སྤོབས་པ་མཐའ་ཡས།
བོད་མཐོ་སྒང་གི་འབྲི་གཡག་སྲུང་སྐྱོབས་ཐད་ལ་ད་ལྟ་ནས་བསམ་གཞིག་བྱེད་དགོས་ཤིང་། འབྲི་གཡག་གི་ཤ་ཁྲོམ་རར་བཙོང་བ་ཁྲིམས་ཐོག་ནས་བཀག་ན་འོས་ཚུལ་སྲིད་གཞུང་ལ་སྙན་ཞུ་འབུལ་བ་སོགས་ཀྱི་ལས་འགུལ་སྤེལ་འོས་པར་མཐོང་། དེ་ཡང་གཅིག་ནས་བོད་མཐོ་སྒང་གི་སྐྱེ་དངོས་ཕལ་མོ་ཆེ་བཞིན་དུ་འབྲི་གཡག་ནི་སྐྱེད་འཕེལ་དལ་བ་དང་། གཉིས་ནས་འབྲི་གཡག་ནི་བོད་མཐོ་སྒང་གི་རྒྱན་ཆ་དང་བོད་མིའི་བླ་ཟོག་ཡིན་པས་དེ་ཉིད་བསད་ནས་རྩ་སྟོང་དུ་ཕྱིན་ན་མི་འོས་པ། གསུམ་ནས་འབྲི་གཡག་ནི་བོད་མཐོ་སྒང་དུ་ཁྱིམ་གཞིས་འཛུགས་པར་བཀའ་དྲིན་ཤིན་དུ་ཆེ་བའི་སྲོག་ཆགས་ཤིག་ཡིན་པས་ཤར་ཕྱོགས་ཨེ་ཤེ་ཡའི་མིའི་རིགས་ཀྱི་མི་ཚེའི་རིན་ཐང་གི་ཁྲོད་ན་མེད་དུ་མི་རུང་བའི་བྱས་ཤེས་དྲིན་གཟོ་དང་། ལྷག་པར་ཡང་དྲིན་ཅན་གྱི་འབྲི་གཡག་རྣམས་བཤས་རར་བསྐྱལ་ནས་རྩ་མེད་གཏོང་བ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་སྟངས་དྲིན་ཅན་ལ་དྲིན་ལན་འཇལ་དགོས་པའི་ལྟ་ཚུལ་དང་མི་མཐུན་པ་ཞིག་ཡིན་པ་བཅས་ལ་བརྟེན་ནས་ད་ལྟ་ནས་ཤེས་ཡོན་ཅན་ཚོས་འབྲི་གཡག་སྲུང་སྐྱོབ་ནི་དམངས་ཁྲོད་སྒྲིག་ལམ་དང་གཞུང་ཁྲིམས་གཉིས་ཆར་ནས་འཇོག་ཐུབ་པར་འབད་པ་བྱེད་འོས་པ་ཞིག་རེད། ལྷག་པར་ཆོས་ལུགས་ཀྱི་དབུ་ཁྲིད་ཚོས་འདིའི་ཐད་ལ་ནུས་པ་ཐོན་ཐུབ་པས་སྣང་མེད་དུ་ཤོར་མི་རུང་།
གཅིག སྐྱེད་འཕེལ་དལ་བའི་སྲོག་ཆགས།
བོད་མཐོ་སྒང་ནི་ས་བབ་མཐོ་ཞིང་། གནམ་གཤིས་གྲང་བ། གསོ་རླུང་སྲབ་པ་བཅས་ལ་བརྟེན་ནས་སྐྱེ་ལྡན་གྱི་དངོས་པོ་ཕལ་མོ་ཆེ་ཧ་ཅང་ཉམས་ཆག་ཤོར་སླ་བ་དང་། སྐྱེད་འཕེལ་དལ་བ། ཉམས་ཆག་ཤོར་ཟིན་པ་རྣམས་སླར་གསོ་ཡོང་བར་ཡུན་རིང་པོ་འགོར་བ་དང་། མང་པོ་ཞིག་ལས་སླ་བོའི་ངང་ནས་རྩ་སྟོང་དུ་འགྲོ་བཞིན་ཡོད། དུས་རབས་སྔོན་མའི་དུས་འགྱུར་ཚུན་ནས་བོད་དུ་གཞུང་ཕྱོགས་ཀྱི་ལས་བྱེད་དང་། ལྷག་པར་ཡང་བོད་དུ་ཕྱི་ནས་ལྷགས་པའི་མི་འཁྱམས་གནས་སྤོར་བ་མང་དུ་ཕྱིན་པ་སོགས་ཀྱི་མི་འབོར་འཕར་བ་དང་། སྣོད་བཅུད་སྲུང་སྐྱོབ་ཀྱི་ཁྲིམས་ཞིབ་ཚགས་མེད་པ་དང་ཡོད་པ་ལག་ལེན་དུ་མ་འཁྱོལ་བ། རྫས་འགྱུར་གྱི་བཟོ་ལས་དང་ཞིང་ལས་རྒྱ་སྐྱེད་བཅས་ལ་བརྟེན་ནས་མཐོ་སྒང་གི་སྲོག་ཆགས་དང་སྲོག་ཆགས་མིན་པའི་སྐྱེ་དངོས་ལ་གནོད་སྐྱོན་ཐེབས་ཚད་ཧ་ཅང་མགྱོག་པ་དང་། མང་པོ་ཞིག་སླར་གསོ་མི་རུང་བའི་རང་བཞིན་དུ་གྱུར་ཡོད་པ་ནི་འབྲི་གཡག་སྲུང་སྐྱོབ་དགོས་པའི་ཐད་ཉམས་མྱོང་གི་སློབ་གསོ་ཡིན།
འབྲི་གཡག་ནི་རྩ་སྟོང་ལ་འགྱུར་ཉེ་བའི་ཉེན་ཁ་ཧ་ཅང་ཆེ་བའི་སྲོག་ཆགས་ཀྱི་རིགས་ཤིག་ལ་བརྩི་ཆོག སྔོན་དུས་སུ་བོད་ལ་མི་འབོར་ཉུང་ཞིང་། དེ་ཡང་སྲོལ་རྒྱུན་ལྟར་ན་འབྲི་གཡག་ལ་བརྟེན་པའི་ཐོན་རྫས་བོད་རང་གི་མི་འབོར་ཙམ་གྱིས་འཚོ་བར་བཀོལ་སྤྱོད་བྱེད་པ་ཡིན་སྟབས་འདངས་ཙམ་ཡོད། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་ཉེ་བའི་དུས་རབས་ནས་བོད་དུ་ཕྱི་ནས་ཡོང་བའི་མི་འབོར་འཕར་བ་དང་། རྨ་ཆུའི་རྒྱུད་ཀྱི་ཟ་ལར་རིགས་སོགས་ཀྱི་ཚོང་པ་མང་པོས་བོ་དཡུལ་སྟོད་སྨད་བར་གསུམ་ལ་འཕྲུལ་ཆས་ཅན་གྱི་འབྲི་གཡག་བཤས་ར་མང་དུ་བཙུགས་པ། འབྲི་གཡག་གི་ཤ་ཁྲོམ་རར་བཙོང་བའི་སྲོལ་དར་ཕྱིན་ནས་འབྲི་གཡག་གི་ཤ་གོང་འཕར་བའི་བསླུ་བྲིད་ལ་བརྟེན་བོད་མི་དཀྱུས་མས་འབྲི་གཡག་བཙོང་སྲོལ་ཆེན་པོ་དར་ནས་ལོ་ཁ་ཤས་ལས་མི་འགོར་བར་འབྲོག་པ་མང་པོ་ཞིག་སྒོ་སྟོང་དུ་འགྱུར་བཞིན་ཡོད།
འབྲི་གཡག་གི་ཤ་དེང་རབས་ཅན་གྱི་ཁྲོམ་རར་སྐྱེལ་བ་ནི་འབྲི་གཡག་རྩ་སྟོང་དུ་འགྲོ་བའི་གོམ་ཁ་མགྱོག་ཤོས་དེ་རེད། དེ་ཡང་། འབྲི་གཡག་གི་སྐྱེད་ཚད་ཧ་ཅང་དལ་བའི་སྲོག་ཆགས་རིགས་ཤིག་ཡིན། འབྲི་ཕལ་ཆེ་བར་ལོ་གཉིས་རེའི་ནང་དུ་མངལ་ཐེང་རེ་ལས་མི་འཁོར། འབྲི་མང་པོ་ཞིག་ནི་ལོ་གསུམ་རེའི་ནང་དུ་མངལ་ཐེང་རེ་ལས་མི་འཁོར། དེ་ཡང་མཐོ་སྒང་དུ་དཔྱིད་དུས་སུ་རྩ་བཅུད་མི་བཟང་བས་འབྲི་གཡག་ཤི་སྐྱོན་གྱི་རྣམ་གྲངས་ཧ་ཅང་མང་། དེར་བརྟེན་འབྲི་གཡག་ནི་ཁྲོམ་རའི་ཤའི་དགོས་མཁོ་སྐོང་ཐུབ་པའི་སྐྱེད་འཕེལ་མགྱོག་པ་ཞིག་མིན་པ་ཤེས་དགོས།
གཉིས། བོད་ཀྱི་མཚོན་རྟགས་དང་བླ་ཟོག
འབྲི་གཡག་ནི་བོད་མཐོ་སྒང་གི་སྲོག་ཆགས་ཐུན་མོང་མ་ཡིན་པ་དང་། འགྲོ་བ་མིའི་རིགས་ཀྱིས་འཛམ་གླིང་གི་ཡང་རྩེར་ཁྱིམ་གཞིས་འཛུགས་སྐྲུན་གྱི་ལོ་རྒྱུས་ཁྲོད་ཀྱི་གྲོགས་པོ་བཟང་ཤོས་ཤིག་ཡིན། ངག་རྒྱུན་ལ།་ཉེ་རབས་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་བོད་ཀྱི་རྒྱལ་དར་སྟེང་དུ་གཡག་འཇོག་དགོས་ཚུལ་གསུངས་ཚུལ་ཡང་འདུག དེར་བརྟེན། བོད་ཅེས་པ་ཞིག་གླེང་དགོས་ཕྱིན་འབྲི་གཡག་མི་གླེང་ཐབས་མེད་ལྟ་བུར་གྱུར་ཡོད། དེར་བརྟེན་རྒྱ་གར་གྱི་གནའ་བོའི་གཏམ་རྒྱུད་མང་པོར་ཡང་། བོད་ན་གཡག་ཅེས་པའི་སྲོག་ཆགས་རྨིག་པས་རྡོ་གཅོག་ནུས་མཁན་ཡོད་ཚུལ་གྱི་སྙན་ངག་དང་སྒྲུང་སོགས་མང་པོ་བྲིས་ཡོད་ཚུལ་གསལ། དེར་བརྟེན་འབྲི་གཡག་ནི་བོད་མཐོ་སྒང་གི་རྒྱན་ཆ་དང་། བོད་མི་རིགས་ཀྱི་བླ་ཟོག་ཡིན་པས་རབ་ན་གསོད་མ་དགོས་པ་ཞིག་དང་། མ་མཐའ་ཡང་ཁྲོམ་རར་སྐྱེལ་མི་དགོས་པ་ཞིག་བྱུང་ན་ཧ་ཅང་བཟང་། འབྲི་གཡག་མེད་པའི་བོད་ཅེས་པ་ཞིག་སེམས་ལ་ཡང་འཁོར་མི་ཤེས་པ་ཞིག་རེད།
