བསྟན་འཛིན་བདེ་སྐྱིད།
————————
བོད་སྐད་ནི་ཐལ་འཚུབ་དཀྱིལ་གྱི་དབུགས་བསག་གི་ནད་པ་ཞིག་བཞིན་དུ་དབུགས་ཧལ་བཞིན་གནས་ཡོད། ས་བབ་ཀྱི་ཆ་ནས་ཐ་དད་ཡིན་པའི་ལྷ་ས་དང༌། དྷ་རམ་ས་ལཱ། ནིའུ་ཡོརྐ་བཅས་ཀྱི་ནང་སྐྱེས་པ་དང་འཚར་ལོང་བྱས་པའི་བོད་ཕྲུག་རྣམས་ཀྱིས་བོད་སྐད་དེ་ཁ་སྐད་དང་པོའི་ཚུལ་དུ་བེད་སྤྱོད་ཀྱིས་འཚར་ལོང་བྱེད་སྲིད་ཀྱང༌། ཁོང་ཚོས་བོད་ཡིག་དེ་སྐད་ཡིག་གཉིས་པའི་ཚུལ་དུ་སྤྱོད་རྒྱུ་དེ་ཧ་ལམ་ངེས་པ་རེད། ཇི་སྲིད་བོད་དེ་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཞིག་ཏུ་གནས་པ་དེ་སྲིད་དུ་འདི་ལ་འགྱུར་བ་མི་ཡོང༌། ད་ལྟའི་ཆར་བོད་ནང་གི་བོད་ཕྲུག་སློབ་གཉེར་བ་ཚོའི་ཆེད་ལས་ལམ་ལྷོངས་ཀྱི་སྐད་ཡིག་དེ་རྒྱ་སྐད་ཡིན། ཕྱི་ལ་གནས་པའི་བོད་ཕྲུག་སློབ་གཉེར་བ་ཚོའི་སྐད་ཡིག་དེ་དབྱིན་སྐད་ཡིན། ལམ་སྲོལ་གྱི་གྱོང་གུན་གྱིས་རྐྱེན་པས་བོད་སྐད་དེ་ངེས་པར་དུ་སྣང་ཆུང་དུ་ལུས་ཡོད།
བོད་སྐད་དེ་ཁ་སྐད་ཀྱི་གནས་བབ་ནས་བསམ་ན་དོ་སྣང་མ་བྱས་པའི་འབྲས་བུ་དེ་ད་ལྟ་བར་དུ་ཆུང་ཆུང་རེད། ཁྱིམ་དང་ཐབ་ཀྱི་སྐད་ཅིག་ཡིན་པས་དེས་ང་ཚོ་བྱིས་པའི་དུས་ནས་བསྐོར་ཏེ་རང་གི་མ་སྐད་ཀྱི་ཚུལ་དུ་སྤྱད་དེ་ང་ཚོ་འཚར་ལོང་བྱེད་ཀྱི་ཡོད། འོན་ཀྱང་བོད་སྐད་དེར་ཡིག་སྐད་ཀྱི་ལམ་སྲོལ་ནས་བལྟས་ན། དོ་སྣང་མ་བྱས་པའི་འབྲས་བུ་དེ་གནོད་སྐྱོན་ཆེན་པོ་བྱུང་ཡོད། ང་ཚོའི་མི་རབས་ཀྱི་བོད་མི་ཚོས་འབྲི་ཀློག་ཡོད་ཚད་ཕལ་ཆེ་བ་ཕྱིའི་སྐད་ཡིག་ཅིག་གི་ལམ་ནས་བྱེད་པ་ལས་བོད་སྐད་ཀྱི་ཐོག་ཧ་ལམ་བྱེད་ཀྱི་མེད།
