དྲིལ་ལྕེ།
(སྔོན་མའི་འཕྲོས།)
༼ཆ༽
ངས་འགྲམ་ལྕག་ཚ་བོ་སྟེ་འཁུར་བཞིན། འགྲམ་པ་ལག་པའི་བསྐྱོར་ཏེ་ཁྱིམ་དུ་སོང་བ་ཡིན། རང་ཉིད་ཁོང་ཁྲོས་བརྟས་ཏེ་རྐང་བ་ལམ་ཁར་འཇོག་པའི་སྣང་བ་མི་འདུག ཁྱིམ་གྱི་སྒོ་འགྲམ་དུ་ཐོན་པ་ན། ཁེར་སྒོ་དམར་པོ་ལ་རྡོག་རྒྱག་བཞུས་ཏེ་ནང་དུ་འཛུལ་བ་ཡིན། ཨ་མས་ང་རང་ལ་ཡག་པོ་ཞིག་བྱུང་མེད་པ་ཤེས་ཡོད་པ་འདྲ། མདུན་དུ་རྒྱུགས་ཡོང་ནས། གཅེས་ལོ། ག་རེ་བྱས་སོང་། འགྲམ་པ། རྣ་ཟེར། ངས་ཨ་མ་ལ། ཕ་མེད་པའི་བུ་ང་ཅི་ཞིག་ལ་སྐྱེས་པ་ཡིན་ནམ། དེ་ལྟར་ཟེར་བཞིན། ཁོང་ཁྲོ་ཆེན་པོའི་ངང་རང་ཉིད་ཀྱི་ཉལ་ཁང་ནང་ཕྱིན་པ་ཡིན། ཨ་མས་ང་རང་རང་དགར་བཞག་སྟེ། བཀའ་འདྲི་དང་ཚོད་འཛིན་ཅི་ཡང་མ་བྱས། མོས་ངའི་ཁོང་ཁྲོ་དང་ཞེ་སྡང་དེའི་ཐོག་མེ་ཐོག་ཏུ་སྣུམ་བླུག་འདོད་མེད་པར་ང་རང་རང་དགར་བཞག་སོང་།
མཚན་མོ་དེ་ལ། ངས་དགོང་ཟས་ཟོས་པ་ཡང་དྲན་ཡིད་དུ་མི་འདུག བསམ་བློ་གཏོང་བཞིན། མིག་མཆི་བཏང་ལ། མིག་མཆི་གཏོང་བཞིན། བསམ་བློ་བཏང་བ་ཡིན། འཇིག་རྟེན་འདིར་རང་ཉིད་ལ་ཕ་ཞིག་ཡོད་ཚེ། མི་དེ་ནི་ངའི་ཆེས་མི་དགའ་བའི་མི་དེ་ཡིན་ལ། གལ་སྲིད་མི་ཞིག་གིས་ཁོ་ནི་ང་རང་གི་ཕ་ཡིན་ཞེས་སྨྲོས་ཚེ། ཁོ་ནི་ངའི་ཆེས་སྡང་སའི་མི་དེ་ཡིན། བསམ་བློ་གཏོང་བཞིན། སེམས་ལ་འདྲ་མིན་ཞིག་འཁོར་ཡོང་། ཐོག་མར་ང་རང་འཇིག་བརྟེན་འདིར་གྲུབ་པའི་རྒྱུ་དང་བརྒྱུད་ཀྱི་འབྱུང་ཁུངས་ལ་ཞེ་སྡང་ལངས་ཡོང་ལ། དེ་བཞིན། ང་རང་འཇིག་རྟེན་འདིར་བྱམས་བརྩེའི་བདག་ཉིད་དང་བྱམས་བརྩེའི་འབྱུང་ཁུངས་ལ་མ་དགའ་བ་བྱུང་། རིམ་བཞིན། ང་རང་འཇིག་རྟེན་འདིར་འཚར་ལོངས་འབྱུང་སའི་རང་བྱུང་གི་ཁོར་ཡུག་དང་། སྲོལ་རྒྱུན་ཀྱི་འབྱུང་ཁུངས་ཡུལ་མི་རྣམས་ལ་ཞེན་པ་ལོག