དགེ་འདུན་རྒྱ་མཚོ།
ཞོགས་པའི་ཆུ་ཚོད་ལྔ་བ་ཟིན་པ་དང་བུ་དང་བུ་མོ་གཉིས་ཁག་གཉིས་སུ་གྱེས་ཏེ་རྒྱུག་རྩལ་འགྲན་བཞིན་བུད་སོང་། བུའི་འཛིན་གྲྭ་རྒན་པ་ཚོ་དུར་ཁྲོད་ཀྱི་ཕྱོགས་སུ་བརྒྱུགས་སོང་། དེ་མཐོང་བ་དང་ངས་ཡིད་ལ་རྒན་དངོས་གྲུབ་དྲན་བྱུང་། ང་འཛིན་ཁང་གི་ཁང་བརྩེགས་ལྔ་ཐོག་དེའི་རྩེར་བུད་ནས་སློབ་ཕྲུག་ཚོར་རྒྱང་ལྟ་བྱས་ཡོད། དེ་ནི་ངའི་ལས་འགན་ཞིག་ཀྱང་ཡིན། ད་དུང་མདུན་ཐང་ན་འཛིན་གྲྭ་དྲུག་པ་མན་གྱི་སློབ་ཕྲུག་ཚོས་ལུས་རྩལ་སྦྱང་གིན་ཡོད། རྒན་གྱི་སྐོར་ལ་བསམ་བློ་གཏོང་དུས་ང་སྐྱིད་པོ་ཞིག་གཏན་ནས་མིན། དེས་རྐྱེན་གྱིས་ང་ཁབ་རྒྱབ་ཀྱི་རྡོ་སྐས་རིང་བོ་དེ་བརྒྱུད་ནས་མར་ལྷས་དཀྱིལ་གྱི་མདུན་ཐང་ལ་བབས་པ་ཡིན།
ང་སློབ་ཕྲུག་ཆུང་བའི་ཉལ་ཁང་གི་སྒོ་ལམ་ལ་བསླེབས་དུས་སློབ་གྲྭའི་སྒོ་འགྲམ་ལ་རླངས་འཁོར་ཞིག་སླེབ་བྱུང་། དེ་ནི་སློབ་གྲྭའི་རླངས་འཁོར་ཡིན་པ་ངས་ལོས་ཤེས། རྒན་དངོས་གྲུབ་ནི་སློབ་གྲྭའི་རླངས་འཁོར་ཆུང་བ་དེའི་ནང་ནས་མར་བབས་པ་ངས་གསལ་བོར་མཐོང་ཡོད། ཁོ་སློབ་གྲྭའི་སྒོ་ཆེན་ནས་ནང་ལ་འཛུལ་ནས་ཡོང་བ་དང་། རླངས་འཁོར་ཁ་ལོ་བ་རྒྱ་གར་བ་དེ་དང་མཉམ་དུ་ཁོའི་ཉལ་ཁང་ལ་ལོག་སོང་། ཁོའི་རྣམ་འགྱུར་དེས་ངའི་སེམས་པ་ཡོངས་སུ་འཁྲུག་དུ་བཅུག་སོང་། ངོ་མ་དོན་དག་ཅིག་བྱུང་ཡོད་པ་འདྲ། དོན་ངོ་མ་ག་རེ་བྱུང་བ་ཡིན་ནམ། ངས་ཁེར་ལབ་ཅིག་བརྒྱབ་པ་དང་ཞིབ་འདང་བརྒྱག་བཞིན་སློབ་ཕྲུག་ཚོ་ཡོད་སར་སོང་བ་ཡིན། སྐབས་དེར་སློབ་ཕྲུག་རྒན་པ་དག་ཀྱང་ཕྱིར་འབྱོར་སོང་།
ང་རྒན་གྱི་ཁྱིམ་དུ་ཅིག་འགྲོ་དགོས་པ་མིན་ནམ་སྙམ་པ་ན་རླངས་འཁོར་ཁ་ལོ་བ་ཕྱིར་ཡོང་གིན་འདུག ང་མྱུར་དུ་ལྕགས་སྒོ་ཡོད་སར་སོང་ནས་ཁོའི་རྗེས་ཆོད་དུ་བཅུག་པ་ཡིན། ད་དུང་ངས་རྒན་ལགས་ལ་གནས་ཚུལ་ཅི་བྱུང་དྲི་བ་ཡིན། རྒན་གྱི་བུ་ངག་དབང་རྡོ་རྗེ་མདང་ནུབ་ན་འདུག་པས་སྨན་ཁང་དུ་སྐྱེལ་བ་ཡིན། ཡིན་ན་ཡང་ཕན་མ་སོང་། སྨན་ཁང་དུ་སྐར་མ་བཅོ་ལས་མ་བསྡད་པར་བུ་ཤི་སོང་། རྒན་ངེད་གཉིས་ཀྱིས་བེམ་པོ་དུར་ཁྲོད་དུ་སྐྱེལ་ནས་ཡོང་བ་ཡིན། ད་དུང་ཅ་ལག་སྐྱེལ་ནས་ཕྱིར་འགྲོ་དགོས། ངས་ཞོགས་ཇ་ཡང་འཐུང་མེད་པས་བྲེལ་བ་ཟེར།