དགོན་པའི་ལམ་སྲོལ་གྱི་ཕྱི་ལོག་ཏུ་སློབ་གཉེར་བྱེད་མཁན་གྱི་བོད་རིགས་ན་གཞོན་གྲངས་འབོར་ཆེ་བ་དེ་དག་གིས་བོད་ཡིག་ཚད་ལྡན་ཞིག་འབྲི་མི་ཐུབ་པའམ། ཡང་ན་ལྕེ་ལེ་འཁྲིལ་ཐག་མ་ཐེབས་པར་བརྗོད་པ་གཅིག་གི་ནང་ནས་ཚིག་གསུམ་ཡང་ཐད་ཀློག་བྱེད་མི་ཐུབ་པ་དེས་ང་ཚོར་དཀའ་ངལ་ཞིག་ཡོད་པ་མཚོན་གྱི་ཡོད། བྱས་ན་ག་རེ་བྱེད་དགོས་སམ།
དཀའ་ངལ་གྱི་རྩ་བ་དེ་ཆུང་རྩག་རེད། ང་ཚོས་བོད་ཡིག་ཡག་པོ་འབྲི་མི་ཐུབ་པ་དེ་ང་ཚོས་བོད་ཡིག་ཧ་ལམ་རྩ་བ་ནས་མ་ཀློག་པའི་རྐྱེན་དང༌། ང་ཚོས་བོད་ཡིག་ཧ་ལམ་རྩ་བ་ནས་མི་ཀློག་པ་དེ་བོད་ཡིག་ཀློག་རྒྱུ་ཁག་པོ་ཡོད་པའི་རྐྱེན་གྱིས་རེད། བོད་ཡིག་ཀློག་རྒྱུའི་དཀའ་ངལ་དེ་དེ་མ་ཐག་ཏུ་ལས་སླ་རུ་གཏོང་བར་ཐབས་ཤེས་ཆུང་རྩག་ཅིག་ཡོད། དེ་ནི་ཚིག་འབྲུ་དབྱེ་བ་ཕྱེ་རྒྱུ་དེ་རེད། མིག་ལ་སྣང་རྒྱུར་དོན་དང་ལྡན་པ་གང་ཞིག་ལ་མིང་ཚིག་རེ་རེ་བཞིན་རང་ཚུགས་སུ་མཐོང་ཐུབ་པའི་ཆེད་དུ་མིང་ཚིག་རེ་རེའི་དབར་ལ་སྟོང་ཆ་རེ་བཞག་པ་དེས་བོད་ཡིག་ཀློག་རྒྱུའི་དཀའ་ཚེགས་དེ་མཚན་གཅིག་ལ་ལས་སླ་རུ་གཏོང་ཐུབ།
དོན་དམ་དུ་འདི་ནི་འཛམ་གླིང་ཁྱོན་ཡོངས་སུ་ཡི་གེའི་འབྲི་སྲོལ་གཞན་ཁག་ལ་མི་རྣམས་ཀྱིས་བེད་སྤྱོད་བཏང་ཡོད། གནའ་སྔ་མོའི་གྷིརིག་དང་ལེཊིན་དེ་དག་མིང་ཚིག་གི་དབར་ལ་བར་སྟོང་མེད་པར་ཡིག་འབྲུ་ཚང་མ་མུ་འཁྱུད་གཅིག་ཏུ་སྦྲེལ་ནས། ༼སྐིརིཔཊུརཱ། ཀོནཊིནུཝ།༽ ཞེས་པ་ཞིག་ནང་བྲིས་ཡོད། དུས་རབས་བར་མའི་ཡིག་འབྲིའི་ལམ་སྲོལ་ལ་དམིགས་བསལ་མཁས་པ། པཱོལ། སེནཇར། གྱིས་གསུངས་གསལ་ལ། དེ་ནི་དུས་རབས་བཅུ་བདུན་པའི་མཐའ་མ་ཁོ་ནར་ཨཱཡར་ལེཎཌིའི་གྲ་བ་དེ་ཚོས་དུས་རབས་བར་མའི་ཡིག་ཆ་ཁག་གི་ནང་དུ་མིང་ཚིག་དབར་གྱི་བར་སྟོང་དེ་དག་དར་ཁྱབ་གཏོང་རྒྱུ་འགོ་འཛུགས་བྱས་པ་དང༌། ལམ་སྲོལ་འདི་ཚད་ལྡན་དུ་དྭང་ལེན་བྱེད་རྒྱུར་བརྒྱ་ཕྲག་འགའ་ཤས་འགོར་ཡོད། ༼པཱོལ། སེནཇར་གྱིས་གསུངས་པ་གཞིར་བཟུང་བྱས་ན་དེང་སང་ང་ཚོས་ཁ་ཁུ་སིམ་པོར་ཀློག་རྒྱུའི་ལམ་སྲོལ་འདི་ཡིག་འབྲུའི་དབར་ལ་རླུང་བསྲེས་ཏེ་བཀླག་པ་དེ་ནས་དར་བ་རེད།༽ དཀར་པོའི་སྟོང་ཆ་ཡང་ཟེར་བའི་ཚིག་གི་དབར་གྱི་སྟོང་ཆ་འདི་ད་ཆ་ཡིག་འབྲིའི་ལམ་སྲོལ་དུ་མའི་ནང་མཐོང་ཆོས་སུ་ཡོད། ཐོན་མི་སམ་བྷོ་ཊས་བོད་ཀྱི་དབྱངས་གསལ་དང་ཡི་གེའི་འབྲི་སྲོལ་གསར་བཟོའི་གཞི་མ། སྔ་མོ་མུ་འཁྱུད་གཅིག་ཏུ་འབྲི་སྲོལ་ཡོད་པའི་དེབནཱགརིའམ། ཧིན་དྷི་ལའང་དེང་སང་བར་སྟོང་བཞག་ཡོད། སྔ་མོ་མུ་འཁྱུད་གཅིག་ཏུ་ཡོད་པའི་ཀོརིཡའི་ཧན་གྷུལ་ལ་ཡང་ད་ཆ་བར་སྟོང་བཅུག་ཡོད། བོད་ཡིག་གི་ཚེག་དང་འདྲ་བར་རྟགས་༼ཿ༽ འདི་བེད་སྤྱོད་བྱེད་པའི་ཨིཐོཔིཁ་ཡང་དེང་སང་ཤས་ཆེར་ཚིག་གི་དབར་ལ་བར་སྟོང་བཞག་ནས་འབྲི་གི་ཡོད།
དངོས་འབྲེལ་བྱས་ན་མིང་ཚིག་གི་དབར་ལ་བར་སྟོང་མེད་པ་དང༌། ཚིག་འབྲུ་དབྱེ་ཕྱིར་ཚེག་རྡོག་གཅིག་རང་ལྡན་པའི་ད་ལྟ་ང་ཚོས་འབྲི་རྒྱུ་དེ་བཞིན་ངག་གི་སྨྲ་བརྗོད་ཀྱི་མཚོན་རྟགས་ངོ་མ་རེད། གང་གིས་ཞེས་ན། སྨྲ་བརྗོད་ཀྱི་སྐབས་སུ་ང་ཚོས་ཚིག་གི་དབར་ལ་བར་མཚམས་མི་འཇོག་པར་བརྗོད་པ་ཞིག་གི་མཐའ་རུ་བར་མཚམས་འཇོག་གི་ཡོད། ཡིནའང་ཀློག་པ་པོ་ཞིག་ལ་མིག་སྣང་གི་བར་མཚམས་ཀྱི་ཚབ་མཚོན་པའི་བར་སྟོང་དེས་ཁྱད་པར་ཆེན་པོ་བཟོ་གི་ཡོད། དཀར་པོའི་བར་སྟོང་དེས་ཚིག་རྣམས་འབུར་དོད་དུ་མངོན་གསལ་དོད་པོ་བཟོ་བ་དང་ཚིག་དོན་རྣམས་མིག་དབང་གིས་འཛིན་བདེ་མ་ཟད་རྣ་དབང་གིས་བཟུང་སླ་བའང་ཡོང༌། རྣ་བས་ཐོས་པ་ལས་མིག་གིས་མཐོང་བ་དེ་མགྱོགས་པ་དང༌། དེར་བརྟེན་ཀློག་གི་གོ་སྟོབས་དེ་མྱུར་བ་དང་ལས་སླ་བ་ཡོད། བོད་ཡིག་ལ་ཚིག་གི་དབྱེ་མཚམས་བེད་སྤྱོད་མ་བྱས་ཙང་ཡི་གེའི་འབྲུ་དོན་རྟོགས་དཀའ་བ་དང༌། འབྲི་ཐབས་དེས་ཀློག་པོ་པོར་ཁུ་སིམ་མེར་ཀློག་རྒྱུ་ལས་སྐད་ཤུགས་ཆེན་པོར་ཀློག་རྒྱུར་སྐུལ་འདེད་བྱེད་ཀྱི་ཡོད། པཱོལ། སེནཇར་གྱིས་ ༼ཚིག་གཉིས་དབར་གྱི་བར་སྟོང་༽ ཞེས་པའི་ནང་དུ། ༼སྤྱིར་བཏང་ཚིག་མཛོད་སྙོབ་པའི་སྔ་རོལ་དུ་མཁོ་བའི་རིག་པའི་རྒྱུད་རིམ་ཉུང་དུ་གཏོང་བའམ། མེད་པར་བཟོ་བའི་རི་མོའི་ལམ་སྲོལ་གྱིས་ན་གཞོན་ཀློག་པ་པོ་ཚོར་ཁུ་སིམ་མེར་ཀློག་རྒྱུའི་གོམས་གཤིས་སྔ་ནས་འཇགས་ཐབས་བྱེད་པ་དང༌། ཡིག་སྐད་མགོ་རྙོག་ཅན་དེ་ཚོས་མིང་ཚིག་བཟོ་རྒྱུར་སྒྲ་གདངས་ཀྱི་གྲུབ་ཆར་ངག་ཐོག་ནས་བཟོ་བཅོས་བྱེད་དགོས་པ་བཟོ་གི་ཡོད།༽ ཅེས་དགོངས་ཚུལ་བཏོན་ཡོད། དེས་ན་བོད་ཡིག་དེ་སྡེ་ཚན་རྗེས་མ་དེའི་གྲས་སུ་ཡོད། ཁོང་གིས་མུ་མཐུད་དེ། ཡིག་འབྲིའི་ལམ་སྲོལ་རྗེས་མ་འདི་དག་ལ་སྒྲ་གདངས་བཏོན་ནས་ཀློག་པ་དང༌། ངག་ཐོག་ཏུ་བཟུང་བའི་ཁྱད་ཆོས་དང་བཅས་སྦྱོང་བདར་རྒྱུན་རིང་དགོས་པ་དང༌། སྐབས་རེ་ན་སོ་དར་མའི་དུས་སུའང་མུ་མཐུད་དགོས་པ་ཡོང་གི་ཡོད། ཅེས་གསུངས།
ཆེས་ཁྱད་དུ་འཕགས་པའི་བོད་ཡིག་གསར་གཏོད་པ་ཆེན་པོ་ཐོན་མི་སམ་བྷོ་ཊས་བརྒྱ་ཕྲག་བདུན་པའི་ནང་དུ་ཡིག་འབྲུའི་དབར་ལ་ཚེག་ཀྱི་དགོས་མཁོ་གསར་གཏོད་གནང་བ་དང༌། ཆབས་ཅིག་རང་ཉིད་གཅིག་པུས་བོད་ཡིག་འབྲི་སྲོལ་གསར་བཟོ་གནང་སྐབས་སུ་དགོངས་གཞི་དེ་འདྲ་ཡོད་ཀྱང་དེ་དག་དེང་སང་བདེན་པར་གནས་མེད།་ སྐབས་དེ་དུས་ཤོག་བུ་དང་ཏ་ལའི་ལོ་མ་དེ་དག་དཀོན་པོ་དང་རིན་གོང་ཆེན་པོ་རེད། དཀའ་ཚེགས་ཅན་གྱི་དཔར་སྐྲུན་དག་ཤིང་པར་ལས་བྱས་པ་དང༌། ཤོག་ཐོག་ཏུ་དོན་མང་ཤོངས་བའི་ཆེད་ཡིག་འབྲུ་རྣམས་མུ་འཁྱུད་གཅིག་ཏུ་བཅུར་ཏེ་པར་ཤིང་གི་སྟེང་དུ་ཚིག་མང་པོ་བསྐོས་པ་རེད། དེང་སང་དཔར་སྐྲུན་འཕྲུལ་རིག་ཡར་རྒྱས་ཕྱིན་པའི་བཀྲིན་ལས་དགོངས་གཞི་འདི་དག་འབྲེལ་མེད་དུ་གྱུར་ཡོད།
གནའ་སྔ་མོ་ཡིན་ན། ཡི་གེའི་རིག་པར་མཁས་པ་ཆགས་པར་ལོ་མང་གི་འབད་རྩོལ་ལ་བརྟེན་ནས་སྦྱོང་བདར་དགོས་པ་མི་དྲག་ཚོའི་ཁེ་དབང་ཞིག་ཏུ་ལྟ་བ་ལས། མང་ཚོགས་ཀྱིས་བཀོལ་སྤྱོད་དོན་དུ་མིན་པ་དེ་ང་ཚོས་བརྗེད་མི་རུང༌། གསལ་པོར་ཞུས་ན་འཛམ་གླིང་ནང་གི་ཡིག་འབྲིའི་ལམ་སྲོལ་ཕམ་མོ་ཆེ་མངའ་བདག་ཚོས་སྲིད་གཞུང་འཛིན་སྐྱོང་གི་ཆེད་དུ་ཡིན་པ་ལས། མང་ཚོགས་ཀྱིས་བཀོལ་སྤྱོད་དོན་དུ་བཟོས་མེད། དོན་དམ་དུ་མིང་ཚིག་ཡི་གེའི་གཟུགས་སུ་འབྲི་བའི་མི་ལོ་དྲུག་སྟོང་གི་ལོ་རྒྱུས་ཀྱི་ཆ་ཤས་མང་བའི་ནང་དུ་ཡིག་འབྲིའི་སྲོལ་མི་འདྲ་བའི་ཐད་ལ། ཡི་གེ་འབྲི་ཀློག་ལ་མཁས་པ་ཡོང་ཕྱིར་ལོ་མང་སྦྱོང་བདར་བྱས་པའི་ཡིག་འབྲི་བ་དག་ཚང་དགོས་པ་བྱུང་ཡོད། འདི་དང་ཕྱོགས་མཚུངས་བོད་ནང་དུ་ནང་ཆོས་དར་ཁྱབ་ཀྱིས་རྐྱེན་པས་གདན་ས་ཆེན་པོ་ཁག་གི་ལེགས་བྱང་བརྒྱུད་དེ་བོད་ཡིག་འབྲི་སྲོལ་དེ་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལག་ཆ་ལྟེ་བ་དེར་གྱུར་ཡོད། དགོན་སྡེ་ཁག་གི་སློབ་ཚན་གྱི་ནང་དུའང་ན་གཞོན་སློབ་གཉེར་བ་ཚོ་ཡེ་གེ་འབྲི་ཀློག་ལ་བྱང་ཆུབ་པའི་ཆེད་དུ་ལོ་མང་སྦྱོང་བདར་སྤྲོད་ཀྱི་ཡོད།