གསུམ། ཆོས་དད་དང་བཟང་སྤྱོད།
གནའ་བོའི་དུས་སུ་བོད་སྡེ་ཕལ་མོ་ཆེ་ནི་འབྲོག་སྡེའི་རྣམ་པར་ཡོད་ཅིང་། འཚོ་བ་ནི་འབྲི་གཡག་ལ་གཙོ་བོར་བརྟེན་ནས་བྱུང་། ཞིབ་ཏུ་བསམ་ན་འབྲི་གཡག་ནི་ད་ལྟའི་ཕ་མ་ལས་ཀྱང་བཀའ་དྲིན་ཆེ། ད་ལྟའི་ཕ་མ་དག་གསོད་མི་འོས་པར་འདོད་མཁན་ཞིག་ཡིན་ན་འབྲི་གཡག་ནི་དེ་ལས་ཀྱང་གསོད་མི་འོས། འབྲི་གཡག་བཀའ་དྲིན་ཆེ་ཚུལ་གྱི་རྣམ་གྲངས་ནི་ལུང་དང་རིག་པ་བརྒྱ་ཕྲག་གིས་སྒྲུབ་ནུས་པ་ཞིག་ཡིན། དཔེར་མཚོན་ཙམ་དུ་ཆེས་ཉུང་ཤས་ཤིག་བརྗོད། རང་རེའི་ད་ལྟའི་མ་རྒན་ལས་ཀྱང་འབྲི་མོ་དག་བཀའ་དྲིན་ཆེ། རང་རེའི་ད་ལྟའི་མ་རྒན་གྱིས་ནི་ལོ་ཁ་ཤས་ལ་མ་གཏོགས་རང་གི་འོ་མས་ང་ཚོར་གསོས་མེད། འབྲི་མོ་བཀའ་དྲིན་ཅན་ཚོས་ང་ཚོ་མ་ཤི་བར་དུ་འོ་མས་གསོ་བཞིན་ཡོད།
མ་ཚོའི་མ་རྒན་གསོན་པའི་དུས་སུ་འགྲིགས་དང་མ་འགྲིགས་ལུང་པ་གང་བཤད་རྒྱུ་ཡོད་ཅིང་ཐ་ན་རང་གི་མི་ཚེའི་བཟའ་རོགས་ཞིག་འཚོལ་དགོས་ན་ཡང་ཨ་མའི་སེམས་དང་མ་འཕྲོད་ན་སྡུག་བཤད་ཀྱི་རྣ་བ་འོན་དུ་འཇུག འབྲི་མོ་བཀའ་དྲིན་ཅན་དག་ནི་དེ་ལྟ་མིན་པར། དུས་རྟག་ཏུ་འཇམ་དུང་ངེ། ཁུ་སིམ་མེར། དབེན་ཐིངས་ངེར་འདོད་རྒུ་སྩོལ་བ་ཁོ་ན་ལས་ནམ་ཡང་གཤེ་བར་མི་བྱེད།
མ་རྒན་འདི་ན་བའི་དུས་སུ་ནད་གཡོག་སྨན་བཅོས། གྲོངས་ཟིན་པའི་རྗེས་སུ་ཕུང་པོ་བྱ་གཏོར། ས་སྦེད། མེར་བསྲེགས་སོགས་ལ་འགྲོ་སོང་ལུང་པ་གང་གཏང་དགོས། དེའི་སྟེང་དུ་འཕོ་བ་འདེབས་པ། བདུན་ཚིགས་འདེད་པ། བསྔོ་འབྲེལ་འཇོག་པ་ཡན་ཆོད་ཀྱི་འགྲོ་གྲོན་ལུང་པ་གང་བཏང་ནས་ཚེ་གཅིག་ལ་བསགས་པའི་རྒྱུ་ནོར་ཕལ་མོ་ཆེ་ཁ་དག་འགྲོ། འབྲི་མོ་བཀའ་དྲིན་ཅན་དག་ནི་དེ་ལྟ་མ་ཡིན་པར། ཤི་བའི་དུས་སུ་ན་ན་ཚ་ཚའི་སྡུག་སྨྲེ་འདོན་པ་ཐོས་སུ་མེད་ཅིང་། ན་ཚ་ཟུག་གཟེར་ཚང་མ་མོ་རང་གིས་ཁུར་ནས་འཇམ་ཅག་གེར་ཚེ་ཕྱི་མར་འགྲོ་ཞིང་། ཤི་བའི་རྗེས་སུ་ཡང་ཤ་དང་པགས་པ་སོགས་ཀྱིས་འཚོ་བའི་འགྲོ་གྲོན་གསབ་པར་རོགས་འདེགས་ཆེན་པོ་ཡོང་། དེ་ཙམ་གྱིས་མཚོན་ནས་ཤེས་པར་བྱ་དགོས།
འབྲི་གཡག་གི་བཤས་ར་འཛུགས་མཁན་རྣམས་ནི་བོད་མི་མིན་པར་ཕྱིའི་མི་འཁྱམས་རྣམས་ཡིན་ཞིང་། ཕྱི་ནས་ཡོང་བའི་ཚོང་པ་དང་ནང་གི་རྐུན་མ་གཉིས་ནི་འབྲི་གཡག་ཁྲོམ་རར་སྐྱེལ་མཁན་གཙོ་བོ་ཡིན། དེ་ལས་ཤེས་ནུས་པ་ཞིག་ནི་འབྲི་གཡག་ཁྲོམ་རར་སྐྱེལ་བ་འདི་བོད་མིའི་མི་ཚེའི་ཡ་རབ་རིན་ཐང་ལྟ་ཚུལ་གྱི་འདུ་ཤེས་དང་མི་མཐུན་པ་གསལ་པོ་རེད།
མཇུག་བསྡུ་བ།
མཐོ་སྒང་གི་འབྲི་གཡག་རྩ་སྟོང་དུ་མ་སོང་གོང་ནས་སྲུང་སྐྱོབ་བྱེད་ཐབས་ལ་བསམ་གཞིག་དང་། འབྲི་གཡག་མི་གསོད་པའི་ལས་འགུལ་སུས་སྤེལ་ལ་རྒྱབ་སྐྱོར། མང་ཚོགས་ལ་འབྲི་གཡག་སྲུང་སྐྱོབ་ནི་མཐོ་སྒང་གི་སྣོད་བཅུད་སྐྱོབ་པའི་ལས་འགུལ་གྱི་རྣམ་གྲངས་གཙོ་གྲས་ཤིག་ཡིན་པ་ངོས་ཟིན་དུ་འཇུག་པ། ཆོས་ལུགས་ཀྱི་དབུ་ཁྲིད་མི་སྣ་དང་ཤེས་ཡོན་ཅན་ཚོས་སྣེ་ཁྲིད་ནས་འབྲི་གཡག་ཁྲོམ་རར་མི་སྐྱེལ་བའི་ལས་འགུལ་སྤེལ་བ། འབྲི་གཡག་གི་ཤ་ཁྲོམ་རར་བཙོང་བ་ཁྲིམས་ཐོག་ནས་འགོག་འོས་ཚུལ་སྲིད་གཞུང་ལ་སྙན་ཞུ་འབུལ་བ་སོགས་ཀྱི་ལས་འགུལ་སྤེལ་བ་བཅས་ནི་ཕྱི་འགྱང་ཤོར་མི་རུང་བའི་གནད་དོན་ཞིག་ཏུ་གྱུར་ཡོད།
གོང་དུ་སྤོབས་པ་མཐའ་ཡས་མཆོག་གིས་ཡང་ཡང་གསུངས་པ་ལྟར་སྒོ་ཟོག་སྲུང་སྐྱོབས་ཀྱི་གོ་རྟོགས་མ་སྐྱེ་བ་སྐྱེས་པ་དང་སྐྱེས་པ་གོང་འཕེལ་གྱི་ཆེད་དུ་ལས་གང་ཞིག་ཡིན་གྱང་ང་ཚོས་སྒྲུབ་འོས་པ་ཙམ་དུ་མ་ཟད་དུས་ཚོད་ཕྱི་དྲག་པའི་སྐྱོན་ཡོད་པའི་སྡུག་བསྔལ་བྱེད་དགོས་ཀྱིན་འདུག བཀུར་འོས་པའི་དྲ་ཉུལ་བ་ཡོངས་ཀྱིས་ཐུགས་བསམ་རྣལ་མ་བཞེས་རོགས། འདིས་ཐད་དོགས་པ་ཡོད་ན་དབྱེ་ཞིབ་ནན་མོ་བྱེད་དགོས་པ་འདྲ།
སྤོབས་པ་ལགས། འབྲི་གཡག་སྲུང་སྐྱོབས་ཀྱིས་གཏམ་ཐུང་འདིར་མ་རྒན་ལས་དྲིན་ཆེ་རབས་བཤད་པ་དེ། ང་དངོས་གནས་དགོད་སྤྲོ་བ་དང་སེམས་ཁྲལ་ཡང་བྱུང་། ལུག་དང་རྟའི་སྲུང་སྐྱོབས་སྐོར་ཡང་བཀོད་མི་འདུག འབྲི་གཡག་ལ་སྲུང་སྐྱོབ་དགོས་པའི་ཀུན་སློང་དེ་སྐྱེ་བ་ཅི་ཡིན་ནམ། ཞུ་འདོད་བྱུང་།
ཁྱིམ་བདག་གི་འཚོ་རྟེན་ལ་ཐུག་ཡོད་པའི་གནས་ཚུལ་ཞིག་རེད་མ་གཏོགས། འདི་དགེ་ཆོས་དང་མི་ཆོས་ལ་བསྟུན་དགོས་ནི་ཞིག་མ་རེད། འབྲོག་པའི་འཚོ་རྟེན་ལ་སྐར་མོ་ཀྱོག་ཀྱོག་ཅིག་གིས་ཕན་འདེགས་མེད་པའི་སྤྱི་ཚོགས། དཔེར་ན་དགོན་སྡེ་ཁོག་དང་། བཙན་བྱོལ་བསྒྲིགས་འཛིག་ལྟ་བུ་ལ་བཅོས་རྟོག་སྤུ་ཙམ་ཡང་མེད་དོ། ང་ཚོས་གནའ་ནས་ད་བར། ད་ནས་སྐལ་བའི་བར། གཡག་གིས་བོད་གསོ། བོད་ཀྱིས་གཡག་གསོ་ནི་འགྲོ་རྒྱུ་ཡིན་པས། གདོང་དམར་པོ་དང་གཡག་དྲིན་ཆེན་གཉིས་གཅིག་ལ་གཅིག་རྟེན་དུ་འཚོ་དགོས་པས་། ཅིག་གོ་དང་ཁུལ་དང་ཤེས་དང་ཁུལ་བྱེད་ཀི་མ་འདུག། ང་ཚོ་ནམ་ཡང་གཡག་ལ་ཤ་ཚ་མཁན་དང་རྩྭ་ཆུ་གང་བཟང་སྤྲོད་མཁན་དེ་ཡིན་པས། ང་ཚོར་སེམས་ཁུར་མེད་ས་ན། ཁྱེད་ཚོ་ལ་དེའི་སྐོར་བཤད་པའི་སྐད་ཆ་མ་བབས་ནི་ཞིག་རེད།
ཉལ་ས་སྐྱིད་པོའི་ནང་ནས་ཅིག་བཅོས་ན་མི་འགྲིག། འདི་བཅོས་ན་མའགྲིག་པའི་ཁ་རྒྱགས་པ་མ་མང་ན་བཟང་། བླ་སྐྱིད་དང་བན་རྒན་ཚོས་དཀོན་མཆོག་རང་སྟེང་དུ་བོས་ན་ཡག་པ་ལས། གཞན་མགོ་ལ་བཙན་འཇོག་བྱེད་འདོད་འདི་ཉུང་ན་བཟང་། གཅིག་ནས་ཁྱེད་ཅག་ལ་དགུན་ཤ་ཆད་འགྲོ། གཉིས་ནས་ཁྱེད་ཅག་ལ་དད་ལོག་སྐྱེ་ཡོང་། ཤེས་སོང་ངམ།
