ལྷ་ལུང་རྒྱལ།
རིའི་བར་སྐེད་ལོང་ལོང་སྨུག་སྤྲིན་གྱིས་བཟུང་ཞིང༌།།
ཆར་སིམ་བུའི་དངོས་གྲུབ་ཉི་འོད་ཀྱིས་ལྕིབས་པ།།
འོད་འཚེར་རེར་འཇོ་བའི་ཕྱི་དྲོ་ཡི་དུས་ཤིག།
སེམས་རྒྱག་ཕྱོགས་ཤིག་གིས་ཞེ་མཐུན་ཁྱོད་དྲན་འོང༌།།
བྱ་རྒོད་པོའི་གཤོག་པས་འཁྱོག་ཐབས་རང་མེད་ལ།།
ཆུ་གཙང་པོ་རླབས་ཀྱིས་འཁྱེར་ཐབས་ཀྱང་དབེན་པ།།
ལུས་ནམ་མཁའ་དྲན་གདུང་སྤྲིན་ནག་གིས་གཡོགས་ཏེ།།
ས་འདི་ནས་ཉི་མ་འཁྱོལ་ཐབས་ཅིག་མི་འདུག།
ཕྱིའི་འབྱོར་བ་གདོན་གྱི་བསླུ་བྲིད་ཀྱིས་ཡིན་ནམ།།
དུས་འགྱུར་ལྡོག་མི་ཡི་ཁ་དོག་ཀྱང་བསྒྱུར་རམ།།
ཕྱི་ཐག་རིང་མཛའ་གཅུགས་མེ་ཏོག་དང་འཇའ་སྤྲིན།།
མིག་ལོངས་སྤྱོད་མ་ཐོབ་སེམས་པ་དེ་ལྟོགས་ཡོད།།
མང་ཐོས་པ་འཁྲི་ཤིང་དར་མ་ཡི་རྩེ་མོ།།
དོན་འབྲས་བུའི་ལྕི་བ་ཞིམ་མངར་གྱི་རོ་བཅུད།།
གདོང་དམར་པོའི་ཚོགས་ལ་ཇི་དགའ་རུ་འགྲེམས་བཞིན།།
བོད་ཁ་པར་ཇི་བདེར་བཞུགས་པ་དེས་བདག་སྤྲོ།།
བོད་བཙན་པོའི་བྲག་རི་ནང་འཁྲུག་གི་ཐོགས་ཞགས།།
མེ་དམར་པོའི་རླབས་ངོར་སྦྱིན་བསྲེག་གིས་ཟད་ཀྱང༌།།
ཤར་རྐང་ལེབ་མི་ཡི་སྡུག་སྦྲུལ་གྱི་འཁྱུགས་སྟབས།།
གངས་དཀར་པོའི་མགུལ་ན་རྩེན་པ་འདིས་སེམས་སྐྱོ།།
དེ་ཡིན་ཡང་བྱས་ཉེས་གཙང་ཆེན་གྱི་རླབས་རིས།།
ཐབས་ཤེས་རབ་སྐལ་བའི་མེ་དཔུང་ལས་གཞན་གྱི།།
ཕྱིར་ལྡོག་པ་འགའ་ཞིག་འཇིག་རྟེན་འདིར་མེད་ན།།
གནས་ཤེས་བྱའི་མཛའ་མོར་དམ་དམ་དུ་འཁྱུད་ཅིག།
ཚིག་ཆལ་ཆོལ་བྲིས་པ་བརྩམ་ཆོས་སུ་རློམ་པའི།།
དབུགས་ཁོང་བུར་སྦོས་རྣམས་ལག་སྣེ་ཡི་སྐྱགས་དྲིར།།
བློ་འཁོར་བའི་གླེན་ལྐུགས་སྦྲང་ནག་གི་ཁྱུ་ལ།།
སེམས་ཤོར་བ་སློབ་གཉེར་བར་ཆད་དུ་ལོས་ཤེས།།
གཞུང་རིགས་བརྒྱའི་སྒོ་མོ་ཅིག་ཅར་དུ་ཕྱེ་བར།།
བློ་བཙོ་སྦྱངས་གསེར་གྱི་ལྡེ་མིག་རང་ཐོགས་པའི།།
ལུང་རིགས་པའི་གཡུ་རལ་ལྡེམ་པ་ཡི་གངས་སེང༌།།
དཔལ་བཤིས་གཉེན་མཁས་པ་མི་ཚེ་གཅིག་བསྟེན་ཨང༌།།
ལར་བཅོམ་ལྡན་ཐུགས་ཀྱི་སྔོ་བསངས་མའི་ཕང་བར།།
བྱམས་སྙིང་རྗེ་ཆུ་འཛིན་འཁྲིག་པ་ཡི་གསེང་ནས།།
འབབ་རྒྱུན་བཟང་ལྟོ་བར་སྐྱྀལ་བ་ཞིག་མེད་ན།།
འཆད་རྩོད་དང་རྩོམ་པའི་སྐལ་བ་དེ་དཀའ་འདུག།
ཆུང་བྱིས་པའི་རྐང་དྲུག་འཕུར་ལྡིང་གི་འཇིག་རྟེན།།
ཆུ་རི་ལུང་མེ་ཏོག་ངོ་མཚར་གྱི་ཞིང་ཁམས།།
ཡུལ་གངས་ལྗོངས་མ་མའི་བྱམས་བརྩེ་ཡི་པང་ནས།།
ཡིད་སྤྲོ་དགའི་གདའ་བ་དྲན་ལས་ཀྱང་དྲན་ཡོང༌།།
ས་གཅིག་ལ་ལང་ཚོའི་མེ་ཏོག་གི་གང་བུ།།
རྐྱེན་ཕྱི་ནང་ཁྲི་གདུགས་སྣང་བ་ཡིས་གྲོལ་ཀྱང༌།།
ལས་རླུང་ནག་འཚུབ་མས་ལྷོ་བྱང་དུ་འཁུར་བ།།
ཡིད་དྲན་གདུང་སྨུག་རླུང་དར་སྐྱེད་ཀྱི་རྒྱ་མཚོ།།
དབྱངས་གསལ་བྱེད་སོ་བཞིའི་རྨུ་ཐག་གི་ལམ་ནས།།
ལྷན་ཅིག་པར་ལྔ་རིག་སུན་རྩེན་གྱི་གྲོང་ལ།།
ཡིད་རྟ་མཆོག་གོང་ནས་རིན་ཆེན་གྱི་ནོར་བུ།།
བློའི་བང་བར་བླངས་པ་དྲན་ཤིང་གི་གཡབ་མོ།།
མཛེས་སྨན་ལྗོངས་མྱུར་བར་མཐོང་རྒྱུ་ཞིག་བྱུང་ན།།
ཕྱིའི་མཛེས་སྡུག་མིག་གི་ལོངས་སྤྱོད་ལ་ཐོབ་ན།།
ཁྲེལ་གཞུང་དྲང་གྲོགས་ཁྱོད་ཞལ་རས་དེ་མཇལ་ན།།
བོད་གཞིས་བྱེས་ལྷན་འཛོམས་དགའ་སྟོན་ལ་རོལ་ན།།
རི་ཧི་མ་ལ་ཡི་རི་འདབས་ཀྱི་སྡེ་གྲོང༌།།
དུག་ཚེར་མའི་ཁབ་ཀྱི་མལ་བསྟན་ལ་འཆའ་ཞིང༌།།
སྟོང་འདང་གི་བསླུ་བྲིད་ཆང་རག་ལ་བཟི་སྟེ།།
ངག་ཟ་ཟིའི་སྐྱོ་གླུ་ལེན་བཞིན་དུ་བདེ་མོ།།
ས་འཁྱགས་པོའི་སྟེང་ལ་ཡུན་རིང་དུ་ཉལ་ཞིང༌།།
རྡོ་གོར་མའི་སྔས་མགོའི་རྨི་ལམ་གྱི་ཞིང་ནས།།
ཡུལ་གངས་ལྗོངས་མ་མའི་དྲོད་ཁོལ་གྱི་ཁྱིམ་གཞི།།
དྲན་གདུང་གི་ཟུག་རྔུ་གཟོད་ཐབས་རང་མི་འདུག།
དེ་ཡིན་རུང་རྐྱེན་ངན་རྟ་གདོང་གི་མེ་རིས།།
ལུས་འདུ་བྱེད་ཆུ་གཉེར་མ་སྐམ་གྱི་བར་ལ།།
ནོར་ཐོས་པ་འཚོལ་བའི་ཕུགས་བསམ་གྱི་སྦྲང་བུ།།
དཔལ་རིག་པའི་ཚལ་གྱི་དགའ་སྟོན་ལ་ཞེ་དམ།།
ཡིད་དཔྱོད་ཤེས་རབ་དཀར་ཆུ་འཛིན་གྱི་གསེབ་ནས།།
དོན་འབྲས་བཟང་གཞན་ཕན་སྦྲང་ཆར་གྱི་འབབ་རྒྱུན།།
རྩོམ་གླེགས་བུའི་སྒྲོ་མདོང་སྦྲགས་ལམ་གྱི་གླང་པོར།།
ཁལ་བཀལ་བ་མིག་གི་སྒོ་འགྲམ་ལ་སླེབས་ན།།
ཡུལ་རི་ཆུ་མེ་ཏོག་ནེའུ་ལྡིངས་ཀྱི་ཚོགས་ལ།།
ངག་ལྷ་མོའི་ཞལ་གྱི་འཚམས་འདྲི་ཡི་དར་དཀར།།
གྲོགས་མཆུ་སྒྲོས་གཏམ་སྙན་དབྱངས་འགྲོས་ཀྱི་རླུང་གིས།།
དཀར་ཤར་ལེར་སྒྲོན་རོགས་ཡིད་མཐུན་གྱི་གྲོགས་པོ།།
མཐར་དགོངས་ཤིག་མཛའ་བརྩེ་གངས་དཀར་གྱི་རི་ལ།།
ཁྲལ་ཕྱི་ཐག་ཉི་འོད་འཁྱུད་པ་ཡི་སྙིང་པོར།།
འཕྲིན་ཁ་འབབ་རྣམ་བཞིའི་དྭངས་གཙང་གི་ཆབ་རྒྱུན།།
བློའི་འཛིན་མར་ལྷུང་ལྷུང་བཞུར་སྒྲ་ཡིས་ཁྲོལ་ཤིག།
ལྷོད་ཤ་ཅན་ཞིག་བྲིས་འདུག ང་ནི་ལོ་ན་རྒས་ཀྱིན་རང་གི་སྲོལ་རྒྱུན་སྙན་ངག་འདི་དག་ལ་བཅོས་མིན་གྱི་དགའ་མོས་འཕེལ་ཡོང་གི་འདུག