དེང་སང་དགོན་པའི་འགྲོ་སྟངས་དེ་ལས་ལོགས་སུ་དགར་ཏེ། སློབ་སྦྱོང་གི་བརྒྱུད་ལམ་ཤུགས་ཆེ་བ་རྒྱ་སྐད་དམ་དབྱིན་སྐད་གང་རུང་ཡིན་པའི་མང་ཚོགས་སློབ་གྲའི་ལམ་ལུགས་འདིའི་ནང་ང་ཚོར་དུས་ཡུན་རིང་པོ་སྦྱོང་བདར་ཐོག་གཏོང་རྒྱུའི་རྒྱས་སྤྲོས་བྱེད་པའི་གོ་སྐབས་མེད། དེས་ན་རྙོག་འཛིང་གང་འཚམ་ཡོད་པའི་བོད་ཡིག་འབྲི་སྲོལ་ཆད་ལྷག་བྲལ་བ་འདི་ལྟ་སྣང་ལ་མཛེས་པོ་ཡོད་ཀྱང་རང་ཉིད་ཀྱིས་རང་དབུགས་གསུབ་ཏུ་གཏོང་སྲིད། དག་ཆ་མི་འདྲ་བའི་རིགས་སྒྲ་གདངས་ཇི་བཞིན་ངག་ནས་བརྗོད་ཀྱི་མེད་པ་དང༌། མིང་ཚིག་རྣམས་བྲིས་པ་དང་མི་འདྲ་བར་ངག་ནས་བརྗོད་ཀྱི་ཡོད་པ་རེད། གལ་ཏེ་ཚིག་དབར་གྱི་བར་སྟོང་དེ་དབུགས་བསག་གི་ནད་པ་ཞིག་ལ་དབུགས་རྔུབ་ཀྱི་འཕྲུལ་ཆས་ལྟ་བུར་མ་འོངས་པའི་མི་རབས་ལ་བོད་ཀྱི་འབྲི་ཀློག་ཤེས་ཡོན་སླར་གསོ་ཐུབ་ན་དཀར་པོའི་སྟོང་ཆ་དེའི་རིན་ཐང་ག་ཙམ་ཡིན་ནམ།
དོན་དངོས་ཀྱི་སེམས་འཚབ་ཅིག་ནི་བར་སྟོང་ཅན་གྱི་ཚིག་འབྲུ་ཀློག་རྒྱུར་གོམས་པའི་འབྱུང་འགྱུར་གྱི་ཀློག་པ་པོ་ཚོས་འགྲན་ཟླ་བྲལ་བའི་བོད་ཀྱི་གཙུག་ལག་བཀའ་བསྟན་དག་ཀློག་དཀའ་བ་ཡོང་སྲིད། འོན་ཀྱང་ཆུ་ཚོད་འགའ་ཤས་ཀྱི་སྦྱོང་བདར་བྱས་པ་དེས་ཀློག་བཟང་པོ་ཡོད་པའི་མཁས་པ་རྣམས་ལ་ཡིག་ཆ་རྙིང་པ་ཀློག་རྒྱུར་དཀའ་ངལ་འཕྲད་མི་སྲིད། ཚིག་འབྲུ་དབྱེ་བ་དེས་ཡིག་ཕྲེང་རྣམ་པར་ཕྱེས་ཏེ་ཐོག་མའི་ཀློག་པ་པོ་ཚོ་ལ་གལ་གནད་ཆེ་བ་མ་ཟད། ཉམས་ཞིབ་ལ་འཇུག་པའི་མཁས་པ་ཚོ་ལའང་མཐོང་རྒྱ་བདེ་པོ་དང་ཁུ་སིམ་མེར་མགྱོགས་པོ་ཀློག་རྒྱུར་ཡང་ཕན་པའི་རོགས་སྐྱོར་ཞིག་ཡོང༌། དེས་དོན་གཉེར་གྱི་སྤྲོ་སྣང་ཞིག་དང་ལྷན་དུ་བོད་ཡིག་ཐོག་སྐད་ཕབ་སྒྱུར་དང༌། དག་ཆར་ཞུ་དག་བྱེད་པའི་མཉེན་ཆས་འཕྲུལ་འཁོར་སོགས་ཀྱི་བཟོ་སྐྲུན་ཡང་སྟབས་བདེ་རུ་གཏོང་ངེས།