གནམ་ལགས། ཁྱེད་ཀྱིས་ཉམས་མྱོང་དང་བརྩེ་དུང་ཟབ་པའི་ཚིག་གི་ཉུང་ཁུ་ལྟ་བུར་བདག་གི་གོ་ཕྱོགས་ལྟར་ན། གཡག་སྐྱོབས་ཀྱིས་མིང་ཐོག་ནས་གཡག་དང་གཡག་རྫིས་སྲོག་གཅོད་མི་ཆོག་ཅེས་པར་གོ་གིན་འདུག་པས་དེ་ལྟར་ཡིན་ནམ།
གཡག་དང་གཡག་རྫི་གཉིས་ལ་བཅོས་རྟོག་མ་བཤད་བརྫོས་བ་ཡིན། བཤའ་འདོད་ན་གཡག་རྫིའི་ལག། སྐྱོངས་འདོད་ན་གཡག་རྫིའི་ལག། འབྲོག་པ་འཚོ་དགོས་ན་གཡག་གི་ལག། ཁ་རྒྱབ་ཁེབས་དགོས་ན་གཡག་གི་ལག། ཁྱེད་ཚོ་མྱི་རྐྱང་རི་ཤོར་མ་ཚོ་ཅི་ཞིག་ལ་ངུ་འི་ཡོད་བརྫོས་བ་ཡིན།
མི་གོ་ན་གོ་ནི་ཤིག་འབྲི་ཨེ་ཤེས་ལྟ་དགོས། ཁྱོས་ཡང་ཨེ་གོ་མི་གོ་ལ་ཀླད་ཤུགས་མཐོ་རུ་གཏང་དགོས། ཧ་ཧ།
གནམ་ལགས། ཁྱེད་ཀྱིས་ནམ་ཞར་དུ་འབྲོག་པའི་ཁ་སྐད་དང་ཡང་ན་བརྡ་རྙིང་གཅིག་རེ་ཡི་མི་ལ་ངོམ་ཁྱེར་ལྟ་བུར་གནང་གིན་འདུག་ཡང་།
དེ་རིང་གློ་བུར་དུ་ཚིག་གོ་བདེ་ཞིག་བེད་སྤྱད་ནས་བྲིས་གནང་འདུག་པར་ང་ཧ་ལས་བྱུང་། དེ་མིན་མྱི་སྐད་ཚང་མ་སྔ་མོ་ནས་སྦྱོང་འདོད་མེད་ལགས།
དེ་རིང་ཁྱེད་ཀྱི་གོ་པ་ཡར་རྒྱས་ལ་ཕྱིན་པ་ཡིན་མདོག་ཁ་པོ་རེད། ད་བྱས་ན་ཡག་བྱུང་། ངས་ནི་ཁྱེད་ཅག་ལ་ཁ་བརྡ་མ་བྱུང་པར་དཀའ་ལས་འདྲ་ཞེ་པོ་ཅིག་འཕྲད་བྱུང་། བླ་མ་དཀོན་མཆོག་མཁྱེན། ད་ཡིན་འགྲིགས་བཞག། དྲེན་དཀར་ལགས་ཐུགས་རྗེ་གཟིགས་ཨ། ཧ་ཧ།
གནམ་ལགས། ཁྱེད་ནི་སྐད་ཡིག་གི་དྲག་སྤྱོད་པ་དང་ཡང་ན་སྐད་ཡིག་རྙིང་གཏོར་བའི་བྱ་སྤྱོད་ཅན་བ་རྩོད་ཐོག་སྲོག་གཏོང་མཁན་ལྟ་བུར་ཞིག་ཏུ་མངོན་མོད། དངོས་གནས་བྱས་ན་མི་སེམས་བཟང་ཅན་ལྟ་བུ་ཞིག་ཏུ་བདག་གི་ནི་ཁུམས་སོ། སློབ་གསོ་ཐོག་རྒྱ་འོག་ཏུ་ཤོར་སོང་བ་ཙམ་མ་གཏོགས། ཕ་མ་དྲིན་ཅན་དྲིན་ཅན་དག་གི་དྲིན་ལས་བོད་དྲི་བྲོ་བར་བདག་གི་ཡི་རང་ཞུས་བ་ཡིན་ལགས།
འབྲི་གཡག་ནི་མ་རྒན་ལས་ཀྱང་དྲིན་ཆེན་རེད་ཟེར་བ་དེ་ཧ་ཅང་གི་རྒོད་བྲོ་བའི་གཏམ་ཞིག་ལགས། འབྲི་གཡག་ཅི་ཙམ་གྱི་རྩ་ཆེན་དང་དྲིན་ཆེན་ཡིན་ཡང་མ་རྒན་ལས་ལྷག་ཅིག་ཡིན་མི་སྲིད། སོ་སོའི་མ་རྒན་གྱིས་འགྲིག་མི་འགྲིག་གི་གཏམ་ལོང་བ་གང་བཤད་རྒྱུ་ཡོད་པ་དང་། ཤི་དུས་ཡང་འགྲོ་སོང་ཆེན་པོ་ཡོད་ཟེར་བ་དེ་བས་ཀྱང་དགོད་བྲོ་བའི་གཏམ་རེད། དེ་རེས་སྤོབས་པ་མཐའ་ཡས་ལགས་ཀྱིས་ར་བཟི་བའི་གཏམ་ལོང་བ་གང་བརྗོད་འདུག།
མཆན་༣༽པ་འདེབས་མཁན་གནམ་ལགས་ཀྱི་དགོངས་ཚུལ་དེ་ལ་མོས་མཐུན་ཡོད། ལས་དབང་ལྟ་བུ་ཅི་ཞིག་གི་སྟབས་ཀྱིས་བོད་མིར་ཚོ་བཀག་རྒྱ་ཞིག་ལས་ནམ་ཡང་ཐར་ས་མི་འདུག ཐ་ན་གདོད་མ་ནས་ལུ་རྒྱུ་རྒྱུད་དུ་བྱུང་བའི་རང་གི་འཚོ་རྟེན་ཙམ་གྱི་ཐད་ནས་ཀྱང་བཀག་རྒྱ་འདི་ཙམ་ཆེ་བ་རེད། སུ་ཞིག་གི་ཁྱིམ་ཚང་གི་དགོས་མཁོའི་ཆེད་དུ་རང་བདག་གི་རྒྱུ་ནོར་གྱིས་ཅི་བྱེད་ན་བྱེད་དུ་བཅུག་ཆོག་པ་ཞིག་ལས། དེ་ལ་བླ་གྲྭ་ཚོའི་ཆོས་ཁྲིམས་སྣོན་མ་ལྟ་བུ་དེ་འདྲ་དགོས་ཚོད་མ་རེད།
དོན་དངོས་སུ་བོད་ཀྱི་འབྲི་གཡག་རྩ་སྟོང་གི་ལས་ནི་དགྱ་གཞུང་དང་དགྱ་མི་ཚོས་བྱེད་ཀྱི་ཡོད་པ་རེད། གཞན་ལ་བལྟ་དགོས་མི་འདུག དེང་སྐབས་དགྱ་གཞུང་གིས་བཙན་ཤེད་ངང་བོད་ཀྱི་ནོར་བདག་ཚོ་གྲོང་ཁྱེར་ལ་དེད་དང་འདེད་བཞིན་པ་འདིས་ཤེས་ཐུབ་ཀྱི་རེད། ཤུགས་རྐྱེན་ཆེ་བའི་བླ་གྲྭ་དེ་རིགས་ཀྱིས་རང་གི་མི་དམངས་ཚོར་ཅིག་བྱེད་བསམ་ན། འབར་གས་སྐྱེན་པའི་དུག་རྫས་ལྟ་བུ་དགྱ་གཞུང་གི་ཇུས་ངན་དེ་ཚོ་འགོག་ཐབས་ལ་ཁ་ཚ་དགོས་གཏུག་གིས་གཞོལ་ན་ལེགས།
དེ་མིན་གྱི་དོན་ཆུང་དགེ་བཅུའི་ཁྲིམས་ལྷག་ལྟ་བུ་ནི་མེད་མི་རུང་གི་དགོས་མཁོ་ཞིག་གཏན་ནས་མ་རེད་བསམ། དེ་ཐད་ནས་མི་དམངས་ཚོར་གོ་བསྐོན་བློ་འགུག་བྱས་ན་འགྲིག་པ་ལས། ཆེད་བཟོས་ཀྱི་ཁྲིམས་ལྷག་ཅིག་དགོས་དོན་མི་འདུག་བསམ། དགེ་བཅུའི་ཁྲིམས་ལྷག་དེའི་ལྡོག་ཕྱོགས་ནས་ག་ཚད་བྱས་ཀྱང་དེ་ལ་དགྱ་གཞུང་གིས་ཉེས་ཆད་གཅོད་ངེས་པས་དོན་ཆུང་གི་སེམས་ཁྲལ་ཁ་སྣོན་ཙམ་ཞིག་རེད།
ཆོས་དད་ཀྱི་ཆ་ནས་ངས་དེ་ཙམ་མི་ཤེས་ཀྱང་བཟང་སྤྱོད་ཅིག་དགོས་པ་ནི་ཏན་ཏན་རེད། ཡིན་ན་ཡང་། བོད་ཀྱི་འབྲི་གཡག་ཚོ་བོད་ལ་བཀའ་དྲིན་ཆེ་བ་ཇི་བཞིན། བོད་མི་ཚོ་ཡང་ཁོ་ཚོ་ལ་བཀའ་དྲིན་ཆེ་ནས་ཡོད་པ་ཞིག་རེད། མཐར་གཏུག་ན། མ་གཞི་ནས་བོད་པ་ཚོས་རང་བདག་འབྲི་གཡག་དེ་ཚོ་བོད་མཐོ་སྒང་གི་རྒྱན་ཆ་དང་། བོད་མི་རིགས་ཀྱི་བླ་ཟོག་ཡིན་རབས་ཀྱི་འདུ་ཤེས་ཤིག་གི་ཐོག་ནས་བཤས་ཚོང་མི་བྱེད་པ་ཞིག་བྱུང་ན་ཧ་ཅང་དགའ་འོས་མོད། དགྱ་གཞུང་དང་དགྱ་རིགས་ཚོས་བསླུ་བྲིད་ངང་བོད་ཀྱི་དེ་ཚོ་བཤས་ཚོང་བྱས་དང་བྱེད་ཀྱིན་རྩ་སྟོང་ལ་འབུད་ངེས་པ་ཞིག་རེད།
འདི་དང་འབྲེལ་བའི་རེ་འདོད་ཅིག་ལ། དྲ་གྲོགས་འགའ་རེས་བརྗོད་གཞི་དང་འབྲེལ་ནས་དགོངས་ཚུལ་མི་གསུངས་པཪ། དང་པོ་རང་ནས་མཁན་པོ་ཁོང་ལ་ཚིག་ངན་དང་བཅས་ཏེ་རྒྱུག་པ་ལེབ་རྡུང་ལྟ་བུ་བྱེད་པ་དེ་རིགས་མ་གནང་ན་འོས་པ་ལ་ཨང་བསམ་ཡོང་།
འབྲི་གཡག་བཤས་རར་བསྐྱལ་བའི་ལས་འགུལ་མགྱོགས་ཤོས་ནི། ཡུལ་མི་ཁྱིམ་པ་ཚོས་ཤ་བཅད་དགོས་པའི་ལས་འགུལ་ཤུག་ཆེར་སྤེལ་བ་དེ་ཡིན།
ཤ་ཟ་མི་ཆོག་ན་་་་་་་་ལུག་དང་གཡག་སོགས་འཚོ་སྐྱོང་བྱེད་པའི་དགོས་པ་ཅི་་་་་་་་་་ མི་འགའ་ཞིག་གིས་་་་་་་བོད་མའི་མཚོན་རྟགས་དང་། འཁོར་ཡུག་དང་གནའ་དངོས་སྲུང་སྐྱོབ་སོགས་བཤད་སྲིད་ཀྱང་་་་་་་ དེ་ནི་རྐུབ་སྟེགས་སྟེང་གི་སྐད་ཆ་ལས་་་་་་་ཡུལ