ད་ནི་བསམ་བློ་གཏོང་བའི་དུས་ཚོད་ཅིག་གཏན་ནས་མིན་པས་ང་ཤར་གྱིས་རྒན་ལགས་ཀྱི་ནང་དུ་སོང་བ་ཡིན། སྒོ་ལམ་ནས་ནང་དུ་འཛུལ་དུས་རྒན་གྱིས་ཁྱིམ་དུ་ཅིག་བཙལ་བཞིན་འདུག ང་ལ་ལས་ཀ་ཅིག་ཐོན་སོང་། ཁྱོད་ཚེ་བརྟན་དང་མཉམ་དུ་སྡོད་ཨ་ཟེར། ཚེ་བརྟན་ནི་ཁོའི་བཟའ་ཟླ་རེད། བུད་མེད་སེམས་བཟང་དང་ཆོས་དད་ཅན་ཞིག་ཡིན། མོ་མཆོད་མེ་འབུལ་བ་ལ་དགའ་བ་དང་ངས་ཀྱང་མོ་ལ་མཆོད་མེའི་ཕན་ཡོན་ཞིག་ཀྱང་བཤད་ཁུལ་བྱས་མྱོང་ཡོད། མོ་ད་དུང་ཉལ་སའི་ནང་ན་འདུག ང་མོ་ཡོད་སར་བཅར་བ་དང་རྒན་མྱུར་དུ་ཕྱི་ལ་འགྲོ་སོང་། ངས་ཀྱང་མོ་ལ་སེམས་གསོ་བྱེད་ཁུལ་བྱས་པ་ཡིན། ཅི་ལྟར་བཤད་དགོས་པ་ཡང་ཤེས་མ་སོང་། གང་ལྟར་ཐུགས་ཁྲལ་མ་གནང་ལབ་པ་ཡིན།
མོ་ཡང་བསམ་ཤེས་ཡིན་པས་མིག་ཆུ་ཐིགས་པ་གཅིག་ཀྱང་ཕྱི་ལ་ཕབ་མ་སོང་། ཡིན་ན་ཡང་སེམས་ཀྱི་སྡུག་བསྔལ་དེ་སུ་ཞིག་གིས་བརྗོད་པར་སྤོབས། རྒན་ཕྱི་ལ་ཐོན་པ་དང་མོས་མདང་ནུབ་ཀྱི་གནས་ཚུལ་ཅི་བྱུང་བརྗོད་འགོ་བཙུགས་སོང་། ཁོ་ཆུ་ཚོད་བརྒྱད་པ་ཙམ་ལ་ཕྱིར་ཡོང་བྱུང་། དེ་བར་དུ་ངས་ཁ་ལགས་མ་ཟས་པར་ཁོ་ལ་སྒུག་ནས་བསྡད་པ་ཡིན། ངེད་གཉིས་ཁ་ལ་ཟས་ནས་ཅུང་མ་འགོར་བར་ཁོ་ཡང་བསྐྱར་ཕྱི་ལ་འགྲོ་སོང་། ངས་ས་རུབ་ནས་གང་དུ་འགྲོ་གི་བསྡད་ཡོད་ལབ་པ་ཡིན། སློབ་གྲྭའི་སྒོ་ཆེན་གྱི་ལྕགས་སྒོ་བརྒྱབ་མི་འདུག སྒོ་སྲུང་སྤོ་བོ་ལགས་ག་བ་འགྲོ་བ་ཡིན་ནམ་ཟེར། ངས་རང་ལ་ཇུས་གཏོགས་ཡོད་མ་རེད། གཡུགས་ཞོག་ལབ་པ་ཡིན།
ཁོ་སོང་ནས་སྒོ་སྲུང་བཙལ་བ་ཡིན། རྙེད་མ་སོང་ཟེར། ཕྱིར་སླེབས་ནས་སེམས་ཁྲལ་མང་བོ་བྱེད་ཀྱིན་འདུག ངས་བཤད་ན་ཁ་ལ་ཉན་གི་མི་འདུག ག་རེ་བྱེད་ན་བྱེད། ང་ནི་ཉལ་གི་ཡིན་ལབ་པ་ཡིན། དེ་ནས་ཁོ་སོང་ནས་སྒོ་ལྕགས་བརྒྱག་གི་ཡིན་ཟེར། ཕྱིར་འགྲོ་སོང་། ཤུལ་དུ་ང་ཉལ་རྩིས་བྱེད་ཀྱིན་ཡོད་སྐབས་ཁོ་ཡང་ཕྱིར་བསླེབས་བྱུང་། སྒོ་ལྕགས་འདུག་ཀྱང་ལྡེ་མིག་མི་འདུག་ཟེར། རྒྱ་གར་ཞིག་གིས་སློབ་སྤྱི་ལ་ཅ་ལག་ཅིག་སྐྱེལ་སོང་། དེ་ག་རེ་ཡིན་ནམ་ཟེར། སྒོ་སྲུང་དང་ཁོ་ཚོས་སྐད་ཆ་བཤད་ཡོད་རེད། སྒོ་མ་བརྒྱབ་པའི་རྒྱུ་མཚན་ཡང་དེ་རེད་ལབ་པ་ཡིན། ཁོ་ཚུར་ཉལ་སར་བསླེབས་དུས་ངའི་སེམས་ལ་འཇིགས་སྣང་ཅིག་བྱུང་། དེ་ནི་ནམ་རྒྱུན་དང་མི་འདྲ་བར་ཁོ་དང་མཉམ་དུ་མི་གཞན་ཞིག་ཡོད་པའི་སྣང་བ་སྟེར།