ང་རང་ས་ཆ་འདིར་བསྡད་འདོད་མ་བྱུང་། ང་རང་གནས་འདིར་འཚོ་འདོད་མི་འདུག ང་རང་བརྙས་བཅོས་དང་གཉའ་གནོན་གྱི་ཕ་ཡུལ་འདིར་མི་ཚེ་བསྐྱལ་འདོད་མི་འདུག བསམ་བློ་གཏོང་བཞིན་གཏོང་བཞིན། ང་རང་གྲོང་སྡེ་འདིར་ཅི་ཡང་མེད་པའི་ཚོར་བ་ཞིག་དང་། རང་ཉིད་ཧ་ཅང་སྟོང་སང་སིང་དང་སྐྱིད་སྣང་དབེན།
མཚན་མོ་ག་དུས་ཤིག་ལ་ང་རང་གཉིད་པ་མི་དྲན་མོད། ཞོགས་པ་གཉིད་སད་དུས། ཉི་མ་ཤར་ནས་རྒྱུན་རིང་བོ་ཞིག་ཕྱིན་འདུག སྒེའུ་ཁུང་གི་རལ་ཞིང་ཐོར་བའི་བུ་ག་དང་ཁུང་བུ་ནས་འོད་ཟེར་གྱི་མདའ་མོ་བཅུ་ཕྲག་ཁ་ཤས་རང་ཉིད་ཀྱི་མལ་ཁྲི་ཐོག་ཏུ་ཟུག་འདུག སྔས་འགོར་ཨ་མས་མདང་ནུབ་ཟས་ཕོར་ཞིག་བཞག་འདུག ཉིན་དེར། ང་རང་སྐྱེས་ཡུལ་འདིར་བསྡད་འདོད་མེད་པའི་ཚོར་ཤུགས་དྲག་པོ་ཅིག་སྐྱེས། སྔོན་ཆད། ང་རང་ལ་བརྙས་བཅོས་དང་། མཐོང་ཆུང་གི་གནས་ཚུལ་རེ་བྱུང་དུས། ང་རང་རང་ས་གྲུ་བཞི་འདི་ནས་གཏན་བྲལ་བྱེད་འདོད་ཀྱི་བསམ་བློ་འཁོར་མྱོངས་མོད། སྐབས་དེར། རང་ཉིད་ཀྱི་ལོའི་གནས་བབས་དང་། ལོ་ཚོད། འཚར་ལོངས་གང་ཅིའི་ཐད། བློ་ཐག་ཆོད་པ་དང་། སྙིང་སྟོབས་ལྡན་པ། བྱེད་ཕོད་པ་ཅིག་མི་སྟབས། རང་ཉིད་ཕ་ཡུལ་དང་གཏན་བྲལ་བྱེད་མ་ཐུབ།
༼ཇ༽
སྐབས་འདིར། ང་ལ་ང་རྒྱལ་ཞིག་དང་། སྤོབས་པ་ཞིག ཁོང་ཁྲོ་དང་སྐྱོ་སྣང་ཚད་མེད་ཅིག་དུས་གཅིག་ཏུ་སྐྱེས་འོངས། ད་ནི་ལུང་ཁུག་གི་སྡེ་བ་འདི་བཞག་སྟེ་འབྲོ་འདོད་བྱུང་། ཡུལ་ཕྱོགས་འདིའི་མཐོང་ཆུང་དང་བརྙས་བཅོས་ཁུར་འདོད་མེད་པར་འབྲོ་འདོད་བྱུང་། སེམས་ལ་འཁོར་བ་ནི། རང་ཉིད་ཨ་མ་དང་མཉམ་དུ་ཐེངས་ཁ་ཤས་སུ་ཕྱིན་མྱོངས་པའི་གྲོང་རྡལ་ཆེན་པོ་དེ་མཐོང་འདོད་བྱུང་། གྲོང་རྡལ་དེ་ལ་འཁྱམ་འདོད་བྱུང་། ང་ལ་སྣང་བ་ཞིག་དང་། སྙིང་སྟོབས་ཤིག་སླེབས་སོང་། དེ་ལྟར། ང་རང་ཁྱིམ་ནས་ཕྱི་ལོག་ཏུ་ཐོན་པ་ཡིན། སྡེ་བ་འདི་ནས་བྲོས་པ་ཡིན། སེམས་ལ་གྲོང་རྡལ་ཆེན་པོ་དེ་འཁོར་བ་ཙམ་ལས། བསམས་རྒྱུ་དང་དྲན་རྒྱུ་ཅི་ཡང་མི་འདུག