་མི་དཀྱུས་མའི་འཚོ་བ་དང་ཁ་ཐག་མི་ཉེ།
ཧཧ། གཤའ་ར་ཁྲིད་ནས་ཚར་རྒྱུ་ཞིག་ཡོད་ན། ཉ་དང་ཁྱིམ་བྱ་ཚོ་ཚར་དགོས་རེད། འོན་ཀྱང་ཚར་ཡ་མེད་ཅིང་དེ་ལས་མང་དུ་ཡོང་གི་ཡོད།
དཔྱོད་ལྡན་ཨ་ནུ་ཐང་པ་ལགས། དེ་ངའི་རྩོམ་གྱི་བརྗོད་གཞི་གཙོ་བོ་ཡིན། བྱ་མོ་གཅིག་གིས་ལོ་གཅིག་ལ་སྒོ་ང་ག་ཚོད་འཇོག་ཐུབ། ཕག་སྐྱེ་ཐེང་རེ་ལ་ག་ཚོད་མང་པོ་སྐྱེ་ཐུབ། འབྲི་གཡག་ཟེར་བ་དེས་དེང་རབས་ཁྲོམ་རའི་ཤ་ཡི་དགོས་མཁོ་སྐོང་ཐུབ་པ་ཞིག་མ་རེད་ཟེར་བ་དེ་ང་བཤད་བྱའི་གཙོ་བོ་གཅིག་ཡིན་ཁུལ་ཡིན་ལགས།
བོད་ཀྱི་ཐུན་མོང་མི་ཡིན་པའི་སྲོག་ཆགས་འབྲི་གཡག་ལ་སྲུང་སྐྱོབ་བྱས་པ་དེ་ཅིས་ཀྱང་གལ་ཆེན་ཞིག་རེད་འདུག་པས། རྗེས་སུ་ཡི་རངས་ཡོད། ང་ཚོའི་ཚང་མས་དེ་སྐོར་ལ་དོ་སྣང་བྱས་ན་ལེགས། མ་རྒན་འབྲི་གཡག་ལས་དྲིན་ཆེན་རེད་ཟེར་ན་དེ་ནི་ཐལ་དྲག་པའི་གཏམ་ཞིག་ཏུ་ཟད་དོ།།
སྤོབས་པ་མཐའ་ཡས་ཁྱེད་དངོས་གནས་དོན་གྱི་སྤོབས་པ་མཐའ་ཡས་ཤིག་རེད། ཁྱེད་ལ་འབྲི་གཡག་སྲུང་སྐྱོབ་དགོས་པའི་རྫ་དྲག་གི་སྔོན་རྟོགས་འདི་འདྲ་བྱུང་ཞིང་། བྱུང་བ་ནང་ལྟར་རྩོམ་ཡིག་ཏུ་སྤེལ་བར་སྙིང་ནས་ཡིད་རངས་ཞུས་པ་ཡིན། དེ་མིན་མི་མགོ་སྟོང་ཚོས་འབྲི་གཡག་སྲུང་སྐྱོབ་དགོས་པའི་གལ་ཆེའི་རང་བཞིན་དེར་གོ་བ་མི་ལོན་པར། རིགས་ལོག་འགའ་ཞིག་ཁུར་ནས་ཉ་དང་ཕག་དང་ར་ལུག་སོགས་མཚན་གཞིར་འཇོག་ཁུལ་བྱས་འདུག་པ་ནི། རྟོག་གེའི་རིགས་པས་ཤེས་རབ་འཆལ་བའི་ལམ་དུ་ཁྲིད་ཟིན་པའི་ལྟས་སུ་འདུག་པ་ལས་དོན་རྐྱེན་གང་ཞིག་ལ་དབྱེ་ཞིབ་བྱེད་ཐུབ་ཡོད་པའི་མཐོང་སྣེ་ཅི་ཡང་མངོན་མི་ཡོང་། དེ་བས་ད་དུང་ཁྱེད་ཀྱིས་རྗེས་ཕྱོགས་སུ་འབྲོག་ཁྱི་སོགས་བོད་ཀྱི་ཐུན་མིན་སྲོག་ཆགས་ཀྱི་རིགས་གཞན་རྣམས་ཀྱང་སྲུང་སྐྱོབ་དགོས་གལ་གྱི་རྩོམ་ཡིག་འདྲ་ཡང་སྤེལ་རྒྱུའི་རེ་བ་ཤིན་ཏུ་ཆེ།
ད་འབྲོག་ཁྱི་སྲུང་སྐྱོབ་ཁག་པོ་ཆགས་ཚར་བ་རེད། སྔོན་མ་ལོ་ཉི་ཤུ་ཙམ་གྱི་གོང་ལ་མི་ཞག་གིས་ཁྱི་རྒན་འདི་ཚོ་ལོ་ལྔ་བཅུའི་ནང་ལ་རྩ་སྟོང་འགྲོ་གི་རེད་ལབ་སུ་གཅིག་གིས་བདེན་ལ་འཛིན་གི་མ་རེད། ཡང་མི་ཚོས་ཐལ་དྲགས་པ་རེད་ཟེར་ཁུལ་བྱེད་ཀྱི་རེད། ད་ལྟོས་དང་འབྲོག་ཁྱི་ག་ཚོད་ལུས་འདུག འབྲི་གཡག་གི་ཤ་ཁྲོམ་རར་བཙོང་སྲོལ་མུ་མཐུད་དུ་གནས་ན་འབྲི་གཡག་ནི་འབྲོག་ཁྱི་ལས་ཀྱང་རྩ་སྟོང་གི་ཉེན་ཁ་ཆེ་བ་དང་མགྱོག་པ་རེད།
་་་་་་ ད་ལྟོས་དང་འབྲོག་ཁྱི་ག་ཚོད་ལུས་འདུག འབྲི་གཡག་གི་ཤ་ཁྲོམ་རར་བཙོང་སྲོལ་མུ་མཐུད་དུ་གནས་ན་འབྲི་གཡག་ནི་འབྲོག་ཁྱི་ལས་ཀྱང་རྩ་སྟོང་གི་ཉེན་ཁ་ཆེ་བ་དང་མགྱོག་པ་རེད། ་་་་་ཟེར།
ང་འབྲི་གཡག་དང་། བོད་ཀྱི་ར་ལུག་འབྲོག་ཁྱི་བཞི་ལ་དམིགས་ནས་རྒྱུན་འཁྱོངས་འོངས་པའི་སྨོན་ལམ་རྒྱབ་བཞིན་ཡོད། གསར་འབྱོར་བ་འགའ་ཞིག་བོད་ལ་ལོག་ནས་དེང་དུས་ཡོ་རོབ་ཀྱི་འབྲོག་པ་ཕྱུག་པོ་ཆགས་སྟངས་སྐོར་སློབ་གསོ་གང་མགྱོགས་གནང་དགོས་རེད། དེ་ཡང་གསར་འབྱོར་དུ་ཕྱིན་པའི་དགོས་དོན་ཅིག་རེད། ལགས། མ་རེད་པེ།
ད་ལྟ་ང་ཚོའི་བོད་ལ་ཡོད་བཞིན་པའི་ངོམ་རྒྱུ་གསུམ་ཡོད་རེད། དེ་གསུམ་ནི། བོད་ཀྱི་ཁོར་ཡུག བོད་ཀྱི་སྒོ་ཕྱུག་སེམས་ཅན་དང་རི་དྭགས། བོད་མའི་ཆོས་དད་དང་གསུམ་རེད་དོ།། །།
ད་དུང་བོད་ནང་ཡར་རྒྱས་དགོས་པ་གསུམ་ནི། མི་རིགས་ཀྱི་ལ་རྒྱ། ཤེས་ཡོན་དང་འཕྲོད་བསྟེན་གསུམ་རེད་དོ།། །།
ཁྱི་རྒན་ཟེར་བ་འདིར་རྒྱ་གིས་ལྟར་བ་ཤུག་ཆེན་པོ་འདུག་
སྤོབས་མཆོག་མཐའ་ཡས་ལགས། ཁྱེད་ཀྱིས་གསུངས་བ་བདེན་པ་རེད། ཡིན་ཡང་། འབྲི་གཡག་ནི་ཉ་དང་བྱ་ལས་རྡབ་ག་ཚོད་ཀྱིས་ཆེ་བ་འདུག་གམ། ཨ་ལེ་རྩེད་མོ་ཡིན།
ངས་ལྟས་ན་འབྲི་གཡག་རྩ་སྟོང་འགྲོ་བའི་རྒྱུ་ནི་གཤའ་ར་བཅུག་པ་ཁོ་ནས་མིན་ཞིང་། དེ་ལས་ལྷག་པ་ནི་རྩྭ་ཆུ་དང་འབྲོག་པ་རེད། གལ་སྲིད་འབྲོག་པ་མེད་ན་ཕྱུགས་ཟོག་སྙོར་སྐྱོང་བྱེད་མཁན་མེད་པས་ཕྱུགས་ཟོག་རྣམས་བདག་མེད་ཆགས་པས་མི་འཁྱམ་དང་གཅན་གཟན་གྱིས་ཅི་འདོད་དུ་གསད་ངེས་ལ། ནད་ཡམས་དང་བཀྲས་ལྟོགས་སོགས་ཅི་འདོད་དུ་ཡོང་བས་རྩ་སྟོང་དུ་འགྲོ་བའི་སྔོན་འགྲོ་བྱེད་སྲིད།
གལ་སྲིད་འབྲོག་པ་རྣམས་ཉུང་དུ་ཕྱིན་ཚེ་དེ་ཚོད་ཀྱིས་ཕྱུགས་ཟོག་ལ་དོ་བདག་བྱེད་མཁན་མེད་པས་ཉུང་དུ་འགྲོ་སྲིད་ལ། བོད་མི་རྣམས་ཀྱིས་ཕྱུགས་ཟོག་འཚོ་འདོད་མེད་ཚེ། ཉིན་ཞིག་རྒྱ་དང་ཁ་ཆེས་འཚོ་སྲིད་ཅིང་། བོད་ཀྱི་རྩྭ་ཐང་རིམ་བཞིན་མི་རིགས་གཞན་གྱི་ལག་ཏུ་ཤོར་ཚེ། འབྲོག་པ་མང་པོ་ཞིག་གི་འཚོ་རྟེན་ལ་དཀའ་ངལ་འཕྲད་སྲིད། ཡོ་རོབ་ཡིན་ན་གཞུང་ངོས་ནས་ཕྱུགས་ཟོག་འཚོ་མཁན་ལ་དམིགས་བསལ་གྱིས་ཟླ་ཕོགས་ཡོད། རྒྱུ་མཚན་ནི། གྲོང་ཁྱེར་འཚོ་བ་དང་འཛམ་གླིང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་ཚེ་རེ་ས་ཞིང་ཕྱུགས་ལས་མེད་ཅིང་། ད་ལྟ་ཞིང་ཕྱུགས་ཐོན་སྐྱེད་བྱེད་མཁན་བཟོ་ཚོང་ལས་ཁང་ལས་སྒེར་ཁྱིམ་ཉུང་དུ་འགྲོ་བས་རེད།
རྒྱལ་ཁབ་བམ་མི་རིགས་ཤིག་གི་གལ་ཆེའི་མཚོན་དོན་ཡིན་ན་གཤའ་ཆོོང་བྱེད་མི་ཆོག་པ་མེད་དེ། བྷ་ཧྥི་ལ་ནི་ཨ་རིའི་གདོད་མའི་མི་རིགས་ཀྱི་མཚོན་དོན་ལྟ་བུའི་སྲོག་ཆགས་ཡིན་ཡང་། གཤའ་ཚོང་བྱེད་ལ། kangaroo་ཨོ་སི་ཐྲི་ལི་ཡའི་མཚོན་དོན་ལྟ་བུ་ཡིན་ཡང་རྒྱལ་ཁབ་༥༥ནང་དེའི་ཤ་ཡི་ཚོང་འབྲེལ་བྱེད་བཞིན་ཡོད་ཚུལ་གྲགས།
