེན་དགོས་པ་རེད། དེ་མིན་ཞི་གནས་ལ་གོལ་་ས་མང་བོ་ཡོད་པར་མ་ཟད་སྒོམ་ཆེན་ཁ་ཅིག་བྱིང་བ་སྒོམ་དུ་འཁྲུལ་བ་ཡང་མང་བོ་ཞིག་སྣང་ཞེས་དམ་པ་ཁ་ཅིག་གིས་གསུངས་སོ།།
ཐུགས་རྗེ་ཆེ། བོད་པ་ལ་སྒོར་མོ་མ་གཏོགས་ཅི་ཡང་མི་དགོས། ལྷག་པར་དུ་ཕྱི་སྡོད་པ་བོད་པ་ཚོར། གསར་འབྱོར་ཡིན་ཡང་ཕྱི་ཕྱོགས་སུ་བསླེབས་ན་དེ་འདྲ་ཡིན།
ཀླུ་སྨྱོན་ལགས། སྒོར་མོར་མི་རེ་བའི་མི་ཞིག་གླིང་ན་མེད། ལྷག་པར་དུ་བླ་གཟུགས་དང་གྲྭ་གཟུགས་སྔགས་གཟུགས་ཚོས་སྒོར་མོ་འཚོལ་བ་མཁས་ནི་རེད། སྒོར་མོ་བྱུང་ན་གང་ཡང་བྱེད་ལ། ཅི་ཡང་བཤད་ཀྱི་རེད།
ང་ཡང་སྒོམ་ལ་དགའ་བོ་ཡོད། དབུགས་འབྱུབ་རྔུབ་གང་ཐུབ་ཐུབ་སྒོམ་གྱི་ཡོད། ཆམ་བ་རྒྱབ་པའི་སྐབས་ལ་ཕན་ཐོགས་པོ་འདུག་ ངལ་གསོས་པ་ལ་ཕན་ཐོགས་པོ་འདུག གཉིད་ཁུག་ཡག་ལ་ཕན་ཐོགས་པོ་འདུག དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་གཉིས་ལ་ཁུག་པ་གཅིག་ཏུ་རྩིས་ནས་བཅུའི་བར་ཡར་སོང་མར་འོང་གཉིས་ལ་སྐར་མ་གཉིས་ཙམ་འགོར་གྱི་འདུག སྐབས་རེ་མགོ་ན་བ་དང་རོ་སྟོད་ན་དུས་ན་སའི་ཕྱོགས་དེར་དབུགས་ཁྲིད་པ་ལྟ་བུ་བསམ་བློ་བཏང་ན་ཕན་ཐོགས་དུག ཉིན་གཅིག་ཕོ་བ་ན་ཟུག་ཆེན་པོ་ཞིག་བཏང་སོང་དེའི་ཉིན་དབུགས་འབྱུང་རྔུབ་སྒོམ་པ་ཡིན་དེ་ནི་ཆེ་བས་ཆུང་བ་ཟིལ་གྱིས་མནན་པ་ཡིན་ན་གང་ཤེས་ཕན་ཐོགས་མ་སོང་སྨན་ཁང་ལ་འགྲོ་ནས་ཁབ་གཉིས་རྒྱབ་ནས་མ་གཏོགས་ཕན་མ་སོང།
ཐུགས་རྗེ་ཆེ་་་ད་དུང་་ཁྱེད་ཀྱི་ཉམས་མྱོང་བསྐོར་འདི་ལ་འགོད་ཐུབ་ན་ཡ་མཚན་ཆེ།
བློ་ཚེ་ལགས་གཞན་ང་ལ་ལེགས་པའི་ཉམས་མྱོང་གང་ཡང་མེད། ཡིན་ཀྱང་ཁོང་ཁྲོ་ཟ་བའི་ཉམས་མྱོང་ཡོད། ཆགས་པ་ཆེ་རུ་འགྲོ་བའི་ཉམས་མྱོང་ཡོད། ཁོང་ཁྲོ་ཟ་དུས་ཀུན་ནས་མནར་སེམས་པ་དགུའི་སྒོ་ནས་ཆེ་རུ་འགྲོ་གི་འདུག། མི་འདིས་ཁ་སེང་སྔོན་མ་ང་ལ་སྙད་བཀོལ་སོང། ད་རིང་ཡང་སྙད་བཀོལ་གྱི་འདུག