ཁྱོད་གང་ནས་ཡོང་བ་ཡིན། ཁྱོད་ལ་རོགས་པ་ཞིག་འདུག སུ་རེད་ལབ་པ་ཡིན། ཁོས་ཅི་ཡང་མེད། ང་གཅིག་པུ་ཡིན་ཟེར། ཁང་བའི་ནང་འཇིགས་རྔམ་དུ་གྱུར། ནང་ནས་ཕར་ལྟར་ཚུར་ལྟ་ཡང་ཡང་བྱེད་དགོས་པ་ཞིག་ཏུ་གྱུར། ཁོ་ཡང་དོགས་མ་བདེ་བ་ཞིག་ཏུ་གྱུར་སོང་། ཁོས་ཁ་ནས་ཅང་ལབ་མ་སོང་། ཡིན་ན་ཡང་ཁོ་ལ་ཡང་འཇིགས་སྣང་དེ་བྱུང་ཡོད་ངེས་ཡིན། ངའི་སྐྲ་ཡང་གཟེངས་ནས་ལངས་ཡོང་གིན་འདུག ཁྱིམ་ལ་གཟུགས་མེད་ཅིག་ཏན་ཏན་བསླེབས་བྱུང་། ཁང་བའི་ནང་ཡོངས་སུ་གྲིབ་ནག་ཞིག་གིས་བཀབ་པའི་སྣང་པ་སྟེར། ནང་གི་ཁ་དབུགས་དེ་ཡང་འགྱུར་བ་འཐེབས་སོང་། བར་སྒོ་དེ་བརྒྱབ་ནས་ཤོག དོ་དགོང་གནས་ཚུལ་ཡག་རྟགས་མི་འདུག་ལབ་པ་ཡིན། ཁོ་ཕྱི་སྒོ་བརྒྱག་གི་འགྲོ་སོང་། སོང་ཤུལ་ཏུ་མི་གཟུགས་མེད་སྟོབས་ཆེན་ལག་པ་ཡང་ཆེན་པོ་ཅན་ཞིག་གིས་ང་ལ་འགྲམ་ལྕག་ཞུས་སོང་། འགྲམ་ལྕག་ཐེངས་གཅིག་ཞུས་པ་དེས་ང་ཉལ་ཁྲི་ཟུར་ལ་གཡུགས་སོང་། ངའི་སེམས་ལ་གློ་བུར་དུ་དྲན་པ་ནི་བུ་ཡིན། ངག་དབང་རྡོ་རྗེ་ལ་འཐམ་རྩིས་ཀྱིས་ཡར་ལངས་རྩིས་བྱས་ཀྱང་ལངས་ཐུབ་ཀྱི་མི་འདུག སྐབས་དེར་དངོས་གྲུབ་ཁོ་ཕྱིར་སླེབས་བྱུང་།
ཁོས་སྐད་ཅོར་བརྒྱག་གིན་ང་ལ་འཇུས་ནས་ཡར་ལངས་དུ་བཅུག་སོང་། ཁྱོད་ལ་ག་རེ་བྱུང་སོང་ཟེར་ནས་འདྲི་བཞིན་འདུག ངས་རང་གི་འགྲམ་པ་ཁོ་ལ་བསྟན་ནས་ང་ལ་མི་ཞིག་གིས་འགྲམ་ལྕག་ཞུས་སོང་ལབ་པ་ཡིན། འགྲམ་ལྕག་ཞུས་པའི་ཤུལ་གསལ་བོར་འབུར་ནས་ཡོད་རེད། ངའི་འགྲམ་པ་གཉིས་ཆེ་ཆུང་ཡོད་པའི་སྣང་བ་སྟེར། ངས་ལག་བརྙབས་ཅིག་བྱས་ཚེ་དངོས་གནས་འགྲམ་པ་གཉིས་ཆེ་ཆུང་འདུག ཡིན་ན་ཡང་རང་གི་བུ་ལ་ཅི་ཡང་བྱས་མེད་པས་དགའ་ཚོར་བྱུང་། འགྲིག་པ་རེད། ད་ཉལ་རོགས་ལབ་པ་ཡིན། ཁོས་ང་ཉལ་སར་སྙལ་བ་དང་བསྙེས་འབོལ་འོག་ན་གྲི་རིང་ཞིག་ཡོད་པ་ཕྱར་ནས་ཕྱི་ལ་བརྒྱུགས་སོང་། ཁོས་ཀི་ལྡིར་བྱེད་བཞིན་ཁང་བའི་གཡས་གཡོན་ན་རྒྱུག་གིན་ཡོད་པ་ངས་ནང་ནས་ཉན་ན་གོ་གི་འདུག
ཕྱི་ནས་གནས་ཚུལ་ཅི་བྱུང་ངས་ཤེས་མ་སོང་། ཁོ་ཁུ་སིམ་མེར་ཡོང་ནས་ཉལ་སོང་། བུ་དཀྱིལ་ལ་སྙལ་བ་དང་ངེད་གཉིས་གཡས་གཡོན་གྱི་མཐའ་ནས་ཉལ་ཡོད། མཚན་གུང་ཞིག་ལ་བུ་ཆང་གིས་དབུགས་ལེན་ཐུབ་ཀྱི་མི་འདུག སྣ་ནང་ནས་ཕུ་ཕུ་ཟེར་གྱིན་འདུག ངས་མྱུར་དུ་གློག་སྦར་ནས་བལྟས་བ་ན་ངག་དབང་རྡོ་རྗེ་ནི་འགུལ་མེད་དུ་གྱུར་འདུག རྒན་ཡང་སད་ནས་ཁོ་ལ་ཅི་བྱུང་བ་རེད་ཟེར། ངས་ག་ལ་ཤེས། ངའི་བུ་བརླགས་ཚར་སོང་ཟེར་ནས་ངས་ངུ་ཤད་བརྒྱབ་པ་ཡིན། ཁ་ལོ་བ་ལ་ཁ་པར་བཏང་ནས་མྱུར་དུ་སྨན་ཁང་ལ་འཁྱེར་རོགས་ལབ་པ་ཡིན། ཁ་ལོ་བ་སྙིང་རྗེ། ཁོ་ཡོང་ནས་སྨན་ཁང་ལ་སྐྱེལ་བ་རེད། མོའི་སྐད་ཆ་དེར་ང་ཡིད་ཆེ་བྱུང་། དེ་འདྲའི་གནས་ཚུལ་བྱུང་བ་ངས་མཐོང་བ་ཐེངས་དང་པོ་མིན། ངོ་མ་སྙིང་རྗེ་བ་ཞིག་རེད། འགྲམ་ལྕག་ཞུས་པའི་རྗེས་ཤུལ་ད་དུང་ཡང་དམར་ཧར་རེ་ཆགས་འདུག
