ལུང་རྟོགས།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གཏམ་གླེང་ཞལ་པར་ཞེས་པའི་ལེ་ཚན་འདི་ནི་ང་ལ་མཚོན་ན་ཆེས་ཉན་རྒྱུར་དགའ་བའི་ལེ་ཚན་ཞིག་ཡིན་ལ། བོད་ནང་གི་གསན་པ་པོ་རྣམས་ནས་ཀྱང་ལེ་ཚན་འདི་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་གོ་མྱོང་། དེའི་རྒྱུ་མཚན་ནི་ལེ་ཚན་འདིས་ནང་ལ་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད། རིག་གཞུང་། སྤྱི་ཚོགས་ཀྱི་གནས་སྟངས་སོགས་གནས་ཚུལ་མང་པོ་ཞིག་གི་ཐོག གནད་ལ་ཕིགས་ཤིང་དོན་ལ་གནས་པ་གོ་བདེ་ཉན་གསལ་གྱི་ལམ་ནས་བགྲོ་གླེང་གནང་གི་ཡོད་པས་ཡིན་ལ། འདི་དག་ཀྱང་ལས་རིམ་གཙོ་སྐྱོང་པ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱི་ཤེས་ཡོན་དང་གོ་རྟོགས་བཟང་ཞིང་ཐོས་རྒྱ་མཐོང་རྒྱ་ཆེ་བ་མ་ཟད། ངག་གི་སྒྱུ་རྩལ་ལ་བྱང་ཆུབ་པའི་གནད་དོན་འདི་དང་ཁ་འབྲལ་ཐབས་མེད།
འོན་ཀྱང་དེ་རིང་ནས་བཟུང་སྟེ་ལས་རིམ་འདི་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་རེས་མོས་ཀྱིས་གཙོ་སྐྱོང་བྱེད་རྒྱུ་ཡིན་པ་ཞིག་བཤད་ཀྱི་འདུག་ལ། ད་ནི་ལས་རིམ་འདི་ཚ་མེད་པའི་ཇ་བཞིན་དུ་བྲོ་བ་གཏན་ནས་མེད་པ་ཞིག་ཆགས་སོང་། འདི་ལྟར་འགྱུར་བ་གཏོང་དགོས་པ་འདི་ཅིས་མ་ཉན་པ་ཡིན་ནམ། ལས་རིམ་གཙོ་སྐྱོང་པ་སྒྲོལ་དཀར་ལགས་མོ་རང་ལས་ཀ་ནས་དགོངས་པ་ཞུས་པ་ཡིན་ནམ། ཡང་ན་ན་ཚ་འདྲ་བྱུང་ནས་གནས་སྐབས་ལས་རིམ་གཙོ་སྐྱོང་མཚམས་འཇོག་བྱེད་དགོས་བྱུང་བ་ཡིན་ནམ། ཡང་ན་དབུ་ཁྲིད་ཚོའི་ཐུགས་ལ་མ་བབས་པར་ང་ཕོད་འཇིགས་མེད་བཞིན་དུ་རྒྱང་ཕུད་བཏང་བ་ཡིན་ནམ།