བསམ་འཆར་འདིས་བོད་མི་དུ་མ་ཞིག་ལ་འཚིག་ཟ་དང་ཁོང་ཁྲོ་སློང་རྒྱུ་ཡིན་པ་ངས་ཤེས། གང་ཡིན་ཟེར་ན་ང་ཚོས་དུས་རྒྱུན་དུ་འགྱུར་བ་ལ་འགོག་རྒོལ་བྱས་ཡོད་ལ། ང་ཚོས་བརྒྱ་ཕྲག་དུ་མའི་རིང་ལ་འདི་ལྟར་བྲིས་ཏེ་བསྡད་པའང་རེད། འོན་ཀྱང་ཐུགས་དྲན་གསོ་འོས་པ་ཞིག་ལ་སྔ་མོའི་སྲོལ་རྒྱུན་དུ་དཔེ་ཆ་རྣམས་ཚིགས་བཅད་དུ་བྲིས་ཡོད་པས་བར་སྟོང་མེད་ཀྱང་ཀློག་པ་པོ་རྣམས་ཀྱིས་གང་དུ་བར་མཚམས་འཇོག་དགོས་པ་དེ་ཤེས་ཀྱི་ཡོད། དེང་སང་བོད་ཡིག་ཐོག་འབྲི་མཁན་མང་ཆེ་བས་ཚིག་ལྷུགས་ནང་བྲི་ཡི་ཡོད། ན་གཞོན་ཀློག་པ་པོ་ཚོས་ལྟ་ཙམ་བྱས་ཀྱང་ཡང་ཡང་འཁར་ནས་སྡོད་ཀྱི་ཡོད། སྐབས་རེ་ཙམ་ལ་མཁས་པ་ང་ཡིན་ཟེར་མཁན་ཚོ་ལའང་འཁར་ཐོགས་ཡོང་གི་ཡོད།
ཆོས་ཐམས་ཅད་མཉམ་པ་ཉིད་སོང་ཙང༌། ཚིག་དབར་ལ་བར་སྟོང་ཡོད་པ་དང༌། གོ་རྟོགས་སླ་བ་གང་དུ་ཡོད་ས་དེར་མི་མང་བས་དེབ་ཅིག་ལག་ཏུ་ལེན་གྱི་རེད། ངའི་གཅེན་པོ་བསྟན་རྡོར་དང་ང་གཉིས་ཀྱིས་ཚིག་གི་བར་སྟོང་གི་དགེ་མཚན་བརྟག་ཕྱིར་ནང་ཁུལ་བོད་མི་འགའ་ཤས་ལ་བརྗོད་བྱ་གཅིག་མཚུངས་ཡིན་པ་གང་ཞིག་ལ། གཅིག་མུ་འཁྱུད་དུ་བྲིས་པ་དང་གཅིག་ཤོས་ལ་བར་སྟོང་བཞག་སྟེ་བྲིས་ནས་ཀློག་ཏུ་བཅུག་པ་ཡིན། བརྗོད་མི་དགོས་པ་ཞིག་ལ་ཚོད་ལྟ་བྱས་པའི་བོད་མི་ཚང་མར་བར་སྟོང་བཞག་སྟེ་བྲིས་པའི་བོད་ཡིག་དེ་ཀློག་སླ་བ་དང་གོ་རྟོགས་སླ་བ་བྱུང་འདུག ང་ཚོས་དྲ་རྒྱ་བརྒྱུད་དེ་དཔྱད་ཞིབ་མུ་མཐུད་བྱས་ཏེ་དོན་གཉེར་ལྡན་པའི་ཆ་ཤས་ལེན་མཁན་ཚོ་ལ་གྲུབ་དོན་འབུལ་ཐུབ་པའི་རེ་བ་ཞུ་ཡི་ཡོད།