ཆུ་ཚོད་དྲུག་པ་ཙམ་ལ་ཁོ་ཕྱིར་སླེབས་བྱུང་། ང་ལ་གསང་བ་བྱེད་རྩིས་ཡོད་རེད། བུ་གང་དུ་ཡོད་དྲིས་པ་ན་སྨན་ཁང་དུ་ཡོད་ཟེར། ངས་ཧ་གོ་གི་རེད། ཁོའི་ངོ་མདངས་ནས་ཧ་གོ་ངེས་རེད། བུ་སྨན་ཁང་དུ་ཡོད་ན་ཁོ་མྱུར་དུ་ཕྱིར་ཡོང་གི་མ་རེད། དེ་ནས་ངས། ངས་ཧ་གོ་སོང་། རང་རྒྱུགས། བུ་སྨན་ཁང་དུ་བཞག་ན་ཡོང་གི་མ་རེད། དུར་འཇུག་ཡག་པོ་ཞིག་བྱེད་རོགས། ང་ལ་སྐྱེས་པ་བུ་དེ་གཅིག་པུ་ཡིན། སྐུ་ཞོགས་བདེན་འདྲེན་ཞུས་ནས་སྨོན་ལམ་ཡག་པོ་གསུང་དུ་འཇུག་རོགས་ལབ་པ་ཡིན། མོས་སྐད་ཆ་བཤད་ནས་མཚམས་འདིར་སླེབས་དུས་ངའི་མིག་མཐའ་ལ་ཡང་མཆི་མ་ཞིག་ངང་གིས་འཁོར། བྱིས་པ་སྙིང་རྗེ་བོ་དེ་ངོ་ཡང་ཤེས་ཀྱི་ཡོད་པས་སེམས་ནས་མི་བཟོད་པ་ཞིག་འདུག
ངས་ཀྱང་སྨོན་ལམ་ཚིག་བཞི་ཞིག་བཏོན་ན་ཅི་ལ་མི་འགྲིག ངས་ལག་མགོ་ནས་ཕྲེང་བ་ཕུད་པ་དང་སྐྱབས་སེམས་ཀྱིས་འགོ་བཟུང་། ཞིང་གི་མཐུ་ལ་རྒྱབ་བརྟན་བཅོལ་བཞིན་ལམ་ལ་ཆས། ང་དུར་ཁྲོད་ལ་ཐོན་དུས་བེམ་པོ་མེ་ལ་བསྲེགས་པའི་གྲ་སྒྲིག་བྱས་ཚར་འདུག་ལ། གྲྭ་བ་བཞི་ཡོང་ནས་སྨོན་ལམ་གྱི་མགོ་ཡང་བཙུགས་ཙམ་རེད། རྒན་དངོས་གྲུབ་ཀྱིས་ང་མཐོང་བ་དང་མིག་ཆུ་བཞུར་འགོ་བཙུགས་སོང་། མིག་ཆུ་ནི་ཡུར་ཆུ་ལྟར་རྒྱུན་ཆད་མེད་པར་བཞུར་སོང་། རྗེས་སུ་ཡང་ཁོས་ཁ་སྣ་ལག་པས་བཀབ་ནས་ལྐོག་ཏུ་ངུ་བཞིན་འདུག་པ་ངས་མཐོང་བྱུང་། ཁོ་ལ་ཁག་ཡོད་མ་རེད། ཁོ་ལ་བུ་དེ་གཅིག་གོ་མ་གཏོགས་མེད། དེ་ཡང་འདྲེ་ཡིས་བསད་པ་རེད། སུས་བཤད་ན་ཡང་ཁོ་ལ་བདེན་ཁ་སྟེར་ངེས་ཡིན།
དུར་འཇུག་བྱས་ཚར་བ་དང་གདན་དང་ཇ་ཕོར་འགའ་ཡོད་པ་རླངས་འཁོར་ལ་བླུགས་ནས་ཕྱིར་ལོག་པ་ཡིན། ལམ་བར་ནས་ང་ལ་དྲི་བ་མང་ཡང་སྟབས་བདེ་མིན་པས་འདྲི་མ་ཕོད། གང་ལྟར་ང་སྨོན་ལམ་འདོན་དུ་ཡོང་བ་དེར་ཁོ་དགའ་འདུག ངའི་ལག་མགོ་ནས་འཇུས་ཏེ་ཡང་ཡང་བསྡམས་པ་དང་ཁ་ནས་ཐུགས་རྗེ་ཆེ་ལབ་ཡོང་གིན་འདུག ཡིན་ཡང་ངའི་སེམས་ན་ནོངས་འགྱོད་ཅིག་ལྷག་ཡོད། དེ་ནི་ངའི་གྲོད་ཁོག་ལྟོག་དུས་ཚེ་བརྟན་ཡིད་ལ་འཁོར་བ་དང་ངས་མོ་ལ་ནངས་ཇ་ལྡུད་རྒྱུ་བརྗེད་པ་དེ་རེད། མོ་ཉལ་ས་ནས་ལངས་ཐུབ་ཀྱི་ཡོད་མ་རེད། ངས་མོ་ལ་ཇ་ཞིག་བསྐོལ་ནས་བླུད་བཞག་ན་སྐྱོན་ག་རེ་ཡོད་རེད། ངོ་མ་ང་མི་བཅོལ་ཆུང་ཞིག་རེད།
