བསོད་ནམས་ནོར་བུ།
—–T. C ལ
ལང་ཚོའི་ཕྱི་ཤུན་གྱི་མཛེས་པ་ངོམ་དུས།།
མིག་རྡོག་ཧྲིག་ཧྲིག་དེ་བཙུམ་ན་ཆོག་པ།།
བཅོས་མའི་སྒེག་ཉམས་གྱིས་སེམས་པ་ཁྲིད་པའི།།
ཁྱོད་རང་རྒྱབ་གཟུགས་དེ་མཐོང་གི་མ་རེད།།
མ་མཇལ་རྒྱང་བཞུད་ཀྱི་བྱམས་པ་ཁྱེད་རང་།།
དེབ་ཆུང་ལེབ་མོ་ཞིག་མཆན་འོག་བཙིར་ནས།།
སྐྲ་ལོ་ཤམ་ཤམ་དེ་རླུང་བུས་སྐྱོད་ཀྱིན།།
ནུབ་གླིང་མཐོ་སློབ་ན་བྲེལ་བཞིན་གནས་སམ།།
ཚིག་གི་སྣེ་མོ་ལ་མེ་ཏོག་བཏགས་དུས།།
རྣ་མཆོག་ལྷེབ་ལྷེབ་དེ་བཀབ་ན་ཆོག་པ།།
དམར་ཆུང་སྙིང་རྡོག་དེ་དུམ་བུར་གཏོང་བའི།།
ཁྱེད་རང་སྐད་ཆ་རྣམས་གོ་གི་མ་རེད།།
ཞོགས་ཀ་ཉི་མ་རེ་ཚུར་ལ་ཤར་ཡང་།།
ཁྱེད་རང་འཕྲིན་ཐུང་དེ་མཐོང་རྒྱུ་མེད་ན།།
ང་ཡི་སེམས་གཏིང་ལ་ཅི་ཞིག་ཆད་འདྲའི།།
ཉིན་མོའི་ཉི་མ་དེ་འཁྱོལ་བ་དཀའ་འདུག།
སེམས་ཀྱི་ན་ཟུག་དག་ལྷང་ལ་ཕུད་དུས།།
སེམས་པ་དམར་དམར་དེ་འཛིན་ན་ཆོག་པ།།
བརྩེ་བའི་བསླུ་བྲིད་ཀྱིས་མི་སེམས་བསྲུང་བའི།།
ཁྱོད་རང་ནམ་དུ་ཡང་དྲན་གི་མ་རེད།།
དགོང་དྲོའི་ཉི་མ་རེ་ཕར་ལ་བཞུད་དུས།།
ཁྱེད་རང་སྐད་ཐུང་ཡང་ཐོས་རྒྱུ་མེད་པས།།
ང་ཡི་བྱང་ཁོག་ན་གང་ཞིག་ཟུག་འདྲའི།།
མར་ཉལ་མཚན་མོ་དེ་འགྲོ་ཐབས་དཀའ་བྱུང་།།
བརྩེ་བའི་དྲོད་ཁོལ་ཞིག་རྙེད་རྒྱུ་མི་འདུག།
སེམས་པ་དམར་པོ་དེ་རྡོ་ལོག་ཆགས་སམ།།
དགའ་དུང་ཚོར་སྣང་ཞིག་ཐོས་རྒྱུ་མི་འདུག།
སེམས་གཏམ་མངར་མོ་དེ་རླུང་བུས་ཁྱེར་རམ།།
ཅི་ཡང་ཐོབ་རྒྱུ་ཞིག་མི་འདུག་མ་དགོངས།།
ཟུར་གསུམ་སྙིང་ཆུང་འདིའི་བདག་པོ་ཁྱོད་ཡིན།།
གང་ཡང་སྙིང་པོ་ཞིག་མི་འདུག་མ་བསམས།།
མི་ཚེའི་རིན་ཐང་འདི་ཁྱོད་ལ་བཅོལ་ཡོད།།
མིག་ཆུ་དྲོན་མོ་དེ་ཁོག་ཏུ་མ་མིད།།
ཡ་ཁོག་ཆུང་ཆུང་དེ་རྨ་ཡིས་གང་ཡོང་།།
ལྡེམ་གུག་དབུ་ལྕོག་དེ་པང་ལ་སྙེས་དང་།།
འཇམ་པོའི་ལག་སྙིམ་འདིས་ཨ་ཅོར་བྱེད་ཆོག།
13/ 7/ 2013/