སྒོ་ཕྱུགས་ཀྱི་འཕེལ་ཁ་ནི་ལུགས་དང་མཐུན་པའི་གཤའ་ཚོང་བྱས་ན་མི་གནོད་ཅིང་། གཙོ་བོའི་སྙོར་སྐྱོང་ལ་རག་ལས་ཡོད་དེ། རང་སྒེར་བྱས་ནས་བོད་ཀྱི་ཕྱུགས་རིགས་ལྡབ་གསུམ་གྱིས་མང་དུ་འཕེལ་ཡོད་ཀྱང་། འབྲོག་པ་རྣམས་ཀྱིས་རང་གི་དགོས་མཁོ་དང་མཐུན་པའི་གཤའ་ཚོང་མཚམས་བཞག་མྱོང་མེད། དྲང་མོ་བཤད་ན་ཡོ་རོབ་ཀྱི་བ་གླང་བོད་ཀྱི་འབྲི་གཡག་ལས་རྡབ་མང་པོའི་ཉུང་ཡང་ནུབ་མི་རྣམས་ལ་དེའི་རིགས་རྒྱུད་ཆད་འགྲོ་སྙམ་པའི་དཀའ་ངལ་མེད་ལ། འཚོ་སྐྱོང་དང་གཤའ་ཚོང་རྒྱུན་གནས་སུ་བྱེད་མུས་རེད། རྒྱུ་མཚན་ནི། སྒོ་ཕྱུགས་ནི་རི་དྭགས་དང་གཅན་གཟན་དང་མི་འདྲ་བ་མིའི་འཚོ་རྟེན་ཡིན་པས་མི་རྣམས་ཀྱིས་ནམ་ཡང་སྙོར་སྐྱོང་བྱེད་ངེས་ལ། འཕེལ་ཁ་དང་སྟུན་ནས་གཤའ་ཚོང་བྱེད་ངེས་ལས་རྩ་རྫོགས་ཀྱིས་ཡོད་ཚད་གཤའ་རར་བཅུག་ནམ་ཡང་མི་སྲིད་དོ།
སྒོ་ཕྱུགས་རྣས་སེམས་ལྡན་ཚོར་ལྡན་གྱི་སེམས་ཅན་རེད། འདི་དག་མིས་གང་འདོད་དུ་བེད་སྤྱོད་གཏོང་ཆོག་ཆོག་གི་སྔོ་ཚལ་ལྟ་བའི་འདུ་ཤེས་བཟུང་ན་ནམ་ཡང་འགྲིག་ཐབས་མེད་པ་རེད།
བདེན་པ་རེད། སྤོབས་མཐས་གསུངས་པ་བདེན་པ་རེད། འབྲི་གཡག་གཉིས་ནི་བོད་པའི་ཐུན་མིན་གྱི་རྒྱན་ཆ་རེད། དེ་གཉིས་ནི་བོད་པའི་རྒྱུ་ནོར་གྱི་འབྱུང་ཁུངས་དང་འཚོ་རྟེན་རེད་ཟེར་ཀྱང་ཆོག །འོན་ཀྱང་། དེང་བོད་མི་གཞོན་སྐྱེས་རྣམས་འཕྲལ་གྱི་དངུལ་ལ་བལྟས་ནས་འབྲི་གཡག་གསོ་སྐྱོང་བྱེད་རྒྱུའི་དཀའ་ངལ་འཛེམ་ནས་ཕ་མེས་ཀྱིས་གསོ་སྐྱོང་བྱས་པའི་འབྲི་གཡག་དེ་རྒྱ་ལ་བཙོང་ནས་ཁང་པ་བཟོ་བཅོས་དང་མོ་ཊ་སོགས་ཉོས་ནས་ཧང་སང་མདོག་བྱེད་བཞིན་ཡོད། འབྲི་གཡག་ཙམ་དུ་མ་ཟད་ཁྱི་འཚོང་རྒྱག་མཁན་ཇེ་མང་རེད། ཁྱི་འཚོང་བྲིམ་པོ་ཡོང་ཆེད་ཁྱི་ལ་སྡུག་པོ་གཏོང་བ་ཉུང་ཉུང་མིན། དོན་དུ་བོད་མི་རྣམས་ཡ་རབས་སྙིང་རྗེ་ཟེར་ན་ཡང་ཚིག་ཙམ་རེད།
བོད་མི་མང་པོ་ཞིག་གིས་བོད་ཀྱི་ཐུན་མིན་གྱི་སེམས་ཅན་དང་ཁོར་ཡུག་ལ་གནོད་འཚེ་གཏོང་མཁན་དེ་རྒྱ་མི་རེད་ཟེར་ནས་ཁ་ཕོ་སྒྲོག་བཞིན་ཡོད་མོད། ཞིབ་ཕྲ་བལྟས་ན་བརྒྱ་ཆ་བདུན་ཅུ་ལྷག་བོད་མི་རང་ཉིད་ཀྱིས་བཟོ་བཞིན་ཡོད། འོན་ཀྱང་རང་གིས་རང་མི་རིགས་ལ་སྐྱོན་བརྗོད་བྱེད་ཕོད་ཀྱི་མེད།
ཨ་ནུ་ཐང་ལ་བདེན་ཁ་བསྟེར། འབྲི་གཡག་རྒྱ་ཁ་ཆེར་བཙོང་བ་དང་ཤས་རར་ཕབ་པ་སོགས་ཧ་ཅང་གི་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་ཀླ་ཀློའི་བྱ་སྤྱོད་ཉིད་དུ་ཟད། འོན་ཀྱང་ངས་གོ་ཐོས་ལ་དགེ་བཅུའི་ཁྲིམས་ཀྱིས་འབྲོག་སྡེ་མང་པོ་ཞིག་འབྲི་གཡག་བདག་མེད་དུ་གཡུག་པ་དང་། ཁྱུ་སྡེབས་གཞན་ལ་བཙོང་ནས་བོད་མི་རིགས་ཀྱི་གདོད་མའི་སྲོལ་རྒྱུན་འབྲོག་སྡེ་རྩ་སྟོང་དུ་འགྲོ་ཡི་ཡོད་རབས་བཤད་རྒྱུ་འདུག། རྒྱུ་མཚན་དགེ་བཅུའི་ཁྲིམས་ཀྱིས་འབྲི་གཡག་ཤས་མི་ཆོག་ན་འབྲི་གཡག་གི་མར་ཕྱུར་གཅིག་པུར་བརྟེན་དགོས་ན་འབྲི་མོས་མར་ཕྱུར་བསྟེར་ངེས་ཀྱང་གཡག་གིས་མར་ཕྱུར་མི་བསྟེར་བས་རྩས་འདེངས་མིན་མི་ཤེས། གཞི་རྩའི་གདོད་མའི་བོད་མི་རིགས་འདི་ཆགས་པ་ནས་བཟུངས་འབྲི་གཡག་གི་ཤ་མར་མཐུས་གསུམ་ལ་བརྟེན་ནས་འཚོ་གནས་བྱུང་བ་འདྲ་ཞིག་ཕལ་ཆེར་རེད་འདོད། འདི་ཁོ་རང་ཁོ་རང་འགྲོ་སྟངས་ཞིག་རེད། མ་གཞི་ནས་འབྲི་གཡག་གི་ཤ་ཟ་རྒྱུར་སེར་མོ་བ་དེ་ཚོ་ཡང་གྱོང་ཁྱོན་ནས་མེད།
ལར་ནས་གུང་ཁྲན་གྱིས་རྩ་ཐང་ལ་ཁ་གཡར་ནས་སྟོན་མཇུག་འབྲི་གཡག་ལ་བརྒྱ་ཆ་བསྐོར་ནས་བཙན་དབང་གི་གསོད་བཙོང་བྱེད་རུ་འཇུག་གི་ཡོད་པ་རེད།
རྣམ་པ་ཁག་ཅིག་གིས་འབྲི་གཡག་གི་རང་དབང་འཐབ་རྩོད་བྱེད་ཀྱི་ཡོད་ན་གུས་བཀུར་ཡོད། དངོས་གནས་མི་ཁག་གིས་དུད་འགྲོའི་རང་དབང་སྣང་མེད་བཏང་ཞིང་། ཚད་མེད་ཀྱི་མནར་གཅོད་བཏང་བ་ནི་བློ་ཕམ་རེད། སྟབས་མ་ལེགས་པ་ཞིག་ལ། དེང་རབས་ཀྱི་དཔལ་ཡོན་ཅི་ཙམ་དར་བ་དེ་ཙམ་གྱིས་མི་རྣམས་ལ་དུད་འགྲོ་འདུལ་ཐབས་མང་དུ་ཕྱིན་ཞིང་། གཡོ་བྱད་འབེལ་དུ་ཕྱིན་པས། དུད་འགྲོའི་རང་དབང་ལ་སྙིང་རྗེ་སྤུ་ཙམ་མེད་པ་རྡོག་རྫིས་བཏང་ཏེ། དུད་འགྲོ་མང་པོ་ཞིག་ལོ་ཐོག་བཞིན་ཆེད་མངགས་ཀྱིས་བཟོ་གྲྭ་དང་དྲ་སྒམ་ནས་སྐྱེ་རུ་བཅུག་ཅིང་། དྲ་སྒམ་ནས་ཚེ་སྲོག་གཅད་པ་ནི་སྐྱོ་ངལ་གྱི་གཞི་མ་རེད། ཡིན་ཡང་། འཇིག་རྟེན་འདིར་གཅིག་གིས་གཅིག་གསད་ཅིང་། གཅིག་གིས་གཅིག་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ཡོད་པས་འདི་སུ་ཞིག་གིས་གོ་སྒྲིག་བྱས་བ་ཡིན་ནམ། མཐུན་ཕྱོགས་དང་ཚོགས་ཁག་གྱུར་ནས་གཅིག་གི་ཁ་ཟས་གཅིག་གིས་བྱེད་དགོས་བ་ནི་སུ་ཞིག་གིས་གནང་བ་ཡིན་ནམ། གཅན་གཟན་ནི་ནམ་ཡང་ཤ་གཟན་དང་དུད་འགྲོ་ནི་ནམ་ཡང་ཟ་ཡ་ཡིན་པ་ནི་མི་དྲང་ཞིང་། བྱིའུ་ཁ་ཟས་འབུ་དང་ཁྲ་ཡི་ཁ་ཟས་བྱིའུ་ཡིན་ལ། མིའི་འཚོ་རྟེན་དུད་འགྲོ་ཡིན་པ་སོགས་ནི་དྲང་བདེན་མིན་ཡང་འདི་ལྟར་འཚོ་གནས་བྱེད་དགོས་བ་ཅི་ཡིན་ནམ། འདི་ལྟར་བསམ་བློ་བཏང་ཚེ་སྐྱོ་ངལ་ལས་བདེ་སྣང་དཀའ་ཡང་འདི་ལས་གྲོལ་ཐབས་ཤིག་གང་དུ་ཡོད། ཡོད་ཚུལ་གྱི་གསུངས་རབས་མང་པོ་འཇིག་རྟེན་འདིར་དར་ཡང་། འཚོ་བ་ལ་མི་སུ་ཞིག་ཡིན་ཡང་བྲལ་ཐབས་མེད་པས་དུད་འགྲོ་ལ་མ་རྟེན་ཞིང་། འབྲུ་རིགས་མི་དགོས་བའི་མི་ཤིག་གྲུབ་མྱོང་མེད་པས། ས་ཞིང་རྨོ་འདེབས་སྐབས་སུ་འབུ་སྲིན་ཁྲི་ཁྲག་མང་པོ་འཆི་ལམ་དུ་བརྫངས་ཀྱང་། མི་འབོར་ས་ཡ་མང་པོར་ད་དུང་ཡང་ཟ་ཡ་མེད་པའི་སྡུག་ངལ་ཡོད་ཕྱིན། ཟས་ཀྱི་ཆེད་དུ་མི་རྣམས་ཀྱིས་གང་ཐུབ་ཀྱིས་འབད་ངེས་རེད། དེ་བརྟེན། འབུ་སྲིན་དང་དུད་འགྲོའི་ཚེ་སྲོག་ལ་གཅེས་བ་བསམ་ཡང་བྱ་ཐབས་དེ་ཙམ་མེད་པ་བསམ་ཚེ་མི་དང་སྲོག་ཆགས་རྣམས་ཅི་འདྲའི་ལས་ངན་ཞིག་ཡིན་ཞིང་། ཅི་ཕྱིར་འཇིག་རྟེན་དུ་སྐྱེས་བ་ཡིན་ནམ། གང་ལྟར་སྲོག་ཆགས་རྣམས་མིའི་ཁ་ཟས་བྱེད་དགོས་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་སྡུག་གསོད་དང་། ཚོད་མེད་ཀྱིས་མནར་གཅོད་མ་བཏང་ན་ལེགས་ཤིང་། དེ་ལྟར་བྱེད་རྒྱུ་གནད་དུ་མཐོང་།
ངའི་ཕ་ཡུལ་རོང་ཁོག་ན་སྔོན་མ་ཡིན་ན་མཛོ་དང་རྟ་མང་པོ་ཡོད་ཀྱང་ད་སྐབས་རྟ་རེ་གཉིས་ལས་མཛོ་རིག་ས་ན་མེད་ཀི འདི་ཡང་གནས་ཚུལ་ཡག་པོ་ཞིག་རྩ་ནས་མ་རེད། ལོ་ངོ་སྟོང་ཕྲག་ནས་བརྒྱུད་པའི་སེམས་ཅན་མཛོ་འདི་ནི་རོང་བ་ལ་མཚོན་ན་མེད་དུ་མི་རུང་བའི་ས་ཞིང་རྨོ་འཐེན་ལ་ཤུགས་ཆེ་བའི་སེམས་ཅན་གལ་ཆེན་ཞིག་ཡིན།
དེང་སང་ཚོད་མེད་པ་ཞིག་རེད། ལྷག་་པར་རྒྱ་དང་དེ་འབྲེལ་ཁ་ཆེ་ཚོས་དུད་འགྲོ་སྡུག་གསོད་བྱེད་སྟངས་ཚོད་མེད་པ་ཞིག་རེད།
ད་སྐབས་བོད་ལུང་བ་སྟོད་ཕྱོགས་ཙམ་མ་གཏོགས་སེམས་ཅན་རྭ་མ་མཐོང་ས་ན་མེད་ཀི ངའི་ཕ་ཡུལ་ལ་མཚོན་ན་སྔོན་མ་རྭ་མང་བོ་ཡོད་ནི་རེད་དེ་རྭ་ཤ་ལ་དེ་ཙམ་དགའ་བོ་མི་གནང་།
མཁྱེན་ལྡན་ཨ་ནུ་ཐང་ལགས་ཀྱིས་བ་གླང་དང་འབྲི་གཡག་ལ་མཚུངས་རྟགས་བཀོད་པ་དེ་ཡང་ཅུང་ཙམ་མི་འགྲིགས། བ་གླང་ལ་རིགས་ཁ་ཤས་ཡོད་མོད་བ་གླང་གི་རིགས་འདི་འཛམ་གླིང་གང་སར་གནས་ཐུབ་ཅིང་འབྲི་གཡག་འདི་བོད་གཙོས་པའི་མཐོ་སྒང་ཁ་ཤས་ཤིག་ལས་གནས་མི་ཐུབ་མཁན་ཞིག་རེད་ལགས།
འཇིག་རྟེན་ལ་བལྟ་ཚུལ་གྱི་ཐོག་ནས་བཤད་ན་ནང་བཅུད་དང་སྣོད་གྱི་འཇིག་རྟེན་གཉིས་འགོད་པ་པོ་དབང་ཕྱུག་གིས་བཀོད་ཅིང་དེ་དག་ལ་ཡང་དབང་ཕྱུག་ཆེན་པོའི་འཇུག་པ་རང་དབང་དུ་གནས་པ་དང་།
རྐང་ལག་དང་བཅས་པའི་འགྲོ་བ་མི་དང་། དེའི་དགོས་མཁོར་ཆེད་དུ་བཀོད་གནང་བའི་རྒྱ་ཆེ་བའི་ཞིང་ས་དག་ནི་རྒྱ་གར་གྱི་སྣོད་བཅུད་གཉིས་ཀྱི་བྱུང་བ་དངོས་དང་། སྣོད་དང་བཅུད་དེ་གཉིས་པོ་གཅིག་ལ་གཅིག་རྟེན་གྱི་འབྲེལ་བའི་རྒྱུན་མི་འཆད་པ་དང་། ཆད་ཡང་མི་འོས་པ་ཡིན་སྟབས། ཁ་ལ་དཔོག་པའི་སོ་ལྟར་གླང་དང་གླང་གྷ་རིལ་ཡང་བཀོད་གནང་བ་ནི་བྱེད་པ་པོ་དབང་ཕྱུག་ཁས་ལེན་པའི་རྒྱ་གར་བ་ཡོངས་ཀྱིས་འདོད་ཅིང་། རྒྱ་གར་ལ་དགའ་བའི་ཁ་ཆེ་མཁས་དབང་ཚོས་ཀྱང་གོང་བཀུར་ཞུ་མྱོང་། སྐབས་འཚོལ་བའི་མཁས་དབང་ཚོས་ནི་ཡིན་དང་ཡིན་ལོས་ཡིན།
བོད་ཀྱི་ཡི་གེ་ཤེས་ལ་ཡི་གེ་མ་གཏོགས་པ་མི་ཤེས་པའི་ཤེས་ཡོན་ཅན་ཚོས་ནི་སྣ་དང་མཆུ་ཏོས་སྟོན་ཡ་ཞིག་གྱང་ལོས་ཡིན་ཨེ་རེད། གླང་ལ་མཆོད་ནི་རེད།
འོན་གྱང་
སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད་པར་འདོད་པའི་ནང་པ་ཚོས་རང་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ནི།
ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་འབྲེལ་བར་ངག་ཐོག་ནས་ཐག་བཅད་ཅིང་དེ་ལྟར་དུ་དད་ཅིང་གནས་པའི་དགེ་འདུན་པའི་སྡེའི་ནི་ཡིད་ཅུང་ཙམ་གཡོས་པའི་མངོན་རྟགས་མཐོང་གིན་འདུག་གྱང་ད་གང་དྲག གང་ལྟར་འབྲོག་པས་ནི།
ད་དུང་སྒོ་ཟོག་ཕལ་མོ་ཆེར་གཡང་བླ་མ་དང་གཡང་བླ་བོར་འབོད་ཀྱིན་ཡོད་པ་ནི་ཆེས་གཏིང་ཟབ་ཅིང་བརླིངས་པའི་ཚིག་རྩ་ཅན་ཡིན་མོད། ཏང་གི་སློབ་གསོས་ཀླད་པ་གསོ་ཞིང་འབྲི་གཡག་གི་རིན་གོང་གིས་འཚོ་བའི་ཤེས་ཡོན་པ་ཚོས་ཡིག་ཐོག་ཏུ་འགོད་བགྱིར་འཛེམ་དོགས་ལྟ་བུར་གནང་གིན་འདུག་པ་ནི་ཇི་འདྲ་འི་ངུ་བྲོ་ཞིང་རྒྱ་གཞུང་གིས་བཙིར་སྤྱད་ཅིག་རེད་ཨང་།
ཕ་ས་དང་ཕ་ཡུལ་ལ་ནམ་ནམ་དུ་འཛེམ་ཟོན་བྱེད་ཡང་ལོས་དགོས་སྲིད་གཞུང་གིས་རྐུབ་ཀྱག་ཅིག་མ་རེག་ན་ཁོང་ཚོ་ནི་སྤྲུལ་སྐུའི་ཚོ་ཁག་དང་མི་འདྲ་འི་ཐུགས་ཁག་མེད།
གཡང་བླ་མ།
གཡང་བླ་པོ།
གཡང་བླ་བོ།
གཡང་རི།
གཡང་སྡེ།
གཡང་འབོད།
གཡང་རྩམ།
བྱིས་ལུ་བྱིས་མོའི་ཚོར་གཅིག་ན་དང་ཁད་བྱས་ན་གཡང་དང་གཡང་ལོས་བརྗེ་མོད། གཡང་བླ་ཚོ་སྡེབ་བཙོང་བྱས་ནས་སྡེབ་གསོད་རྒྱག་པ་ལས་ཡུམ་བུ་བླ་མཁར་བཙོང་དང་ན་དེས་ལོས་བཟང་། ཨེ་རེད། ཕྱི་རྒྱལ་གི་སྐྱལ་སྟོང་དང་བོད་ནང་གི་སྐྱལ་སྟོང་ཚོས་དངོས་གནས་འབྲོག་པ་དང་སྒོ་ཟོག་གི་བརྩེ་དུང་མི་ཤེས་ཀ སྤོབས་པས་ཅུང་ཙམ་ཤེས་ཡང་ཀློའི་བཤད་རྒྱག་གི
གནམ་ལགས་ལ་འབྲོག་པ་དང་སྒོ་ཟོག་གི་འཚོ་བར་རྒྱུས་འདུག་པས་འབྲོག་པ་དང་སྒོ་ཟོག་གི་བརྩེ་དུང་ཐད་ད་དུང་ཚིག་འགའ་རེ་གསུངས་པའི་རེ་བ་ཡོད། ད་གང་ལྟར་རོང་རྒན་ཚོས་ཀྱང་གཡག་གིས་ཞིང་རྨོ་རྒྱབ་ནས་རྩམ་པ་ཟོས་ནི་ཡོང་ནི་རེད་མོ་དེ་ཡང་གཡང་རྩམ་རེད།
བྱིངས་མི་ལྤགས་ཀྱི་གཡང་གཞི་མ་གཏོགས་མ་ཤེས་ན་རང་རེད་འདུག་ག།
ཅིག་གིས། འོནད་ཀྱང་ངམ། འོན་ཀྱང་ལ། འོན་གྱང་ཞེས་བྲིས་འདུག འདི་ནོར་བ་མིན་ནམ། ལགས།
ཐུགས་ཆེ་གནང་།
ལེགས་སོ།
སྤོབ་མཐའ་འདིས་ག་རེ་བྲིས་ན་ཡང་སེམས་པ་གང་མང་ཞིག་གི་སྨྱུག་ཁའི་ནུས་པ་བདན་འདྲེན་ཞུ་ཐུབ་པ་འདི་ལ་དཔག་ན་དོན་སྙིང་ཞིག་ཡོད་པ་ངེས་ཅན་རེད་།
