ཨོ་རྒྱན་ཉི་མ།
ཨོ་སྭཱ་སྟི།
འགྲོ་བའི་སྡུག་བསྔལ་ཐུགས་ནས་དོར་མ་མྱོང་།།
འགྲོ་བར་གཟིགས་ཏེ་སྤྱན་རས་གཡོ་བ་མེད།།
འགྲོ་བའི་མགོན་པོ་སྙིང་རྗེའི་རང་གཟུགས་ལ།།
འགྲོ་བ་ཞིག་གིས་དད་པའི་མེ་ཏོག་མཆོད།།
དེང་སང་དུས་ངན་མི་རྣམས་ཚེ་ཐུང་ཞིང་།།
དོན་དང་དོན་མིན་འབྱེད་པའི་མཐུ་ནུས་ཞན།།
རྣམ་རྟོག་ཇག་པས་སེམས་ཀྱི་གཤིས་ཀྱང་བཅོམ།།
མགོ་མཇུག་མེད་པར་འདོད་པའི་འདམ་དུ་བྱིངས།།
དེ་ཕྱིར་མངོན་མཐོ་ངེས་ལེགས་ཐར་བའི་སྒོ།།
རིན་ཆེན་བྱང་ཆུབ་སེམས་ལའང་སྒྲོ་སྐུར་གྱིས།།
སྙིང་ལ་གཟན་པའི་ཚིག་དག་མཐོང་བ་དང་།།
ཆོས་མཆོག་མ་ཎིའི་ཁྱད་ཆོས་ཅུང་ཟད་འབྲི།།
མ་ཎི་བཏོན་ནས་བོད་ལ་བྱམས་སེམས་ལྡན།།
བྱང་སེམས་ཅན་ཞེས་ཀུན་གྱིས་བསྟོད་ཅིང་བཀུར།།
སྟོབས་ཀྱིས་དབང་བསྒྱུར་བྱེད་མཁན་མང་ན་ཡང་།།
བྱམས་པས་གཞན་སེམས་འགུགས་མཁན་བོད་པ་ཙམ།།
མ་ཎི་འདི་ཡིས་སུམ་གཉིས་དབང་དུ་བསྡུས།།
མ་ཎི་འདི་ཡིས་ཞི་བདེ་གཟེངས་རྟགས་བཞེས།།
མ་ཎི་འདི་ཡིས་བོད་མིར་འཛུམ་མདངས་སྦྱིན།།
མ་ཎི་འདི་ཡིས་བོད་མིའི་ཚེ་བསོད་རྒྱས།།
མ་ཎི་མ་བརྗེད་བོད་ཀྱི་ན་གཞོན་ཚོ།།
དམ་ཆོས་མ་བསྙེལ་བོད་ཀྱི་རྒན་དར་རྣམས།།
སྡང་ཞུགས་མ་བྱེད་བོད་ཀྱི་སོན་རྩ་རྣམས།།
འདི་གསུམ་བོད་ཀྱི་སྐྱབས་མགོན་དང་པོ་ཡིན།།
ས་ཆ་ཤོར་བས་བོད་པ་བརླག་མི་ནུས།།
བཟའ་བཏུང་བརྗེས་ཀྱང་བོད་རྣམས་རྒུད་མི་འགྱུར།།
བོད་པའི་ཁ་ལ་མ་ཎི་མེད་གྱུར་ན།།
བོད་ཀྱི་ངོ་བོ་ཆོས་རིག་སྟོར་བའི་རྟགས།།
བོད་ཀྱི་གཤིས་བཟང་འདི་ཡང་མ་ཎིའི་དྲིན།།
བོད་ཀྱི་རིག་གནས་ཐོག་མ་མ་ཎི་བྱུང་།།
བོད་ཀྱི་བློ་རིག་འབྱེད་བྱེད་ལྡེ་མིག་ཡིན།།
བོད་ཀྱི་ཚེ་བླ་སྲོག་གསུམ་མཚོན་བྱེད་ཡིན།།
བོད་ཀྱི་བྱམས་སེམས་འདི་ཡང་མ་ཎིའི་དྲིན།།
བོད་ཀྱི་སྙིང་རྗེ་འདི་ཡང་མ་ཎིའི་དྲིན།།
བོད་ཀྱི་གཞན་ཕན་འདི་ཡང་མ་ཎིའི་དྲིན།།
བོད་ཀྱི་ཡང་དག་ལྟ་བའང་མ་ཎིའི་དྲིན།།
མ་ཎིར་དགའ་བའི་བོད་ཀྱི་སྐྱ་སེར་ཚོས།།
རྐུ་འཕྲོག་ཇག་གསུམ་གསད་གཏུབ་ཀུན་དོར་ཏེ།།
རི་རྒྱ་ཀླུང་རྒྱ་བསྡམས་ཤིང་དགེ་ཁྲིམས་བཞག །
རང་གཞན་འཚེ་དང་མི་འདོད་ཉེར་འཚེ་སྤངས།།
མ་ཎིས་ཉ་དང་ལྕུང་མོ་སྦལ་པ་དང་།།