ཉིན་གཅིག་མི་འདིས་ང་ལ་མ་རུང་བ་ཞིག་བྱེད་ས་རེ་བསམ་ནས་ཁོང་ཁྲོ་ཆེ་རུ་འགྲོ་གི་འདུག འདི་ནི་རང་ལྟོས་ནས་གསུམ་ཡིན་ས་རེད། ཡང་མཚམས་རེ། ཁོས་ངའི་ཕ་མ་ལ་ཁ་སེང་སྔོན་པ་ཞིག་ལ་ཉོབ་ཆས་བཤད་ཤག འདི་རིང་ཡང་སྙད་བཀོལ་གྱི་འདུག ཉིན་གཅིག་ཁོས་ངའི་ཕ་མ་ལ་སྐྱོན་ཆེན་པོ་ཞིག་བྱེད་ས་རེད་བསམ་ནས་ཁོང་ཁྲོ་ཆེ་རུང་འགྲོ་གི་འདུག འདི་ནི་གཉེན་ལ་ལྟོས་ནས་གསུམ་ཡིན་ས་རེད། ངའི་དགྲ་བོ་དེ་ཚོ་ལ་གཞན་གྱིས་རོགས་རམ་འདའ་བྱས་པའི་གནས་ཚུལ་དེ་འདྲ་གོ་དུས་ཡང་ང་ཁོང་ཁྲོ་འབར་གྱི་འདུག་ ད་ལྟ་རོགས་པ་དེ་འདྲ་བྱེད་པ་མཐོང་དུས་དེ་བཞིན་རེད་འདུག མ་འོང་པ་ན་ཁོ་ལ་རོགས་པ་བྱེད་མཁན་ཇེ་མང་འགྲོ་ས་རེད་བསམ་ནས་ཁོང་ཁྲོ་ཆེ་རུ་འགྲོ་གི་འདུག དེ་ནི་དགྲ་ལ་ལྟོས་ནས་གསུམ་ཞེས་པ་ཡིན་ས་རེད།
དེ་འདྲ་བའི་ཁོང་ཁྲོ་ཟ་བ་དེ་ལ་ཡོན་ཏན་གཅིག་ཡོད་པ་དེ་ནི་དེ་དཔེར་བྱེད་ནས་བླ་མ་དགེ་བའི་ཤེས་གཉེན་རྣམས་ལ་དད་པ་སྒོམ་པ་ལ་ཕན་ཐོགས་ཡོད་ས་རེད། ཀུན་མནར་སེམས་པ་དགུའི་ཚབ་ལ་ཀུན་ནས་ཕན་ཐོགས་པ་དགུའི་སྒོན་ནས་དད་པ་སྒོམ་ན་སྒོམ་རྒྱུ་ཞིག་ཡོད་ས་རེད། ད་མང་པོ་མི་ཞུ་སང་ཉིན་སྔོ་བོ་ལངས་ནས་དབུགས་འབྱུང་རྔུབ་སྒོམ་དགོས་ཀྱི་རེད། སྔ་བོ་ལང་དགོས་ཡོད་ཉལ་གྱི་ཡིན་དགོངས་དག„ ནོར་འཁྲུལ་ཡོད་ལས་ཆེ།
འདུ་འཛི་འཁོར་བའི་ནང་ནས་ཞི་གནས་འགྲུབ་མི་སྲིད། གལ་ཏེ་དོན་གཉེར་བ་གཅིག་གཉིས་རེ་ཡོད་ན། ཞི་གནས་ཀྱི་སྐོར་ལ་ཞིབ་གསལ་ཡང་དག་ཅིག་རྗེ་ཙོང་ཁ་བའི་ལམ་རིམ་ལས་ལྷག་མེད་པར་གྲགས།