གང་ལྟར་རང་ཉིད་ཀྱི་འདོད་པ་སྲུང་སྐྱོབ་ཀྱི་ཆེད་དུ་སྡིག་པ་མིག་བཙུམ་བྱས་ན་དེར་ཟད། དེ་མིན་ཆོས་ཕྱོགས་ཀྱི་རྒྱུ་འབྲས་དང་། འཇིག་རྟེན་གྱི་བཟང་སྤྱོད་གང་ནས་བསམ་ཡང་བཤས་ཚོང་བྱས་ན་སྐྱོན་མེད་པའི་རྒྱུ་མཚན་ཞིག་བསྐལ་པའི་བར་དུ་རྙེད་མི་སྲིད། དགེ་བཅུའི་ཁྲིམས་ཀྱི་དགོངས་དོན་ཡང་བཤས་ཚོང་མི་བྱ་བ་འདི་ཡིན་པ་མངོན་སུམ་ཡིན་པས་ལ་བཤད་ལུང་བཤད་མང་པོ་བྱས་ཀྱང་དགོས་དོན་མེད།
བཀུར་འོས་རྩོམ་པ་པོ་ཨ་ནུ་ཐང་ལགས་ཀྱིས་ཨོ་ས་ཐྲིལི་ཡའི་སྲོག་ཆགས་ཀང་ཀ་རོའུ་གསོད་ཆོག་པའི་རྒྱུ་མཚན་གྱིས་བོད་ཀྱི་འབྲི་གཡག་བཤས་རར་སྐྱེལ་བའི་སྒྲུབ་བྱེད་དུ་བཀོད་པ་དེ་མཁས་པའི་གཏམ་ཡིན་ན་ཡང་གནད་དུ་ཅུང་ཁེལ་མི་འདུག སྲོག་ཆགས་ཀང་ཀ་རུའུ་གསོད་པ་དེ་ཁྲིམས་ཐོག་ནས་སྟངས་འཛིན་ཧ་ཅང་ནན་མོའི་འོག་དུ་ཡོད་པ་རེད། དེ་ཡང་དཔེར་ན། ཡུལ་དེའི་ས་ཆ་ཡོད་ཚད་ནས་གསོད་ཆོག་གི་མ་རེད། མི་སུ་ཡིན་གྱིས་གསོད་ཆོག་གི་མ་རེད། དུས་ཚོད་ཚང་མ་ལ་གསོད་ཆོག་གི་མ་རེད། གསོད་སྟངས་ཡང་སྲོག་ཆགས་དེའི་གསོད་བཞིན་ཡོད་པ་ཧ་མི་གོ་ཐབས་བྱས་ནས་གསོད་དགོས་པ་རེད། དེ་ཡང་ཚན་རིག་པས་ཀང་ཀ་རོའི་རྩིས་བརྒྱབ། ཡུལ་གང་ན་སྲོག་ཆགས་དེ་འཕེལ་ཚད་དང་རྩ་ཆུའི་འདངས་ཚད་གཉིས་ཆ་མི་སྙོམ་ས་དེར་ཆེད་མཁས་རྔོན་ལས་པ་མངགས་ནས་གྲངས་ཀ་ངེས་ཅན་ཞིག་གསོད་ཀྱིན་ཡོད་རེད། ཡིན་ན་ཡང་ལས་གཞི་དེ་ལ་མི་མང་གིས་སྐྱོན་རྗོད་ཆད་ཀྱིན་མེད་པ་རེད། ཉིན་ཞིག་རྩ་འགོག་བྱེད་ཀྱང་སྲིད་པ་རེད། སྔོན་མ་རི་ལ་གནས་པའི་རྔ་མོང་མང་དྲགས་ནས་རྔ་མོང་ཁ་ཤས་གསོད་དགོས་པའི་འཆར་གཞི་བཏོན་ན་ཡང་རྗེས་སུ་མི་མང་གི་སྐད་སྒྲར་ཉན་ནས་མཚམས་འཇོག་དགོས་ཐུག་པ་རེད། ཨོ་སི་ཐྲི་ལི་ཡ་ནི་ཕྱུག་ལས་ཀྱི་ཐོན་སྐྱེད་འབོར་ཆེན་ཡོད་ས་ཞིག་ཡིན་ན་ཡང་ཕྱི་རྒྱལ་དུ་སྲོག་ཆགས་གསོན་པོ་བཙོང་རྒྱུ་འགོག་མགོ་ཚུགས་ཚར་བ་རེད། དེ་ཡང་པ་ཀི་སི་ཐན་ནང་ལ་ལུག་བཙོང་བས་པ་ཀི་སི་ཐན་པ་ཚོས་ལུག་སྡུག་གསོད་ཚབ་ཆེན་བྱེད་ཀྱིན་ཡོད་པ་ཤེས་རྗེས་སུ་སྲོག་ཆགས་དུད་འགྲོ་གསོན་པོ་ཕྱིའི་མི་ལག་ཏུ་བཙོང་བ་འགོག་དགོས་པའི་ལས་འགུལ་རྒྱ་ཆེན་པོ་ལངས་གིན་ཡོད་པ་རེད། གཞུང་ངོས་ནས་ཀྱང་སྲོག་ཆགས་དེ་རིགས་དབོར་སྟངས། དེ་ནས་གསོ་སྟངས། གསོད་སྟངས་བཅས་ཚང་མ་ཁྲིམས་ཧ་ཅང་དམ་པོ་ཞིག་གི་འོག་ཏུ་བཅུག་ཡོད་པ་རེད། དོན་དུ་རྒྱ་ཆེ་ཆུང་ཙམ་ལས་བཤས་ཚོང་འགོག་མགོ་བརྩམས་པ་ཞིག་རེད། གཤམ་གྱི་འབྲེལ་ཐག་ལ་གཟིགས་དང་ཤེས་གི་རེད། http://www.banliveexport.com
ཕྱི་རྒྱལ་གྱི་ཤན་པ་ཆེད་ལས་པ་ཚོའི་ལག་རྩལ་ཡག་ཤོས་དེ་ནི་སྲོག་ཆགས་དེས་རང་ཉིད་གསོད་བཞིན་ཡོད་པ་མི་ཤེས་པ་བྱས་ནས་གསོད་ཐབས་བྱེད་པ་དེ་རེད་ཟེར། སྲོག་ཆགས་དུད་འགྲོ་དེས་ཁོ་རང་གསོད་བཞིན་ཡོད་པ་ཤེས་ཚར་རྗེས་སུ་སྐྲག་ནས་འཁུམས་འགྲོ་བ་ཡིན་པས་ཤ་འཁུམས་སོང་བས་ཟོས་ན་ཞིམ་པོ་མེད་ཟེར་བ་རེད། བཤས་ར་ཕལ་མོ་ཆེ་ན་དུད་འགྲོ་སེམས་ཡེངས་ནས་བསྡད་ཡོད་དུས་མདེའུ་ཧ་ཅང་ཆེན་པོ་ཞིག་གི་མགོའི་དཀྱིལ་ནས་མར་བརྒྱབ་ནས་གསོད་འཇོག་གི་རེད།
འབྲི་གཡག་ནི་འཚོ་རྟེན་ལ་གཟས་བའི་སྒོ་ཟོག་ཞིག་ཡིན། རང་གི་འཚོ་རྟེན་གྱི་ཆེད་དང་། སྒོ་ཟོག་གི་རྩྭ་ཁའི་ཆེད་དུ་གྲོང་སྡེ་ཡར་མེད་ལ་ཤ་འཁོན་ཤོར་བ་ཡོད། དེ་ནི་གཡག་དང་གཡག་བདག་གཉིས་ཀའི་བར་གྱི་ནམ་ཡང་ལྷོད་མི་ཐུབ་པའི་བརྩེ་བ་ཡིན། བརླག་མི་དཔེ་པའི་ལོ་རྒྱུས་ཡིན། གཡག་རྒན་གཅན་གཟན་ལ་མ་ཤོར་བ་འབྲོག་པའི་དྲིན་ཡིན། འབྲོག་པ་འཁྱགས་ཀླུང་ནས་མ་ཕྱིད་པ་ཡང་གཡག་རྒན་གྱི་དྲིན་ཡིན། གཡག་གཡག་བདག་གི་ཆེད་དུ་བཤའ་དགོས་པ་དང་། གཡག་བདག་གཡག་རྒན་གྱི་ཆེད་དུ་མྱི་ཚེ་ཟད་དགོས་བ་གཉིས་སྔོན་བསགས་རེད། ཁྱེད་ཚོས་མངོན་མཁྱེན་ཡོད་མདོག་དང་སྔོན་དཔག་ཐུག་མདོག་ཞེ་དྲག་བྱེད་པ་ནི་རྒོད་ཁ་འཆོར་ས་རེད།
རྩ་སྟོང་ཟེར་བ་འདི་ལ་ནང་དོན་ངོ་མ་ཞིག་ཡོད་པ་རེད་ཐལ། རྩ་སྟོང་ལ་ཁ་གཡར་ནས། འབྲོག་མང་གི་ཁ་སྒོ་གཏན་ན་ཡོང་གི་མ་རེད་ཐལ། ཁོ་རེ་ཆོས་དགེ་ཚོ།
རི་དྭགས་ཁན་གའ་རོ་(kangaroo)ནི་སྒོ་ཟོག་མིན། རི་དྭགས་འདིའི་ཤ་པགས་བཀོལ་ནི་ཆེས་ཉུང་ཉུང་ཡིན། རྒྱལ་ཁབ་དེས་རི་དྭགས་འདི་དམིགས་བསལ་ལ་རྩི་བ་ཙམ་ལས་བརྩེ་བ་སྟེར་མཁན་ནི་སུ་ཡང་ཡོད་ཚོད་མི་འདུག། གླང་དང་ལུག། བྱ་དང་ཉྭ་སོགས་ནི་ཁ་མེད་སྣ་མེད་གསོད་བཞིན་པ་རེད་ཟེར།
གནམ་ལགས ཁྱེད་ཀྱིས་ཚིག་ལ་རབ་བཏགས་དང་སྒྲོ་བཏགས་མི་འདུག་པས་གཏམ་གྱིས་ཡིད་དབང་འཕྲོག་གི སྒོ་ཟོག་གི་གོང་ཚད་ལ་རང་དབང་མ་བྱུང་བར་སྒོ་ཟོག་འཛམ་གླིང་གི་ཚང་རྭར་བཀྲམས་མི་རུང་བ་ལོས་ཤེས་ཤེས་བྱ་གལ་ཆེན་རེད། བླ་མ་ཡིན་ན་སློབ་མ་ཡིན་ན་ཆོག་གི་ཤ་བཟའ་མི་ཆོག་གཡག་ཚར་བགྱིད་རེད་ཟེར་ན་དགོད་འཆོར་སྤྱད་རེད། ཅ་དངོས་འདྲ་མིན་ན་བརྗེ་ན་ཚར་སྲིད་པ་རེད། ཟ་མ་གསར་པ་བརྗེ་ན་ཚར་སྲིད་པ་རེད། དེ་མིན་རྗེ་མི་ལ་རས་པ་བྱོན་ནི་རེད་མོ་གྲོང་ནང་རྒྱུགས་ནས་ཤ་གཅོད་དགོས་གསུངས་རབས་མེད། དཔེ་མི་སྲིད། ཅ་ལག་འདྲ་མིན་ན་ལག་མ་འཆང་དེ་རྒྱ་ནག་གི་རེད དེ་བོད་ཀྱི་མ་རེད། གཡང་བླ་མ་དང་མ་བརྗེ་ན་བཟང་། བོད་ཀྱི་གཡང་ཤོར་འགྲོ། དཔའ་བོ་དཔའ་མོའི་ཚོའི་ཐུགས་ལ་གནོད་འགྲོ སངས་རྒྱས་ཀྱི་ཆོས་དང་མི་མཐུན་གསུངས་ནས་བསླབ་བྱ་རེ་གནང་ན་ཁས་མ་བླང་ས་མི་འགྲོ་གི གང་ལྟར་བོད་ཀྱི་དགེ་ཁྲིམས་ཡིན་ན་བོད་ལ་ཕན་ཆེད་དུ་དགོས་པ་རེད། གང་ལྟར་ཁྱེད་ཀྱིས་ཡག་པོ་གསུང་འདུག་པས། ངའི་ལྟར་ན་ཁྱེད་ཀྱི་མཆན་དེ་ཡང་གཡག་རྫ་འི་གཏག་ཡོད་ན་གཤིས་ཀྱིས་སྨོན་གི