ང་ལ་དྲི་བ་མང་པོ་ཞིག་གཅིག་འཇུག་གཉིས་མཐུད་དུ་ཀླད་པའི་ནང་འཁོར་ཡོང་གི་འདུག གལ་ཏེ་གནས་ཚུལ་དེ་དང་དེ་རིགས་གང་ཡང་མེད་པ་ཡིན་ན་ལས་རིམ་བཟང་པོ་འདི་མོ་རང་གིས་མུ་མཐུད་ནས་གཙོ་སྐྱོང་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ལས་རིམ་འདིར་དགའ་བའི་དྲ་གྲོགས་རྣམས་ནས་ཀྱང་རླུང་འཕྲིན་ཁང་དང་གཙོ་སྐྱོང་པར། གནད་དོན་འདིའི་ཐད་ནས་བཀའ་འདྲི་དང་འབོད་སྐུལ་རེ་གནང་ཐུབ་ན་ལེགས་པར་སེམས།
ཡག་པོ་རེད་ རེས་མོས་བྱེད་པ་དེ་མདུན་སྐྱོད་རེད། ཆོལ་ཁ་གསུམ་ཀའི་ལས་མི་བྱུང་ན་ཡག་ཀི། གོ་སྐབས་ཚང་མ་ལ་རག་ན་དམངས་གཙོའི་ལམ་ལུགས་རེད། ངག་ཕོད་གནས་དབྱུང་གཏང་བ་དེ་བློ་ཕམ་དང་རྒྱ་མིའི་མདུན་ལ་ངོ་ཚ་དགོས་པ་ཞིག་་རེད། འོན་ཀྱང་མདུན་སྐྱོད་དང་ལེགས་སྤེལ་ཉེས་འགོག་ནི་ཡག་པོ་རེད།
ཧཧཧ། རེས་མོས། སྒྲོལ་དཀར་གྱི་དྲི་བ་འདྲི་སྟངས་དེ་འདྲ་འདྲི་ཤེས་མཁན་སུ་ཡོད། ཡིན་ན་ཡང་བྱས་ཡ་ཡོད་པ་མ་རེད། སྒྲོལ་དཀར་ལགས་ལ་ན་རྒྱུ་མ་རེད། ངས་ཉིན་རེ་བཞིན་མོ་རང་གི་ཆེད་དུ་སྨན་བླ་འདོན་གི་ཡོད། ཕལ་ཆེར་བྱིས་པ་འཁོར་བ་ཡིན་རྒྱུ་རེད།
ང་ཡང་དོག་པ་དེ་ཟ་སོང་། གང་ལྟར་ཉིན་ཤས་རིང་མོ་རང་གོ་རྒྱུ་མི་འདུག
མོ་རང་གི་བསམ་དོན་འགྲུབ་པར་ཤོག །
ལས་རིམ་གཙོ་སྐྱོང་བ་རེས་མོས་བྱས་པ་དེ་འགྲིག་བསྡད་པ་ཞིག་རེད། གཞན་ལ་ཡང་གོ་སྐབས་དང་ཉམས་མྱོང་སྤྲོད་དགོས་ངེས་སུ་སྣང་། དེ་བས་གལ་ཆེན་ཞིག་ལ། ཨེ་རླུང་གི་བོད་ཡིག་དྲ་རྒྱའི་ནང་གནས་ཚུལ་འགོད་མཁན་དེ་ངེས་པར་བརྗེ་སྤོར་བྱེད་དགོས་ཀྱི་འདུག དྲ་རྒྱ་དེའི་ནང་བོད་ཡིག་འགོད་མཁན་དེར་སློབ་འབྲིང་སློབ་མ་ཞིག་གི་བོད་ཡིག་ཆུ་ཚད་ལྟ་བུ་ཡང་མི་འདུག དྲ་རྒྱ་དེའི་ཧ་ཅང་རྫོབ་ཆེས་པའི་ཡིག་ནོར་དང་། ཚིག་སྦྱོར། གོ་རིམ་མེད་པ་སོགས་མཐོང་ཡོང་དུས་འབྲེལ་ཡོད་ལས་བྱེད་ཚོ་ངོ་མ་ཚ་ཡང་། ང་ལྟ་བུའི་ཀློག་མཁན་ཚོ་ངོ་ཚ་ཡོང་གི་འདུག
རྒྱུ་མཚན་ནི། ཤེས་འཇོན་གཉིས་ཀ་ཡོད་ཟེར་མཁན་རིགས་རྐྱང་རྐྱང་ཨེ་རླུང་དུ་བདམས་ཡོད་པ་དང་། དེ་བཞིན་རླུང་འཕྲིན་དང་དྲ་རྒྱ་འདི་གཉིས་བོད་ཕྱི་ནང་གཉིས་ཀར་ཧ་ཅང་ཁྱབ་ཆེ་བས་ཡིན།