ང་རང་དེ་ལྟར་ང་རྒྱལ་གྱི་ལྒང་ལུ་སྦོས་ནས་ལྡོམ་པ་ཡིན། ཉེ་འཁོར་གྱི་ཁོར་ཡུག་དང་། མདུན་གྱི་སྡེ་མི། གྲོང་སྡེ་འདིའི་སྲོལ་རྒྱུན་ལ་ཁོང་ཁྲོ་དང་ལྷན། ང་རང་ཁེར་རྐྱང་ངང་འཁྱམ་པ་ཡིན། གྲ་སྒྲིག་ཅི་ཡང་མེད་པར་ང་རང་ཁྱིམ་ནས་བྲོས་པ་ཡིན།
གྲོང་རྡལ་ལ་ཁ་ཕྱོགས་ནས་ང་རང་གོམ་བགྲོད་བྱས་པ་དང་། སེམས་སུ་ཁོང་ཁྲོ་ཞིག་དང་མཉམ་གོམ་བགྲོད་བྱས་པ་ཡིན། རང་སྡེ་ནས་ཐོན་སྐབས། རང་ལུས་གྲིབ་མ་རིང་བོ་དེ་དང་འགྲོགས་ནས་ཕྱིན་པ་ཡིན། ཡུན་རིང་གོམ་བགྲོད་བྱས་རྗེས། ལམ་བར་དུ་མི་དང་སྲོགས་ཆགས་རིགས་ཅི་ཡང་མི་འདུག། ལམ་འགྲམ་གྱི་ཁོར་ཡུག་ཁུ་སིམ་པོ་གནས། གོམ་བགྲོད་བྱེད་བཞིན་རྐང་འོག་གི་རྡོག་སྒྲ་དེ་ཡང་གསལ་ཞིང་ཆེ་རུ་འགྲོ་བ་དང་། རང་ཉིད་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས། ང་སྐྱེས་སའི་སྡེ་བའི་སྣང་བརྙན་ཡང་མིག་གི་མཐོང་ལམ་ནས་ཡལ་སོང་། ལུས་ཀྱི་གྲིབ་མ་དེ་ཡང་ཐུང་དུ་ཐུང་དུ་ཕྱིན་ཏེ་བོར་སོང་། སྐབས་དེར་ང་རང་གཅིག་པུ་ལས་ཅི་ཡང་མི་འདུག
༼ཉ༽
ཉིན་གུང་ཙམ་ལ། གྲོང་རྡལ་འབྱོར་བ་དང་། གྲོང་རྡལ་གྱི་ཁང་བརྩེགས་ཅན་དང་། ཚོང་ཁང་འདྲ་མིན། ཟང་ཟིང་གི་མི་ཚོགས། འཕྲུལ་འཁོར་སོགས་རང་ཉིད་ཀྱི་སྡེ་བ་ཆུང་ཆུང་ནང་མཐོང་མི་ཐུབ་པའི་དངོས་པོ་འདྲ་མིན་ཞིག་མཐོང་རྒྱུ་བྱུང་། ང་རང་གང་དུ་འགྲོ་དགོས་པ་དང་། ཅི་ཞིག་བྱེད་དགོས་པ་ཅི་ཡང་མི་ཤེས། སྲང་ལམ་དུ་གོམ་བགྲོད་བྱས་པ་ཡིན། གོམ་བགྲོད་བྱེད་བཞིན། མིག་གིས་མཚར་སྣང་ལྡན་པའི་མི་དང་། དངོས་པོ། གྲོང