ཕྱིར་ཡོང་བ་དང་རྒན་དངོས་གྲུབ་དང་ལག་པ་སྔ་ཕྱི་རྩད་ནས་ངས་མྱུར་དུ་གློག་ཐབ་སྦར་ནས་ཇ་བསྐོལ་མགོ་བཙུགས་པ་ཡིན། དེ་ནི་ངས་རང་གི་འགྱོད་པ་དེ་སེལ་བའི་ཆེད་དུ་ཡིན། སློབ་གྲྭ་འདིར་ཟ་མ་བཟོ་ན་ངའི་ལག་རྩལ་གྱི་མཐོ་ཞིག་མེད། དེས་རྐྱེན་གྱིས་ཁོ་གཉིས་ཀྱི་ངའི་ཞོགས་ཇ་ཡང་ཁས་མི་ལེན་ཐབས་མེད་རེད། རྒན་གྱིས་ཚེ་བརྟན་གྱིས་གདོང་བ་ཁྲུས་པར་བཅུག་པ་དང་ཉལ་ཆས་སོགས་བལྟེབས་ནས་ནང་གཙང་མ་བཟོས་སོང་། བར་དེར་ངས་ཀྱང་བགས་ལེབ་འགའ་བསྲེགས་པ་དང་ཞོགས་ཇ་འཚག་དུ་བཅུག་པ་ཡིན། ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཡོལ་ཟིན་པས་སློབ་གྲྭར་དགོངས་པ་ཡང་ཞུ་དགོས། སྐྱོན་ཡོད་མ་རེད། ང་ཚོས་ཞོག་ཇ་འཐུང་ཞོར་སླར་ཡང་མདང་ནུབ་ཀྱི་སྐོར་གླེང་བ་ཡིན། རྒན་དངོས་གྲུབ་ཀྱིས་བཤད་དོན།
ད་ནངས་རླངས་འཁོར་སྐོར་དུས་ཀྱང་ང་རྣམ་རྟོག་ཟ་བྱུང་། གང་ཡིན་ཟེར་ན་ཁ་ལོ་བས་རླངས་འཁོར་གྲོང་ཁྱེར་བརྒྱུད་ནས་ལམ་ཆེན་ནང་མི་སྐོར་བར་རི་སྒང་དེ་དེད་ནས་དུར་ཁྲོད་ཀྱི་སྒོ་ལམ་ནས་འགྲོ་སོང་། དུར་ཁྲོད་དེའི་སྒོ་ལམ་ལ་སླེབས་དུས་མ་གཏོགས་ངས་ཤེས་མ་སོང་། དུར་ཁྲོད་ཀྱི་སྒོ་ཆེན་དེ་ངའི་མིག་ལམ་ལ་ཤར་ཡོང་གིན་འདུག ང་རྣམ་རྟོགས་ཟ་སོང་ལ་ཁྲོང་ཁྲོ་ཡང་ལངས་སོང་། ཡིན་ན་ཡང་ཁ་ལོ་བ་ལ་ཁག་ཡོད་མ་རེད། ཁོས་སྨན་ཁང་ལ་གང་མགྱོགས་ཐོན་ན་བསམ་པ་རེད། དེས་རྐྱེན་གྱིས་ལམ་ཆེན་མ་དེད་པར་ཉེ་ལམ་བརྒྱུད་པ་རེད། གྲོང་ཁྱེར་ནང་སྐོར་ན་ཡང་ཞོགས་པ་སྔ་བོ་ཡིན་པས་ལམ་ན་འཚང་ཁ་དེ་ཙམ་ཡོད་མ་རེད།
དེས་ན་ཁྱེད་རང་མདང་དགོང་ཡར་འགྲོ་མར་འགྲོ་མང་བོ་བྱས་པ་འདྲ། དེ་ག་འདྲ་རེད་དམ། རེད། དེ་འདི་འདྲ་རེད། ང་སྒོ་ཆེན་བརྒྱག་གི་སོང་དུས་རྒྱ་གར་ཞིག་གིས་སློབ་སྤྱིའི་ཁང་བ་གང་རེད་ཟེར་ནས་དྲིས་སོང་། ངས་ལྔ་ཐོག་གི་རྩེ་ན་ཡོད་རེད་ལབ་པ་ཡིན། ཁོ་འོག་ཞོལ་གྱི་སྐས་འཛེག་བརྒྱུད་ནས་འགྲོ་སོང་། ལམ་ཁ་དེ་སྟབས་བདེ་རང་མ་རེད་བསམ་ཡང་ཅང་བཤད་མེད། ཁོ་འཛིན་ཁང་གི་སྦུགས་ནས་ནག་ཁུང་དེ་བརྒྱུད་ནས་སོང་ཡོད་རེད། ཕྱི་སོང་ཡོད་མེད་ངས་བརྗེད་པ་རེད། གདོན་འདྲེ་དེས་ང་ཞེད་སྣང་བསྐུལ་སོང་།
ཐེངས་གཉིས་པའི་སྐབས་སུ་ཉལ་ཁང་གི་ལྟག་རྒྱབ་ཀྱི་གློག་ཞུན་དེ་ཡང་སྤེར་འདུག དེའི་འོག་ན་མི་ཞིག་འགྲོ་སོང་། དེ་ནི་ཁང་སྲུང་བ་སྤོ་བོ་ཉི་མ་ཡིན་པ་འདྲ། ང་དེར་སོང་བ་ན་ཅི་ཡང་མཐོང་ཡ་མི་འདུག དེའི་འཁྲིས་ཀྱི་བར་ཐོག་ལ་འགྲོ་སའི་གློ་སྒོ་དེ་ཡང་བརྒྱབ་མི་འདུག དེ་ནས་བར་ཁྱམས་ལ་བུད་ནས་ལྟ་དུས་འཛིན་ཁང་ལ་འགྲོ་སའི་སྒོ་ཚང་མ་ཡང་ཕྱེས་འདུག ངོ་མ་ཡ་མཚན་རེད། ཁང་བའི་སྦུགས་ཀྱི་སྐས་ལམ་དེ་ནི་ནག་ལྡིབ་རེད།
