ཀླུ་རྒྱལ་འབུམ།
མ་ཎིའི་དབྱངས་ལ་དགའ་བའི་སེམས་པ་ཞིག།
ངུར་སྨིག་གོས་ལ་དུངས་པའི་བག་ཆགས་ཤིག།
མ་ལོའི་འོ་མར་རྔམ་པའི་ཞེན་ཆགས་ཤིག།
བུ་ང་སྐྱེས་རྗེས་བྱུང་བའི་གཏམ་རྒྱུད་ཡིན།།
མ་ལོའི་རྨོངས་པས་དད་པའི་མིག་ཆུ་ཞིག།
ཕ་ལོས་རྟོགས་པའི་སྣང་པ་དྭངས་མ་ཞིག།
སྤུན་གྱི་མཛའ་བརྩེ་ཟབ་པའི་དུས་སྐབས་ཤིག།
བུ་ང་སྐྱེས་རྗེས་བྱུང་བའི་གཏམ་རྒྱུད་ཡིན།།
ཆོས་སྒོ་སླར་ཡང་ཕྱེས་པའི་དུས་ཆེན་ཞིག།
བླ་མ་ཁྲི་ལ་བཀོད་པའི་མཛད་སྒོ་ཞིག།
དགེ་འདུན་འདུས་པ་འཚོགས་པའི་སྐལ་བ་ཞིག།
བུ་ང་སྐྱེས་རྗེས་བྱུང་བའི་གཏམ་རྒྱུད་ཡིན།།
ལང་ཚོ་དར་ལ་བབས་པའི་དུས་སྐབས་ཤིག།
གསུམ་ལྡན་བླ་མར་མཇལ་བའི་གོ་སྐབས་ཞིག།
རབ་བྱུང་སྡོམ་པ་ལེན་པའི་རྟེན་བཟང་ཞིག།
བུ་ང་སྐྱེས་རྗེས་བྱུང་བའི་གཏམ་རྒྱུད་ཡིན།།
གཞུང་ལུགས་བརྡར་ཤ་གཅོད་པའི་ཤེས་རབ་ཅིག།
གདམས་ངག་ཉམས་སུ་ལེན་པའི་བློ་སྟོབས་ཤིག།
འདུལ་ཁྲིམས་གཡག་རྔ་སྲུང་བའི་དམ་བཅའ་ཞིག།
བུ་ང་སྐྱེས་རྗེས་བྱུང་བའི་གཏམ་རྒྱུད་ཡིན།།
ཉི་མ་གཟའ་ཡིས་བཟུང་བའི་ལོ་རྒྱུས་ཤིག།
ཟླ་བ་སྤྲིན་གྱིས་བསྒྲིབས་པའི་དུས་ངན་ཞིག།
བོད་ཁམས་མུན་པས་གཡོགས་པའི་མྱ་ངན་ཞིག།
བུ་ང་སྐྱེས་རྗེས་བྱུང་བའི་གཏམ་རྒྱུད་ཡིན།།
རྒྱལ་ཁམས་རིག་པས་བསྐོར་བའི་དུས་སྐབས་ཤིག།
ཏཱ་ལའི་བླ་མར་མཇལ་བའི་སྐལ་བཟང་ཞིག།
སྐད་ཡིག་གཉིས་པར་སྦྱོང་བའི་གོ་སྐབས་ཤིག།
བུ་ང་སྐྱེས་རྗེས་བྱུང་བའི་གཏམ་རྒྱུད་ཡིན།།
ཕོ་མོའི་བརྩེ་དུངས་འཁྲབ་པའི་ལེ་ཚན་ཞིག།
མི་ཚེ་མཉམ་དུ་སྐྱེལ་བའི་བཟའ་ཚང་ཞིག།
ཤ་ཁྲག་རུས་ལས་མཆེད་པའི་བུ་མོ་ཞིག།
བུ་ང་སྐྱེས་རྗེས་བྱུང་བའི་གཏམ་རྒྱུད་ཡིན།།
ས་མཐའི་སྐྱོ་གར་ཀློང་ནས་མྱ་ངན་ཞིག།
ཕ་ཡུལ་དྲན་ནས་གདུངས་པའི་སྡུག་བསྔལ་ཞིག།
གཞན་ཡུལ་ཕྱོགས་ནས་ངམ་ངམ་ཤུགས་ཤུགས་ཀྱིས།།
ཚོད་ཚད་མེད་ལ་སེམས་ནས་བྱོ་དང་ཐལ།།
འོ་ཙི་ཝེ། ལས་དབང་དང་སེམས་ཚོར་གཅིག་པ་འདི་འདྲ་སྲིད་ལཱ དཀོན་མཆོག་མཁྱེན་ཧང་འདྲ་འཐོར་བྱུང་།