་རྡལ་གྱི་རྣམ་པ་ཞིབ་གཟིགས་བྱས་པ་ཡིན། གྲོང་རྡལ་གྱི་མི་རྣམས་མཐོང་བ་ན། རང་ཉིད་ཀྱི་ལུས་ཐོག་གི་གྱོན་གོས་རྙིང་བ་དེས། ང་ལ་དོགས་མི་བདེ་བ་ཞིག་དང་། ངོ་ཚ་བོ་བྱུང་། གྲོད་ཁོག་ལྟོགས་པ་དང་། ཅི་བྱེད་འདི་ལས་མེད་པའི་སྐབས་ཤིག་ལ། ངའི་སྡེ་བ་གཅིག་པའི་མི་ཞིག་དང་འཕྲད་སོང་། ཁོས་ང་རང་མཐོང་བ་ན། མཚར་སྣང་དང་བཅས། ཁྱོས་འདིར་ཅི་ཞིག་བྱེད་བཞིན་ཡོད། ད་ནི་ཕྱི་བོ་ཆགས་འདུག ང་དང་མཉམ་དུ་ཡུལ་ལ་འགྲོ་ཟེར། དེ་ལྟར་ཁོས་ཚིག་འདི་བརྗོད་པ་དང་གོམ་ཁ་མདུན་དུ་བསྒྱུར་བཞིན་ཕྱིན་སོང་། ང་རང་ཁོང་གི་རྗེས་སུ་ཡུད་ཙམ་མིག་གིས་ཅེར་ཏེ་ལུས་པ་དང་། གང་ཡིན་ཅི་ཡིན་མེད་པར། ངའི་གོམ་པའི་གདེག་འཇོག་ཡང་ཁོའི་རྗེས་སུ་ཤོར་སོང་། ང་རང་གྲོང་རྡལ་འདིར་བྲོས་བྱོལ་དུ་ཡོང་བ་གཏིང་བརྗེད་དུ་གྱུར་སོང་། ང་རང་ཁོ་དང་མཉམ་དུ་གོམ་བགྲོད་བྱས་པ་ཡིན། ཁོས་རྒྱབ་ཏུ་ཁུག་མ་ཞིག་འཁུར་འདུག ཁོས་ང་ལ་ཚིག་གཅིག་ཀྱང་བཤད་མ་སོང་ལ། མིག་ཟུར་གྱིས་ཀྱང་བལྟས་མ་སོང་། ངེད་གཉིས་མདུན་དུ་གོམ་བགྲོད་བྱས་པ་ཡིན།
གྲོད་ཁོག་ཀྱང་ཧ་ཅང་ལྟོགས་ལ། ལུས་ཡང་ངལ་དུབ་ཀྱིས་མནར། ངེད་གཉིས་མདུན་གྱི་རི་བོ་མཐོ་པོའི་ཉི་འོད་ཀྱི་རྗེས་འབྲངས་ཏེ་གོམ་བགྲོད་བྱས་པ་ཡིན། སྐབས་དེར། ངེད་གཉིས་ཀྱིས་ཕྱི་དྲོའི་དུས་ཚོད་ཅི་འདྲ་ཞིག་ལ་སླེབས་ཡོད་མེད་མི་ཤེས་མོད། རི་བོ་མཐོ་པོའི་སྒང་གི་ཉི་འོད་དེ། རིའི་ཕར་རྒྱབ་ཏུ་ཤོར་ནས་ཅུང་མ་འགོར་བར། ས་ཆ་འདིར་མུན་ནག་ཆགས་པ་ངེད་གཉིས་ཀྱིས་ཤེས་ཡོད། ངེད་གཉིས་གོམ་བགྲོད་རྒྱུན་རིང་བྱས་རྗེས། ཁོང་གིས་ཁུག་མ་ཐང་དུ་བཞག་ཏེ་ངལ་གསོ་གནང་སོང་། ཁྱོད་གྲོང་རྡལ་དུ་འགྲོ་དགོས་དོན་ཅི་ཡིན་ཞེས་ང་ལ་སྐད་ཆ་དྲིས། ཁོང་གིས་ལམ་སང་དྲི་བ་འདི་དྲིས་སྟབས། ང་རང་འཚུབ་སྣང་དང་ངོ་གནོངས་ཤིག་བྱུང་། ཨོ། ང་རང་ཁྱིམ་དུ་སྡོད་འདོད་མེད་པར། ཡུལ་ནས་བྲོས་ཤིང་འཁྱམས་པ་ཡིན་ཞེས་བརྗོད། ཁོང་ཡང་ཡ་མཚར་གྱི་རྣམ་འགྱུར་ཞིག་མངོན་བཞིན། ཨོ། ཞེས་སྒྲ་འདི་ཐོན་པ་ལས་ཚིག་གཅིག་ཀྱང་ལབ་མ་སོང་། ངའི་སྐད་ཆ་དེས་ངེད་གཉིས་ལ་ཁ་བརྡ་མེད་པའི་ཐོག་ཁ་བརྡ་གཏན་དུ་མེད་པར་གྱུར།
ཡུད་ཙམ་རྗེས་སུ། ཁོང་གིས་ཁུག་མ་ལ་ལག་པ་འཇུ་ཞོར་ཡར་ལངས་པ་དང་། ངའི་གདོང་ལ་བལྟས་ཏེ། བུ་ལྡོམ་ན་བསམ་ཤེས་ཟེར་བ་རེད་ཅེས་བརྗོད། ངེད་གཉིས་མུ་མཐུད་དུ་གོམ་བགྲོད་བྱས་པ་ཡིན། རྐང་འོག་གི་རྡོག་སྒྲ་སྔར་ལས་ཆེ་རུ་འགྲོ་བའི་སྣང་བ་བྱུང་ལ། གྲོད་ཁོག་ཀྱང་ཧ་ཅང་ལྟོགས། ལུས་པོ་ཡང་ངལ་དུབ་ཀྱིས་མནར། བུ་ལྡོམ་ན་བསམ་ཤེས་ཟེར་བའི་ཚིག་དེའི་གོ་དོན་གསལ་བོ་ཞིག་མི་ཤེས་མོད། ཕལ་ཆེར་དེ་རིང་ང་ལ་གནས་ཚུལ་ཅི་བྱུང་བ་འདི་འདྲ་ཞིག་ཡིན་པར་སྙམ། གོམ་བགྲོད་བྱས་ཏེ་སྡེ་བ་ལ་ཐག་ཉེ་རུ་ཉེ་རུ་བཅར་སྐབས། སེམས་སུ་ངོ་གནོངས་པ་ཞིག་དང་། ང་ལ་གཤེ་གཤེ་དང་བཀའ་བཀྱོན། སྡུག་དམོད་ཅི་འདྲ་གནང་ཡོང་སྙམ་པའོ་བློ་དོགས་འཕེལ། རི་བོ་མཐོན་པོ་སྒང་གི་ཉི་འོད་དེ། རིའི་ཕར་རྒྱབ་ཏུ་བཞུད་ཚར་སོང་ལ། ངེད་གཉིས་ཀྱང་སྡེ་འདབས་སུ་སླེབས། གྲོང་པའི་ཁྱིམ་ཚང་རྣམས་སྔར་ལྟར་ཁུ་སིམ་མེར་འདུག སྡེ་འདིའི་ལུང་ཞོང་ནང་དུ་བ་སྔོ་སང་སེང་ཞིག་འཕྲེད་དུ་འཐེན་འདུག དུད་ཁྱིམ་རེ་རེའི་ཁང་ཐོག་གི་དུད་ཁུང་ནང་དུ་བ་འཕྱུར་བཞིན་པ་དང་། ངའི་གྲོད་ཁོག་སྔ་ལས་ལྟོགས་འདར་ཞིག་རྒྱབ་པའི་སྣང་བ་བྱུང་ལ། སྣ་ལམ་དུ་ཡང་ཟས་ཀྱི་བྲོ་བ་ཤུགས་ཆེན་པོ་ཞིག་ཚོར། གང་ལྟར་ཁང་ཐོག་གི་དུ་བ་སྔོ་སང་སེང་དེ་དག་མཐོང་དུས། ངའི་སེམས་ལ་དགའ་སྣང་ཞིག་བྱུང་།