སྒྲོལ་དཀར་ལགས་ཀྱིས་གཙོ་གཉེར་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནི་དེ་ཙམ་གྱིས་སྟོད་རིན་ཆོག་པ་ཞིག་མ་མཐོང་། ལས་རིམ་དེ་རེས་མོས་ཐོག་ནས་གནང་བ་ཡིན་ན་ཡར་རྒྱས་དང་ལེགས་ཉེས་ཀྱི་ཕྱོགས་མང་པོས་རྒྱུད་སྒྲོགས་ཡོང་རྒྱུ་རེད། རེས་མོར་དགའ།
གཏམ་གླེང་ཞལ་པར་གྱི་ལེ་ཚན་དེ་ཡར་རྒྱས་གཏོང་མགོ་ཚུགས་པར་དགའ་བསུ་ཞུ། ད་ལྟ་ཕན་ལ་སྒྲོལ་དཀར་ཞུ་བའི་མཁྱེན་ལྡན་མ་དེས་གླེང་མོལ་ཡག་པོ་གནང་སོང་། ད་རེས་མོས་གནང་རྒྱུ་དེ་ཡང་དགོས་རྒྱུ་ཞིག་རེད། སྒྲོལ་དཀར་མེད་པ་ཡིན་ན། ཚྭ་མེད་པའི་ཇ་ཆགས་མིན་མི་ཤེས། ཡར་རྒྱས་ཀྱི་གོམ་བསྐྱོད་ལ་ང་ཚོས་མ་དགའ་བ་བྱེད་མི་རུང་བར་འདོད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་འབོད་སྐུལ་ཞིག་ཞུ་བསམ་ན། དྲ་ཚིགས་ཀྱི་ཡི་གེའི་སྤུས་ཀ་དེ་ཡར་རྒྱས་ཤིག་གཏོང་རོགས་ཞེས་ཞུ་བ་འཐེན་ཐུབ་ན་ལེགས། རྒྱུག་ཆེ་བའི་གསར་འགྱུར་བརྒྱུད་ལམ་འདིའི་བོད་ཡིག་ཚད་ལྡན་ཞིག་བྱུང་རོགས་བྱས་ན། དེས་བོད་སྐད་ཡིག་སྲུང་སྐྱོབ་ལ་མ་ཕན་ནའང་གནོད་ཀྱི་མ་རེད།
ཡར་རྒྱས་ཡིན་ན་ཡག་པོ་རེད་དེ། མར་རྒྱས་ཡར་རྒྱས་ལ་མཐོང་བ་ཡིན་ན་དངོས་གནས་ཉེན་ཁ་རེད། གཏམ་གླེང་ཞལ་པར་གྱི་ལེ་ཚན་འདི་སྒྲོལ་དཀར་ལགས་ཀྱིས་གཙོ་སྐྱོང་གནང་བ་ནང་བཞིན་ཞིག རླུང་འཕྲིན་ཁང་གི་ལས་བྱེད་སུས་ཀྱང་གནང་མི་ཐུབ་པའི་ཡིད་ཆེས་ཡོད།
དེ་ནི་བལྟས་ན་གང་ཡིན་མིན་མཐོང་རྒྱུ་ཞིག་ཡིན་པས་ངང་སྒུག་བྱོས་དང་། རེས་མོས་བྱས་ནས་ཡག་པོ་བྱུང་ན་འགྲིག་པ་རེད། ཡར་རྒྱས་མི་འགྲོ་བའི་ཁར་སྡུག་ཏུ་འགྲོ་ཡི་ཡོད་ན་དེ་ནས་སྐད་ཆེན་པོ་རྒྱོབ། དོན་ཐོག་ལ་འཁེལ་དགོས་པ་མ་གཏོགས་ཡོད་ཚད་ཚང་མ་ཁ་ལག་ནང་བཞིན་བགོ་བཤའ་བརྒྱབ་དགོས་ཡ་ཅི་ཡོད་མ་རེད། དཔེར་ན་འཛིན་སྐྱོང་གི་དབུ་ཁྲིད་བཀའ་བློན་རྣམ་པ་བཞིན་ནོ།།།