ཡག་པོ་འདུག ཞི་གནས་འདི་བོད་པ་ལ་མེད་པའི་ཆོས་ཅིག་རེད། ཉི་ཧོང་དང་རྒྱ་ནག་དེ་བཞིན་ཐེ་ལན་ཌི་སོགས་ཀྱི་དགེ་འདུན་པ་ཚོར་ཞི་གནས་ཀྱི་ཡོན་ཏན་མང་བ་འདུག རིག་པའི་གཞུང་ལུགས་ཤོད་ཟེར་ན་ཤོག་བུ་ཤོག་བུ་རྒྱངས་ནས་འབྲི་ཡོང་གི་འདུག དོན་ངོ་མ་ཞི་གནས་ཀྱི་རྟོག་པ་ཤོད་ཤོག ཉམས་མྱོང་ཤོད་ཤོག་ཟེར་དུས་བླ་མ་ཚང་མ་ངོ་འཛུམ་མུལ་མུལ་རེད། ལྷག་པར་དུ་ནུབ་ཕྱོགས་ལ་ཆོས་འཆད་མཁན་གྱི་བླ་མའི་ནང་ལ་ཞི་གནས་ཐོབ་པ་མེད་པ་ལྟ་བུ་རེད།
སྟོན་པས། ཆོས་འདི་མཐོང་བར་མ་གྱུར་ན། ཆོས་ཉིད་མཐོང་བར་མི་འགྱུར་ཏེ། ཅེས་ཚིག་ཐག་ཆོད་པོས་ཞི་གནས་འདི་བསླབ་པ་ཀུན་གྱི་རྩ་བ་ཡིན་པ་གསལ་པོར་གསུངས་འདུག བོད་པའི་བླ་མ་དེ་ཚོས་སྐྱབས་འགྲོ་དང་། སྔགས་དང་། བཤེས་གཉེན་སྟེན་ཚུལ་གཙོ་བོར་བཤད་ནས་སྒེར་དོན་འགྲུབ་བཞིན་པའི་ཚོར་སྣང་སྤྲོད།
ཐེ་ལན་ཌི་ལ་ཞོགས་པ་ཉི་མ་ཤར་བ་ནས་དགོངས་མོ་ས་མ་རུབ་བར་ལ་སྒོམ་ཐུན་གཅིག་སྐྱོང་མཁན་གྱི་དགེ་འདུན་པ་འདུག དེ་བཞིན་སྒོམ་ཡུན་རིང་ནས་དཔྱི་མགོ་འཕྲོ་བརླག་སོང་བའི་བླ་རྒན་དེ་འདྲ་མཐོང་རྒྱུ་འདུག རྒྱུ་མཚན་དྲིས་ན། དཀྱིལ་ཀྲུང་ལ་ཞུགས་རྒྱུའི་དུས་ཡུན་རིང་བས་སོ་ཟེར། ང་ཚོ་བོད་པའི་བླ་མ་ཚོ་མོ་ཀྲ་དང་གནམ་གྲུའི་ནང་ལ་སྡོད་དྲག་པའི་རྐུབ་ཀྱི་ན་ཚ་ཡོད་ན་མ་གཏོགས་སྒོམ་བརྒྱབ་ནས་རྐུབ་རྡོལ་བ་རྗེ་མི་ལ་ཙམ་རེད། ལྷག་པར་དུ་མི་ཕལ་པ་ལས་དེ་ཚོ་ལ་དགོས་རྒྱུ་མང་བ་དང་བྱེད་རྒྱུ་མང་བ་ཤ་སྟག་རེད།
དེ་མི་བདེན། ཞི་གནས་འགྲུབ་ཡོད་པའི་སྒོམ་ཆེན་མང་པོ་ང་བརྒྱད་ལོའི་ཡར་སྔོན་དུ་གང་སར་ཡོད་པ་རྒྱུས་ཡོད་མང་པོས་བརྗོད་མྱོང་། ཁམས་སྒ་ཁོག་ན་བླ་རྒན་འཇམ་དབྱངས་རྒྱལ་མཚན་ཟེར་བ་ཞིག་ཡོད་པས་ཞི་གནས་སྒོམ་ཐེངས་གཅིག་གིས་ཉིན་གཉིས་གསུམ་འདའ་ཐུབ་ཅིང་། ཁོའི་སྣང་ངོར་དུས་ཚོད་གཉིས་གསུམ་ལས་ཕྱིན་མེད་པའི་ཚོར་བ་འདུག་ཟེར།