ངས་ནག་ལམ་དེ་དེད་ནས་ཡར་འགྲོ་དུས་ངའི་མདུན་གྱི་རྡོ་སྐས་ཁ་ན་དཀར་ལམ་པ་ཞིག་ལངས་ནས་འདུག གཟུགས་པོ་ཧ་ཅང་རིང་བས་ཁང་བའི་ངོས་ལ་ཐུག་འདུག མགོ་ཆེན་པོ་འཇིགས་སུ་རུང་བ་ཞིག་རེད། དེ་མཐོང་ནས་ང་ཞེད་སོང་། ལྟས་ངན་དེས་ངའི་ཁ་ནས་ཝ་ཟེར་ནས་སྐད་ཡང་ཤོར་དུ་བཅུག་སོང་། ཁོ་ད་དུང་བརྒྱུགས་ཡོང་ནས་ང་ལ་འཐམས་སོང་། ངའི་སེམས་ལ་དེ་རིང་གདོན་འདྲེ་ཞིག་དང་ཐུག་སོང་སྙམ། དེ་ནས་ངས་ཅི་ཡང་དྲན་གི་མི་འདུག ངས་དྲན་པ་སོས་དུས་ང་ཁང་བའི་རྒྱབ་ཀྱི་གློག་སྒྲོན་འོག་ལ་བཞག་འདུག ད་དུང་སློབ་ཕྲུག་ཚོས་མཐའ་ནས་སྐོར་འདུག་པས་ངོ་ཡང་ཚ་སོང་། རྒྱ་གར་བ་དེ་འདྲ་ཞིག་འགྲོ་བཞིན་པ་སྔར་ནས་ངས་མཐོང་ཡོད། སྐབས་དྲན་པ་བརྗེད་བྱ།
དེ་ན་ཁྱོད་གཉིས་མདང་ནུབ་བཟའ་འཁོན་བྱས་མེད་དམ། འདི་བ་ནས་སྐད་མང་བོ་བརྒྱབ་སོང་ཟེར། འགའ་ཤས་ཀྱིས་ཁྱོད་གཉིས་འཁོན་བཞིན་ཡོད་པ་ཚོར་འདུག དེ་ནས་ཚེ་བརྟན་གྱིས་བཤད་དོན། ང་ལ་གདོན་འདྲེ་དེས་ཞུས་པའི་རྗེས་ནས་རེད། ངའི་འགྲམ་པ་སྐྲངས་ནས་ཁ་ཡང་གྲགས་ཐུབ་ཀྱི་མི་འདུག ངས་ཁོ་ཉལ་རོགས་བྱས་ན་བསམ་སོང་། དངོས་གྲུབ་ཁོ་སྡོད་མི་ཚུགས་པར་བར་སྐབས་ཞིག་ནས་ཁོས་གྲི་རིང་དེ་བཟུང་ནས་སྐོར་རྒྱུག་བྱས་སོང་། ང་དངོས་གྲུབ་ཕོ་ཁྱོ་ག་ཡིན། གདོན་འདྲེ་ཡོད་ན་ཤོག་ཟེར། ཁོའི་གྲི་དེར་ཁ་ཡོད་མ་རེད། ཁོའི་ཕ་རྒན་གྱིས་འཁྱེར་ཡོང་བའི་བོད་གྲི་བཙའ་སྟུག་དེ་འདྲ་རེད། བེད་སྤྱོད་མ་བྱས་པར་ལོ་བཞི་བཅུ་ལྔ་བཅུ་འགྲོ་གི་ཡོད་རེད། དེ་འདྲའི་གྲི་ཞིག་གིས་རང་སྲུང་བྱེད་ཐུབ་ཡ་ཡོད་རེད་པས་ཟེར།
ངོ་མ་བདེན་ནི་རེད། གྲི་དེ་ངས་ཀྱང་མཐོང་མྱོང་། ང་ཚོའི་སྐད་ཆ་དེ་འཕྲོས་ནས་ཕྱོགས་གཞན་ཞིག་ལ་འགྲོ་གྲབས་འདུག་ལ་ང་ཡང་འཛིན་གྲྭ་ལ་འགྲོ་རན་སོང་། གང་ལྟར་ཁོ་གཉིས་བཟའ་འཁོན་མི་བྱེད་པར་ང་ལ་ཡིད་ཆེས་ཡོད། གང་ཡིན་ཟེར་ན་ཚེ་བརྟན་ནི་བུ་མོ་ཀུན་མཐུན་ཞིག་ཡིན་ལ་དངོས་གྲུབ་ལ་མཚོན་ན་མོ་ལ་རྙོག་གྲ་བཟོ་བའི་བློ་སྟོབས་དེ་མེད། ང་དང་འགྲོགས་ནས་ལོ་ལྔ་ཙམ་སོང་ཡང་ཁོ་གཉིས་ཀྱིས་ཕན་ཚུན་ལ་ཚིག་རྩོད་ཙམ་བྱེད་ཀྱིན་ཡོད་པ་ངས་མཐོང་མ་མྱོང་། དེ་མིན་དགེ་ལས་གཞན་ཚོའི་འཐབ་རྩོད་ནི་མངོན་ལྐོག་ཅི་རིགས་ན་མེ་ལྟར་འབར་བཞིན་ཡོད་ལ་ཆུ་ལྟར་ཁོལ་གྱིན་ཡོད། དེ་རིང་ཉིན་གུང་གི་སློབ་ཐུན་གྲོལ་རྗེས་ཆུ་ཚོད་གསུམ་དང་ཕྱེད་ཀར་བསླེབས་པ་དང་སློབ་ཕྲུག་ཚོས་ཇ་འཐུང་མགོ་བརྩམས་སོང་། ཇ་འཐུང་ཚར་རྗེས་་་་་་་་་་།
