མུ་ཏིག
དག་གཙང་གི་སེམས་པ། ཤོག་སྙིགས་བཞིན་རླུང་གིས་འཁུར་ཐེངས་རེར། གཞན་ཡུལ་ན་དངངས་ཀྱིན་པའི་མི་ཚོགས་ཤིག་གི་ངོ་གདོང་དྲན་གི། ས་མཐའ། ཕ་ཡུལ་ནས་བལྟས་ན། མཚན་མོའི་སྐར་ཚོམ་བཞིན་འོད་ཆེམ་ཆེམ། ས་མཐར་ལུས་པའི་མི་དག གཉིད་བདེ་མོ་ཞིག་ཀྱང་ཁུག་མྱོང་ཨེ་ཡོད་བསམ་ན། ལོ་ངོ་ལྔ་བཅུ་ལྷག་གི་འཚོ་བ། གློག་སྒྲོན་འོག་གི་ཕྱེ་མ་ལེབ་ཁྱུ་ཞིག་དང་འདྲ་བར། ཚེ་སྲོག་གི་མཐར་ཐུག་ལ་སླེབས་ཡོད།
གནས་ངེས་མེད་དང་དུས་ངེས་མེད་ཀྱི་འཚོ་བ། འཁྱམ་པོ་ཞིག་གི་སྡུག་གླུ་ཡིན་ཟེར་ཆོག ན་ཟུག་གིས་སྐྱེལ་བའི་ཉིན་ཞག་གྲངས་མེད། མི་རིགས་ཤིག་གི་ལས་དབང་དང་འབྲེལ་ཡོད་ན། ངས་རང་གི་མེས་པོ་དག་དྲན་གི། དཔའ་ངར་དང་སྙིང་སྟོབས་ལ་ཟད་མཐའ་མེད་པའི་ཁོང་ཚོ། ཇི་འདྲའི་དྲན་པ་ལ་ཨང་། ངའི་མེས་པོ་ཡ།
ལོ་རྒྱུས། ང་ཚོའི་མེ་ལོང་རེད། ང་མེ་ལོང་གི་མདུན་དུ་ལངས་ཐེངས་རེར། ངས་རང་གི་གནས་མལ་ཤོར་སོང་བ་མཐོང་གི། མི་ཡུལ་ན་སྐྱིད་རྒྱག་མཁན་ཁོང་ཚོ། ཧམ་པ་དང་དབང་ཡོད་བཤད་མཁན་ཤ་སྟག་རེད། མེ་ལོང་ལས་ཡོད་ཚད་གསལ་འོང་ན། ང་ས་མཐའ་ནས་རྒས་སོང་རུང་། ཤ་འཁོན་འདི་བརྗེད་ཐབས་མེད།
ས་མཐའ་ནས། ཕ་ཡུལ་དྲན་གི། ཕ་ཡུལ་གྱི་དྲོད་ཁོལ་དྲན་གི། མཐའ་ཡས་པའི་རྩྭ་ཐང་དང་ལུག་ཁྱུ་དྲན་གི། ས་མཐའ་ནས་བསྡད་ཀྱིན་བསྡད་ཀྱིན་དུ། ཕ་ཡུལ་ལྷག་ཏུ་དྲན་ན་ཡང་། ཕ་ཡུལ་ཤོར་བའི་མི་ཞིག་གིས་ཕ་ཡུལ་དྲན་པ་ནི། ཡང་ཤ་འཁོན་རེད།
ང་སྐྱེས་དུས་ཤ་འཁོན་དང་ལྷན་དུ་སྐྱེས་བྱུང་། ང་འཆི་དུས་ཀྱང་ཤ་འཁོན་དང་ལྷན་དུ་འཆི་དགོས་པ་འདྲ་ཨང་།