དེང་སང་གི་ཞི་གནས་པ་མང་པོའི་ནང་ནས་ང་གཅིག་ཡིན། ངས་ཞི་གནས་སྒོམ་དུས་ཨ་རིའི་སྒྲོ་ལོར་བརྒྱ་ལོར་གཅིག་མདུན་དུ་བཞག་ནས་དེའི་སྟེང་དུ་རྩེ་གཅིག་ཏུ་མཉམ་པར་འཇོག་གིན་ཡོད། ཞི་གནས་དེ་འདིར་བསླེབས་ནས་ལོ་བཅུའི་རིང་བསྒྲུབས་པ་ཡིན་ལ་དེང་སང་གང་སྣང་སྒྲོ་ལོར་རྐྱང་རྐྱང་རེད། དེ་ནི་ཞི་གནས་འགྲུབ་པའི་རྟགས་མིན་ན་གང་ཡིན།
ང་བརྒྱད་ང་དགུའི་སྔོན་དུ་གནམ་ལ་འཕུར་མཁན་དང་ས་ལ་འཛུལ་མཁན་གྲུབ་རྟགས་བཏོན་མཁན་མང་པོ་བྱུང་རབས་འདུག་ཀྱང་་་་ང་དགུའི་རྗེས་ནས་གཅིག་ཀྱང་མཐོང་རྒྱུ་མི་འདུག མི་ཚོས་ཟེར་ན་ང་དགུའི་རྗེས་ནས་གྲི་ཤིའི་རྐྱེན་པས་གྲུབ་ཐོབ་ཚང་མ་ལ་གྲིབ་ཀྱིས་རྐྱེན་པས་གྲུབ་རྟགས་ཚང་མ་ཡལ་བ་རེད་ཟེར།
་་་་་་ ཞི་གནས་གཅིག་པུས་ཐར་བ་ཐོབ་ཐུབ་བམ་ཞེ་ན། ཐར་བ་ཐོབ་པ་ལ་ཉོན་མོངས་སྤངས་དགོས། དེ་སྤོང་བ་ལ་་ལྷག་མཐོང་ངེས་པར་དུ་དགོས་པ་རེད། ཞི་གནས་ཐོབ་ན་དགོས་པ་གང་ཡོད་ཅེ་ན། སྔགས་བཟླ་བ། བསྐྱེད་རྫོགས་སྒོམ་པ། བྱང་ཆུབ་ཀྱི་སེམས་སྒོམ་པ། སྟོང་ཉིད་ཀྱི་ལྟ་བ་སོགས་སྒོམ་དུས་མེད་དུ་མི་རུང་བ་ཞིག་རེད། ཐ་ན་ཆོ་ག་ཞིག་འདོན་ཀྱང་ཞི་གནས་ངེས་པར་དུ་དགོས་པ་རེད། ཞི་གནས་གཅིག་པུས་མངོན་ཤེས་དང་རྫུ་འཕྲུལ་ཐོབ་ཐུབ་བམ་ཞེ་ན། ཞི་གནས་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་འབྱུང་བ་རེད། ་་་་་་་
ཞི་བར་གནས་པའི་ཞི་གནས་དང་། །
ལྷག་པར་མཐོང་བའི་ལྷག་མཐོང་གཉིས། །
གང་ལ་དེ་གཉིས་མངའ་བརྙེས་པ། །
མངོན་ཤེས་རྫུ་འཕྲུལ་ཐོབ་པ་མང་། །
མངོན་ཤེས་རྫུ་འཕྲུལ་ཐོབ་འགྱུར་ན། །
རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །
ཐར་ལམ་ལམ་ཆེན་བཟོས་པ་ལྟར། །
རྣམ་མཁྱེན་གོ་འཕང་མྱུར་དུ་ཐོབ། །
རྩེ་གཅིག་གནས་པ་ཞི་གནས་དང་། །
རྩེ་གཅིག་མཐོང་བ་ལྷག་མཐོང་རེད། །
འཇོག་སྒོམ་བྱས་ན་ཞི་གནས་ཐོབ། །
དཔྱད་སྒོམ་བྱས་ན་ལྷག་པར་མཐོང་། །