ངས་ཀྱང་བརྗེད་ཐོ་འདི་འབྲི་མགོ་བརྩམས་པ་ཡིན། ་་་་་་་་
(རྒན་གྱི་བུ་ངག་དབང་རྡོ་རྗེ་མདང་ནུབ་ན་འདུག་པས་སྨན་ཁང་དུ་སྐྱེལ་བ་ཡིན། ཡིན་ན་ཡང་ཕན་མ་སོང་། སྨན་ཁང་དུ་སྐར་མ་བཅོ་ལས་མ་བསྡད་པར་བུ་ཤི་སོང་། རྒན་ངེད་གཉིས་ཀྱིས་བེམ་པོ་དུར་ཁྲོད་དུ་སྐྱེལ་ནས་ཡོང་བ་ཡིན།)
སྐུ་ཞབས་དགེ་འདུན་རྒྱ་མཚོ་ལགས། གོང་གི་ཚིག་དུམ་འདི་ལ་བལྟས་ན་ཁྱེད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ཤེས་སྤྱིར་བཏང་བ་འདི་འདྲ་ལ་ཡང་དོ་སྣང་མ་བྱུང་བ་ཡ་མཚན་པོ་རེད། བོད་བརྒྱུད་ནང་བསྟན་གྱི་འདས་མཆོད་སྒྲུབ་སྟངས་ཐད་ལ་མི་ཤི་མ་ཐག་ཏུ་ཕུང་པོ་དུར་ཁྲོད་དུ་འཕེན་སྲོལ་མེད་པ་རེད། དེའི་ནང་ནས་ཉེ་སྔོན་དགེ་འདུན་རྒྱ་མཚོ་ཟེར་བ་ཞིག་གིས་དྲ་ཐོག་འདིར་གསང་སྔགས་ཆོས་ལུགས་ལ་དད་ཚུལ་གསུངས་སོང་བས་གསང་སྔགས་ཆོས་ལུགས་ཀྱི་ཡིད་ཆེས་ལ་དེ་གནད་འགག་ཆེན་པོར་བརྩི་སྲོལ་ཡོད་བསམ། དེ་ཡང་སྤྱིར་མིའི་ཕྱི་དབུགས་དང་ནང་དབུགས་ཆད་མེད་ན་མི་བསད་པའི་ཉེས་པ་འབྱུང་བ་དང་། མིའི་ལུས་ལ་སྲིན་བུ་མང་པོ་ཡོད་པས་དེ་དག་རིམ་གྱི་ཤི་དགོས་པས་སྲིན་བུ་མང་པོ་བསད་པའི་ཉེས་པ་འབྱུང་ཚུལ། ལྷག་པར་ཡི་དམ་གྱི་དབང་བསྐུར་བ་ཐོབ་པའི་མིའི་ལུས་ནི་ལྷིའི་དཀྱིལ་འཁོར་ཡིན་པས་དཀྱིལ་འཁོར་བཤིག་པ་སྟེ་ཡི་དམ་གྱི་ལྷ་བསད་པའི་ཉེས་པ་འབྱུང་ཚུལ་སོགས་བཤད་རྒྱུ་གཏམ་རྒྱུ་འཇིགས་སུ་རུང་བ་མང་པོ་དེ་ཚོ་བོད་མིས་སྣང་ཆུང་ལ་འཇོག་གི་མ་རེད་བསམ། མ་མཐའ་ཡང་ཞག་གསུམ་ལ་ཕུང་པོ་གཅེས་སྤྲས་ཀྱིས་ཉར་སྲོལ་ཡོད་བསམ།
སྤོབས་པ་མཐའ་ཡས་ལགས།
ཕེབས་པ་ལེགས།
ཁྱེད་ཀྱིས་གསུངས་པ་དེ་ཡག་པོ་འདུག བོད་པ་དང་ནང་པའི་ལྟ་གྲུབ་ཡིན་མིན་ཅི་ལྟར་ཡང་དེ་ཁྱོད་ཀྱི་བསམ་ཚུལ་ཙམ་རེད། ཡིན་ཡང་ཁྱོད་དང་ང་གཉིས་ཀྱི་བསམ་ཚུལ་གཅིག་པ་ཡིན་པས་ངས་ཁྱེད་ལ་རྒྱབ་སྐྱོར་བྱས་ཆོག
ཡིན་ཡང་དེ་སང་གི་བོད་པ་ལ་ཆོས་དད་ཡོད་པའི་ངེས་པ་མེད་ལ་ཆོས་ལུགས་དང་འབྲེལ་བའི་བྱ་བ་དེ་ཚོ་མིག་མང་ལ་འཇོག་མིན་ཧ་གོ་གི་མ་རེད། དཔེར་ན་ཁྱེད་རང་ཡང་ནང་ཆོས་ལ་སྦྱང་ཁུལ་བྱས་མྱོང་བའི་སྐལ་ཆ་རེད། ཆོས་ལ་དམའ་འབབ་ག་ཚད་བཏང་སོང་། ལྷ་དང་མི་བསད་པའི་ཉེས་པ་གླེང་བ་ཅུང་ངོ་མནོངས་དགོས་པའི་ཚོད་མ་རེད་དམ།