མ་གཞི་ཨེ་རླུང་ཁང་འདི་ཨ་རི་གཞུང་གིས་བོད་མི་རིགས་ཀྱི་སེམས་ནང་གི་ནད་རྙིང་ཕྱིར་འདོན་སའི་སྡིངས་ཆ་ཡག་པོ་ཞིག་བསྐྲུན་པ་རེད་དྲན་ཡོད་ལ། གཞིས་བྱེས་གཉིས་ཀྱི་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་མཚོན་རྟགས་ཅིག་རེད་དྲན་ཡོད། འོན་ཀྱང་བློ་ཕམས་པ་ཞིག་ལ་ལོ་གཅིག་གོང་ནས་ཨེ་རླུང་ཁང་ལ་གུང་ཁྲན་གྱི་འདྲེ་ལག་བསྐྱངས་ཡོད་པ་འདྲ་ཞིག་བྱུང་སོང་ལ། ཅི་ཡིན་འདི་ཡིན་མེད་པར་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་སྡིངས་ཆ་དེ་གུང་ཁྲན་གྱི་ཁྲང་ཞི་འཁྲབ་ས་ཞིག་ལ་འགྱུར་སོང་བས་ད་ནི་རྦད་དེ་ཉོབ་བསྡད་ཡོད། ད་ལྟའི་གནས་སྐབས་ཅུང་དྲག་གྲས་VOA རེད། དེ་ཡང་གུང་ཁྲན་གྱི་འདྲེ་ལག་བསྐྱང་རྒྱུའི་ཉེན་ཁ་ཡོད་པ་རེད། སྐུ་ཚེ་བརྟན་མིན་མི་ཤེས་ཁུ།
ཕོ་རང་རང་གིས་མཇོན་ཚད་ལ་དཔག་པའི་ལས་དོན་རེ་སྒྲུབ་པ་ལས་ འཛམ་གླིང་གི་མི་ཚང་མའི་ཐོག་་བྱུས་རྟོག་བྱས་སྡོད་ན་དུས་ཚད་ཀྱིས་མདོང་ཨེ་ཡོང།
མི་ཚང་མའི་འདོོད་པ་ཁེངས་པ་ཞིག་ཡོང་དཀའ། ལེ་ཚན་ཡར་རྒྱས་གཏོང་ཐབས་བྱས་པ་ཙམ་གྱིས་ཡར་རྒྱས་རེད་བསམ་གྱིན་ཡོད།
ཡིན་ནའང་བཟང་ངན་འཕེལ་ཕྱོགས་གང་འདྲ་ཞིག་ཏུ་བསྐྱོད་ཀྱི་ཡོད་མེད་ད་ལྟ་སུས་ཀྱང་བརྗོད་དཀའ་མོ་རེད། ཕྱོགས་གཅིག་ནས་བསྒྱུར་བ་བཏང་བ་དེས་ཡར་རྒྱས་ཤིག་གཏོང་རྒྱུར་བསམ་པ་ཡོད་པ་ཞིག་དང་དབུ་ཁྲིད་རྙིང་པ་་ལྟར་གོ་རྒྱུ་ཐོས་རྒྱུ་མེད་པའི་དུས་གདའ་བ་ལས་དགའ་ཡི་མ་རེད་དམ། དེ་ན་དྲ་བརྙན་ནང་གི་ཨ་ཅེ་རྒྱག་པ་དང་ལེབས་མོ་བསྒྱུར་བ་གཏོང་རན་འདུག རླུང་འཕྲིན་རྒྱང་བསྒྲགས་པའི་ནང་ཨ་ཅེ་ཁོང་ཚོ་ལས་སྟོན་རྒྱུ་མེད་པ་ཨེ་ཡིན། དྲ་བརྙན་བལྟ་མོ་མང་ཆེ་བས་གསར་འགྱུར་ཙམ་མིན་པ་རྒྱང་བསྒྲགས་པ་བལྟ་འདོད་པ་གལ་ཆེ་པོ་རེད། ཁྱེད་ཚོའི་དྲ་བརྙན་རྒྱང་བསྒྲགས་པ་བསྒྱུར་བཅོས་གཏོང་རན་པ་ངའི་གྲོགས་པོ་དང་ངོ་ཤེས་པ་སྐོར་ཅིག་དང་སྐད་ཆ་ཡོང་གི་འདུག ཁྱེད་ཚོའི་དྲ་བརྙན་ཕྱ་མོད་བྱེད་ཡུལ་དུ་འགྱུར་མི་འགྲོ་བའི་ངེས་ཚང་གི་རེ་བ་བཅས་དེ་ཙམ་ཡིན།