དྲན་དཀར་ཡ། ངའི་བཤད་སྟངས་འདི་བདེན་ཀི་འདོད་ན། ཁྱོད་ཡང་སྙང་མ་རྗེ། འབྲོག་པ་ཟིག་ཡིན་རྒྱུ་རེད་མོ། འུ་ཚོ་འབྲོག་པ་འདིས་ཅིག་འདོགས་གི་རེ། བླ་ཆེན་ཚོས་སྡིག་ཆེན་རེད་ཟེར་གི། མཁས་ཆེན་ཚོས་ནག་ཆེན་རེད་ཟེར་གི། རྒྱ་ནག་གིས་རྩ་བ་རྫོག་རྒྱུ་ཡིན་ཟེར་གི། མར་ནས་བཙན་འཛུགས་ཀི། ཡར་སྙད་འདོགས་ཀི། མྱི་རབས་མྱི་རྒྱུད་ལ་བསྐྱངས་བའི་རྒྱུ་སྦྲ་རྩྭ་གསུམ་པོ་ལག་ནས་བྱིང་ཨེ་ཐུབ་ལྟ་བུའི་མི་རྗེ་དགྲ་འདྲེ། ཁོ་ནས་ཆོས་གསུངས་མཁན། ལག་ནས་ཐལ་གཙུབས་མཁན། འབྲོག་ལས་འཚོ་རྟེན་ལ་རྩིས་མཐོང་མེད་པའི་མི་བུ་ཚོ་ལ་ཤིན་ཏུ་རབ་ཏུ་མི་དགའ་འོ།
གནམ་ལགས ད་ཐེངས་ཁྱེད་ནོར་སོང་། ཚིག་འདིའི་དོན་ནི་ང་འབྲོག་པ་མིན་ཞུ་བ་དེ་ཡིན། ངས་ཁྱེད་ལ་ཞུ་བགྱིར་བོད་ཀྱི་འབྲོག་ལས་ཀྱི་དོད་ཐུབ་པའི་བརྩེ་ལྡན་གྱི་སྒོ་ཟོག་གཉོར་སྐྱོངས་གནང་མཁན་ཞིག་འཛམ་གླིང་འདིའི་སྒང་ལ་མེད་ཅེས་སྒྲོགས་འདོད་བྱུང་། མཁན་པོ་དང་མཁན་མོ་སུ་གང་གིས་ཀྱང་བསྙོན་མི་ནུས། འདི་བདེན་པ་ཡིན་སྟབས་ར་མ་འཕྲོད་པའམ་བརྡ་མ་འཕྲོད་པའི་རྩོད་པ་དེང་སང་མང་གི ངས་ནི་འདི་ཡང་དེ་འདྲ་ཅིག་འདོད་ནས་ཡོད་ལགས། རང་སྣང་དག་པ་ལས་ཤར་བའི་བསམ་ཚུལ་རེད་དྲན་ན་གསལ་བཤད་གནང་བའི་རེ་བ་ཡོད།
རེད་རེད། ཁྱོད་འབྲོག་པ་ཞིག་ཡིན་ན་ཆོག་ལ་མིན་ཆོག། གཙོ་བོ། དབྱར་ཙད་པའི་རྔུལ་ནག་ས་ན་ཡོད་ནི། དགུན་ཙག་གི་འཁྱགས་ཕྱིད་ངོ་ན་ཡོད་ནི། དགུང་ཆར་ཆུ་རུམ་ལ་བསུས་ནས། ས་སུལ་ཆུ་ལྷམ་ལ་བསུས་ནས་འགྲོ་མཁན། ཨ་ཕོ་གཡག་རྫི་ང་ཚོ། ཡག་པོར་འདུག་གི་བཅུག་ཟེར་བ་ཡིན།
ཡིན་ན་ཆོག་ལ་མིན་ན་ཆོག། ན་གཅིག་ཆད་འདུག།
གནམ་ལགས གུས་ཞབས་དང་བཅས་ཞུ་བགྱིར། ང་ཚོར་ཚང་མ་ཉལ་ན་ཉལ་ས་མི་བདེ་བ་བཟོ་ནོ་རྒྱ་རེད། འབྲོག་པས་མ་འགྲིག་ཁུལ་བཤད་ནི་ཡོད་ན་རང་འཚང་རེད། བཤས་ཚོང་མ་རྒྱག་ཟེར་ནི་ཡོད་ན་ཚད་ཅིག་ཡོད། འབྲོག་ལས་མི་དགོས་ཟེར་ནི་ཡོད་ན་ཀློའི་རེད། འབྲོག་ལས་མི་དགོས་ཀློའི་མིན་ལྷ་ཡིན་ཟེར་ནི་ཡོད་ན་བོད་ལྷ་མ་རེད་རྒྱ་ལྷ་རེད། ཞུ་ཡ་ཡིན།
གང་ལྟར་ཁྱེད་ཀྱིས་འབྲོག་པའི་འཚོ་བའི་ཐད་དྲང་ཚུགས་ཀྱིས་བཀའ་མོལ་འགའ་གནང་བ་ནི་བདག་གིས་ནམ་ཡང་མི་བརྗེད། བཀའ་དྲིན་ཨ། མཚམས་རེ་མཇལ་ཡོང་ང་།
ཁྱེད་ཅག་ཚང་མ་མི་གསད་ནས་ཁྲིམས་ཆད་འཁུར་མི་འདོད་པའི་དོལ་རྒྱལ་བ་ལྟ་བུ་མིན་པར།
ཁྲིམས་ཆད་འཁུར་ཐུབ་མཁན་དང་།
དེ་ཡང་རང་གིས་ཡིད་ཆེས་ཆོག་པའི་མིའི་ཁྲིམས་ལྟར་དངས་ལེན་གནང་ཐུབ་མཁན་རེ་ཡིན་པར་སྨོན།
འདི་འགོད་ས་ནོར་འདུག་ཕྱིར་བསྡུ་གནང་བའི་རེ་བ་ཡོད།
གུས་བ་འོས་བའི་སྤོབས་མཆོག་མཐའ་ཡས་དང་Dechensamkyiལགས།
ཕྲན་གྱིས་ཡོ་རོབ་ཀྱི་བ་གླང་ཟེར་བ་ལས་རྒྱལ་ཁབ་གཞན་གྱི་བ་གླང་ཟེར་བ་མིན་ཡང་། ངས་བྲིས་བ་ལས་དེ་ལྟར་གོ་བ་སྟོན་མ་ཐུབ་ན་དགོངས་དག་ཡོད། གལ་སྲིད་བ་གླང་གི་རིགས་ཀུན་ལ་གོ་བའི་དབང་དུ་བཏང་ཡང་། དེ་གསོད་མཁན་དང་ཟ་མཁན་འཛམ་གླིང་གི་གང་ས་ན་ཡོད། འོན་ཀྱང་། འབྲུ་གཡག་ནི་གཙོ་བོ་བོད་ཀྱི་ཡིན་པས་ཟ་མཁན་ནི་བོད་པ་དང་དེ་འབྲེལ་གྱི་ལུང་པ་ཁག་ཡིན་ཕྱིན་བ་གླང་དང་བསྡུར་ན་ཧ་ཅང་གི་ཉུང་བ་སེམས།
Kangarooལ་ནི་གང་བྱུང་གིས་གསད་མི་ཉན་ཞིང་གསད་པར་ལག་ཁྱེར་དགོས་བ་བདེན་པ་རེད། དེ་ནི་Kangarooགཅིག་བུ་མིན་པ་བདག་མེད་ཀྱི་སྲོག་ཆགས་ཕལ་ཆེར་གསད་པར་གཞུང་ངོས་ནས་ཆོག་མཆན་དགོས་ཤིང་། དགོས་བ་ནི་ཡར་ཐོན་རྒྱལ་ཁབ་མང་པོའི་ཁྲིམས་རེད། རྒྱུ་མཚན་ནི། བདག་མེད་ཡིན་ཞིང་བདག་པོ་མེད་པས་གང་བྱུང་གིས་གསད་དུ་བཅུག་ཚད་ཉིན་ཞིག་རྩ་སྟོང་དུ་འགྲོ་བས་རེད། དེ་བརྟེན། བདག་མེད་རི་དྭགས་སམ་གཅན་གཟན་སོགས་གསད་པའི་གནས་དང་ཕྲུ་གུ་མེད་པའི་དུས་སུ་གསད་དུ་ཆོག་པའི་ཁྲིམས་ལུགས་ཡོད་པ་བདེན་པ་རེད། འོན་ཀྱང་། ཨོ་སི་ཁྲི་ལི་ཡ་ལ་Kangarooཡ་ས་སོར་ལྔ་ནས་ས་ཡ་ལྔ་བཅུ་ཙམ་ཡོད། དེ་དག་ལས་ས་ཡ་ལྔ་ནས་བདུན་བར་གསད་ན་ཆོག ཁོང་ཚོས་ཁྲིམས་ལུགས་བཟོ་བའང་རྩ་སྟོང་དུ་མི་འགྲོ་བའི་ཆེད་ཡིན་པ་ལས་སྙིང་རྗེ་དང་དེ་ཙམ་འབྲེལ་བ་མེད། འོན་ཀྱང་། འབྲུ་གཡག་ནི་སྒོ་ཟོག་ཡིན་པས་གང་བྱུང་གིས་གསོད་མཁན་མེད་ཅིང་། གསད་པ་ལྟ་ཅི། རྐུས་ན་ཁྲིམས་འགལ་རེད། ཕྱུགས་བདག་གིས་ཀྱང་གནས་བབ་ལ་ལྟོས་ནས་གསད་པའམ་བཙོང་བ་ལས་ཀླད་མེད་ཅིག་མིན་ན་རྩ་མེད་མི་བཟོ། དཔེར་ན། ལག་ནས་སྒོར་མོ་༡༠༠༠ཙམ་ལས་མེད་ན་སང་ཉིན་ལ་བསམ་བློ་བ་བཏང་བ་དེ་རིང་ཡོད་ཚད་བེད་སྤྱོད་མི་བཏང་བཞིན་རེད། དེ་བརྟེན། སྒོ་ཕྱུགས་ནི་ཕྱུགས་བདག་ལ་དབང་བ་ལས་གསོད་ཆོག་མིན་གྱི་ཁྲིམས་ལུགས་མེད་ལ། བཟོས་ན་མཚམས་པོ་མེད་པ་འདོད། འོན་ཀྱང་། སྡུག་གསོད་བྱེད་བྱ་འགོག་པ་བརྩོན་ན་ལེགས་པ་མཐོང་།
གསལ་བཤད། ཕྲན་གྱིས་བྱུང་རིམ་དང་གནས་ཚུལ་བཤད་པ་ལས་འབྲུ་གཡག་གསད་རྒྱུར་སྐུལ་མ་བྱས་བ་མིན། དངོས་གནས་ཉེས་མེད་ཀྱི་དུད་འགྲོ་གསོད་རྒྱུ་མི་དགའ་ལ་ལྟ་འདོད་ཀྱང་མེད། འོན་ཀྱང་། ངས་བཤད་པ་ནི་འབྲོག་པ་ཞིག་ཡིན་ན་དུད་འགྲོ་ལ་མ་རྟེན་པ་འཚོ་བ་དཀའ་བ་འདོད་ཀྱི་ཡོད། གང་ལྟར་སྤོབས་མཆོག་མཐའ་ཡས་ཀྱི་སྙིང་རྗེ་དང་དུད་འགྲོའི་ཆེད་དུ་རྩོམ་ཡིག་བྲིས་བར་ཡིད་སྨོན་ཡོད།