ཁྱེད་པར་དུ་རྒན་དངོས་གྲུབ་ནི་ཆོས་ལ་དད་མཁན་ཞིག་མིན་ཞེས་ངས་དང་པོ་ནས་ངོ་སྤྲོད་བྱས་ཟིན་པ་ཡིན། མི་དེ་འདྲ་ཞིག་གིས་བོད་པའི་ཡུལ་སྲོལ་དང་གོམས་གཤིས། ནང་ཆོས་ཀྱི་བྱེད་སྒོ་སོགས་གང་ཡང་ཤེས་གི་མ་རེད། ཉིན་བདུན་དང་ཉིན་གསུམ་གྱི་སྐད་ཆ་ཡོད་མ་རེད། ཡིན་ན་ཡང་ཁོས་སྨོན་ལམ་གསུངས་དུ་བཅུག་པ་སོགས་ལད་མོ་ཙམ་བྱེད་ཀྱི་ཡོད་རེད། དེ་ཡང་སྐྱེ་མན་གྱི་འདོད་པ་སྐོང་བ་ཙམ་རེད།
རྒན་དངོས་གྲུབ་ཀྱི་འདྲེ་ཁས་མ་བླངས་པ་དེར་རྒྱུ་མཚན་ཡང་དག་མེད། དེས་རྐྱེན་ཀྱིས་ཁོས་སྔར་འདྲེ་ཁས་མ་བླངས་པ་དེ་ཕྱིས་སུ་ཁས་མ་ལེན་རང་ལེན་ཆགས་པ་རེད། ཁོའི་སྐོར་ལ་ང་ད་དུང་བཤ་རྒྱུ་མང་། ཁོ་དང་གསོན་པོར་བསྡད་ཡོད་པ་དང་ངེད་གཉིས་ངོ་ཤེས་ཡིན་པས་ངས་ཚང་མ་ལབ་ཐུབ་ཀྱི་མི་འདུག ཡིད་མི་ཆེས་ན་ཁོའི་སྐོར་ལ་ཁྱོད་ཀྱི་རྩད་གཅོད་གནང་རོགས། ངས་ཁྱེད་ལ་མཐུན་འགྱུར་བྱས་ཆོག་
སྤོབས་པ་ལགས།
ཁྱེད་ཀྱིས་སྒྲུང་འདིར་དོ་སྣང་གནང་བར་ངས་ཐུགས་རྗེ་ཆེ་ཞུ་བ་ཡིན།
དེ་སང་བོད་ཡིག་ཀློག་མཁན་བྱུང་བ་ཙམ་གྱིས་ང་ལ་དགའ་སྤྲོ་སྨྲ་མི་ཤེས་པ་ཞིག་སྐྱེས་ཡོང་གིན་འདུག
ཡིན་ཡང་་་སྒེའུ་ཁུང་ཕྱེས་ཏེ་ཕྱི་ལ་ལྟད་མོར་ལྟ་བ་ལས་་་་སྒོ་ནང་ནས་ནང་ལ་འཁོར་ནས་ངུ་མཁན་དེའི་རིགས་ལ་ང་མི་དགའ་ལགས།
ཆོས་དད་ཡོད་མེད་གང་ལྟར་རང་མི་ཞིག་ཤི་མ་ཐག་ནས་ཕུང་པོ་གད་སྙིགས་འཕེན་འཕེན་བྱེད་མཁན་ཞིག་བོད་མིའི་ནང་ན་ག་ལ་ཡོད། ཆོས་དད་མེད་མཁན་ཚོ་ནི་རོ་ལ་དེ་ལས་ཀྱང་ཞེན་ཆགས་ཆེ། ཁྱེད་ཀྱིས་སྒྲུང་དུ་བྲིས་པ་དེ་ངོ་མ་རྣ་བར་མི་འགྲོ་བ་ཞིག་རེད།
ok
སྤོབས་པ་ལགས
གོང་གི་ཚིག་དུམ་འདི་ལ་བལྟས་ན་ཁྱེད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ཤེས་སྤྱིར་བཏང་བ་འདི་འདྲ་ལ་ཡང་དོ་སྣང་མ་བྱུང་བ་ཡ་མཚན་པོ་རེད། བོད་བརྒྱུད་ནང་བསྟན་གྱི་འདས་མཆོད་སྒྲུབ་སྟངས་ཐད་ལ་མི་ཤི་མ་ཐག་ཏུ་ཕུང་པོ་དུར་ཁྲོད་དུ་འཕེན་སྲོལ་མེད་པ་རེད། ་
སྦོབས་པ་ལགས།
ཡིན་ཡང་རྒན་དངོས་གྲུབ་ཀྱིས་ཕངས་བཞག་པ་རེད།
སྤོབས་མཐའ་ལགས།
མི་ཞིག་ཤི་མ་ཐག་ནས་ཕུང་པོ་གད་སྙིགས་འཕེན་འཕེན་བྱེད་མཁན་་་་་་དེ་ང་མ་རེད། རྒན་དངོས་གྲུབ་རེད་ལགས།
རྒན་དངོས་གྲུབ་ཀྱིས་དེ་འདྲ་བྱས་མེད་ན་ང་ལ་བཤད་ཡ་ག་རེ་ཡོད། འབྲི་ཡ་ག་རེ་ཡོད།
ཁོང་གིས་བཀའ་དྲིན་གྱིས་ངས་འདིར་འདི་འདྲ་རྒྱུ་བྱུང་བ་རེད།