གོང་དུ་མཆན་ཨང་བརྒྱད་པ་འགོད་མཁན་ལུང་རྟོགས་ནས།
“ཡར་རྒྱས་ཡིན་ན་ཡག་པོ་རེད་དེ། མར་རྒྱས་ཡར་རྒྱས་ལ་མཐོང་བ་ཡིན་ན་དངོས་གནས་ཉེན་ཁ་རེད།”
ཅེས་ཡར་རྒྱས་ཀྱི་ཟློག་ཟླ་ལ་མར་གུད། ཉམས་རྒུད་སོགས་མ་བྲིས་པར། “མར་རྒྱས་”ཞེས་བྲིས་འདུག་པས།
དེ་ནི་ཡིག་ནོར་རང་ཡིན་ལ། མི་ཆེས་མང་པོ་ཞིག་གི་ཁ་ལ་ཡར་རྒྱས་ཀྱི་ཟློག་ཕྱོགས་ལ་མར་རྒྱས་ཞེས་པ་
དེ་ལོབས་ནས། ཡིག་ངག་གཉིས་ཀར་སྤྱོད་ཀྱིན་འདུག དེས་ན་ཡར་རྒྱས་ཀྱི་ཟློག་ཕྱོགས་དེ་འབྲི་དུས་མར་རྒུད།
མར་གུད། ཉམས་རྒུད། ཉམས་གུད་སོགས་འབྲི་དགོས་སྙམ།
ཡར་རྒྱས་ཀྱི་ཟློག་ཕྱོགས་དེ་འབྲི་དུས་མར་རྒུད་བྲིས་ཟེར་བ་འདི། བདེན་པར་མཐོང་། ངའི་ཁ་ལ་ཡང་། ཡར་རྒྱས་དང་མར་རྒྱས། ཞེས་འཇགས་འདུག་ཀྱང་། འདི་མ་དག་རྒྱུན་འཇགས་ཡིན་པ་འདྲ།
ལགས་སོ། བྱམས་ལྷུན་དང་གཉེར་ཕྱག་པ་གཉིས་ནས་ལམ་སྟོན་གནང་བ་ཡག་བྱུང་།
གཟབ་དགོས་པའི་སྐད་ཆ།
དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བཀའ་མོལ་གནང་དུས་མ་དག་རྒྱུན་འབྱམས་ཁྱབ་པ་འདི་ལྟ་སྟེ། ང་ཚོའི་གི ངའི་གི ཚང་མའི་གི བོད་པའི་གི་ ཅེས་བརྡ་སྤྲོད་གཞུང་དང་མི་མཐུན་པའི་ཉོག་ཚིག་མང་དག་ཆམ་ནད་ལྟར་ཁྱབ་བཞིན་འདུག་པས་འདིར་དོ་སྣང་དགོས། ང་ཚོའི། ང་ཚོ་ཡི། ངའི། ང་ཡི། ཚང་མའི། ཚང་མ་ཡི་བརྗོད་ན་གོ་རྒྱུ་ཡོད་ལ་སུམ་རྟགས་འགྲོས་དང་མཐུན། གཞན་ཕྲད་ཉིས་བརྩེགས་བརྒྱབས་ན་བདེ་པོ་མེད།
ད་དུང་ཡར་རྒྱས་ཀྱི་ཟློག་ཟླར་མར་རྒྱས་འབྲི་བ་ནི་བོད་ཚིག་མ་ཤེས་པའི་སྐྱོན་ཡིན། གོང་གི་མཆན་ཨང་བརྒྱད་པར་བྱམས་ལྷུན་ནས་སྐྱོན་སེལ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ།
ད་བཤད་རྒྱུ་མ་མ་མང་། ཁ་རོག་སྡོད།