བྱ་དང་བྱེའུ་ར་ལུག་གཡག་འབྲི་སོགས།།
གྲངས་མེད་ཚེ་ཐར་ཚེ་འདིར་འཚེ་བ་སྤངས།།
ཕྱི་མར་དལ་འབྱོར་འཐོབ་པའི་བསྔོ་བ་རྙེད།།
མ་ཎིའི་སྒྲ་དབྱངས་གང་གིས་ཐོས་ན་ཡང་།།
དེ་ཡི་རྒྱུད་ཀྱི་དད་པའི་སྤུ་ལོང་གཡོ།།
མ་ཎིའི་སྙན་དབྱངས་ཁ་ལ་ཡོད་ཚད་ཀུན།།
སྙིང་རྗེའི་གཞན་ཕན་མེད་པ་གཏན་མི་སྲིད།།
མ་ཎི་རི་ལ་ཡོད་ན་རི་དྭགས་སྲུང་།།
མ་ཎི་ཀླུང་ལ་ཡོད་ན་ཉ་ལྕུང་སྲུང་།།
མ་ཎི་སེམས་ལ་ཡོད་ན་སྡུག་བསྔལ་སྲུང་།།
མ་ཎི་རིན་ཆེན་ནོར་གྱི་མཆོག་གྱུར་ཡིན།།
བོད་ཀྱི་ཡུལ་འཁོར་མཐའ་དག་མ་ཎིས་སྐྱོང་།།
བོད་ཀྱི་རྣམ་ཤེས་འདི་ཡང་མ་ཎིར་བདག །
བོད་ཀྱི་ངག་སྒོ་འདི་ཡང་མ་ཎིས་འབྱེད།།
བོད་ཀྱི་ལུགས་གཉིས་མ་ཎིས་མ་ཁྱབ་མེད།།
བོད་ཀྱི་ཁོར་ཡུག་འདི་ཡང་མ་ཎིས་སྲུང་།།
བོད་ཀྱི་ལུས་ཀྱི་ན་ཚ་མ་ཎིས་སྲུང་།།
བོད་ཀྱི་སེམས་ཀྱི་སྡུག་བསྔལ་མ་ཎིས་སྲུང་།།
བོད་ཀྱི་མ་ཎིས་འགྲོ་ཀུན་གདུང་བ་བསལ།།
འཛམ་གླིང་ཤར་ནུབ་རི་གྲོང་ཀུན་ཏུ་ཡང་།།
བོད་པ་ཡོད་ན་མ་ཎིའི་དར་ལྕོག་ཡོད།།
བོད་ཆོས་ཡོད་ན་མ་ཎིའི་དར་རེ་ཡོད།།
མ་ཎི་ཡོད་སར་སྙིང་རྗེའི་བྱིན་རླབས་ཡོད།།
དེང་རབས་གསར་བས་མ་ཎིར་བསྒྲུན་མི་ནུས།།
ཟས་གོས་ནོར་དང་མ་ཎི་གཏན་མི་མཚུངས།།
ཚན་རྩལ་རིག་གནས་ཀུན་ལས་མ་ཎི་མཆོག །
མ་ཎི་མ་འདོར་ཕ་བཟང་བུ་ལོ་ཚོ།།
དེ་ཕྱིར་ད་ཡོད་ཕྱིས་འབྱུང་བོད་ཀྱི་སྐྱ་སེར་ཚོས།།
མ་ཎི་མ་བརྗེད་ཕ་མའི་དྲིན་མ་བརྗེད།།
གདམ་ངག་མ་བརྗེད་བླ་མའི་ཐུགས་མ་བརྗེད།།
ཉིན་རེར་མ་ཎི་ཚར་རེ་མ་བརྗེད་རོགས།།
ཞེས་པ་འདི་ནི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས་དེང་སང་གི་བོད་ཀྱི་གསར་སྐྱེས་གང་ཡང་མི་ཤེས་མཁན་ཚོས་ཡོད་ཚད་མ་ཎི་དང་། བྱམས་དང་། སྙིང་རྗེ། བྱང་ཆུབ་སེམས་ཀྱིས་ཕུང་སོང་ཞེས་སྒྲོ་སྐུར་ཅན་དག་ལ་ཅུང་ཟད་སྨན་དུ་རེ་ནས་བྲིས། དེ་ཕྱིར་ད་ནས་བཟུང་ཚང་མས་འབྲི་ཤེས་པ་ཚོས་མ་ཎིའི་ཕན་ཡོན་ཕྲིས། མ་ཤེས་ན་སོམས། དེ་ཡང་མ་ནུས་ན་མ་ཎི་འདོན་མི་ཤེས་མཁན་གྱི་བོད་པ་ཞིག་ཡོད་མི་སྲིད་པས་ཉིན་རེར་མ་ཎི་འབྲུ་རྡོག་རེ་མ་ཆད་པ་གནང་རོགས། འདིས་བོད་ཀྱི་ཆོས་རིག་ཡུན་རིང་ཙམ་གནས་པ་དང་། ཡ་རབ་སྤྱོད་བཟང་ལ་སྨན་ངེས་སོ།།