ལས་འགུལ་བ་དང་རོལ་ཆ་མཁན་ཡིན་པ་བསྟན་རྡོར་གྱིས་ལོ་གཅིག་གི་སྔོན་ནས་བོད་ཡིག་ལ་བར་སྟོང་དགོས་པའི་བསམ་ཚུལ་འགོ་འཛུགས་བྱས་ཡོད་ལ། རང་ཉིད་ཀྱི་སྐད་གཉིས་ལྡན་པའི་ཟིན་བྲིས། ཞེས་པའི་ནང་དུ་ཚིག་ལ་བར་སྟོང་བཞག་སྟེ་བྲི་མུས་རེད། རླུང་བསྲེས་ཀྱི་བོད་ཡིག་དེར་ཧོབ་སྟེ་བལྟས་ན་འདྲོགས་དགོས་པ་ཞིག་ཡོད་ཀྱང༌། འགྱུར་བ་ཅུང་རྩག་འདི་ལ་ཀློག་གི་བྱ་བ་དེ་སྤྲོ་སྣང་ཅན་ཞིག་ཏུ་བསྒྱུར་རྒྱུའི་ནུས་པ་ཡོད།
བོད་གཞུང་ཤེས་རིག་ལྷན་ཁང་ངམ། ཡང་ན་དེ་མཚུངས་ཀྱི་སྒྲིག་འཛུགས་ཞིག་གིས་ཚིག་གི་བར་སྟོང་གི་དགེ་མཚན་ཡོད་མིན་གཞུང་འབྲེལ་གྱི་སྒོ་ནས་ཉམས་ཞིབ་གནང་དགོས་པ་རེད་སྙམ། དམའ་རིམ་འཛིན་གྲ་ནས་འགོ་འཛུགས་ཀྱིས་མཐོ་རིམ་བར་དུ་བོད་པའི་སློབ་གྲ་ཁག་ཏུ་རླུང་བསྲེས་ཀྱི་འབྲི་སྲོལ་དེ་གོང་རིམ་ནས་མར་ཕྱག་བསྟར་གནང་བ་དེས། ཕུགས་སུ་བོད་པའི་སྐད་ཡིག་གི་འཚོ་གནས་དང་འཕྲལ་གྱི་སླར་གསོ་ཟུང་འབྲེལ་ཡོང་ཐུབ། ད་ནས་ལོ་བཅུའི་ནང་དུ་བོད་པའི་སློབ་ཕྲུག་ཚོས་ངག་ནས་སྨྲ་བ་ནང་བཞིན་བོད་ཡིག་ལས་སླ་པོའི་ཐོག་ནས་ཀློག་ཐུབ་པ་དང༌། ཕྲུ་གུ་ཚོས་བོད་སྐད་དུ་བྲིས་པའི་རི་མོའི་སྒྲུང་དེབ་ལ་འདོད་པ་དང་དག་སྣང་ཤུགས་མ་ཐུག་གིས་སླེབས་པའི་དགོངས་པ་བཞེས་དང༌། གལ་ཏེ་ང་ཚོས་འབྲི་ཀློག་གི་ལེགས་བྱང་ལྡན་པ་གཞན་ཧ་ལམ་ཚང་མས་བརྒྱབ་ཚར་བའི་མདུན་མཆོངས་དེ་ནང་བཞིན་ད་རིང་ང་ཚོས་ཚིག་གི་བར་སྟོང་དེ་དྭང་ལེན་ཞུས་པ་ཡིན་ན་དེ་ལྟ་བུའི་མ་འོངས་པ་དེ་ངེས་པར་དུ་ཡོང་ངེས་པ་རེད།
ཅི་སྟེ་གོང་རིམ་ནས་མར་ཕྱག་བསྟར་གནང་རྒྱུ་དེ་ད་ལྟའི་ཆར་ཐལ་ཆ་ཡིན་པ་གཟིགས་ཀྱི་ཡོད་ན། བོད་མི་མང་ཚོགས་ཀྱི་ནང་དུ་ག་ལེར་དར་ཁྱབ་ཡོང་རྒྱུར་དམའ་ས་ནས་ཡར་འགྲོ་རྒྱུའི་འགན་ཁུར་གྱི་རེ་སྐུལ་ཞུ་བ་དེ་དོན་དངོས་དང་མཚུངས་ཆེ་བ་ཡོང་སྲིད། འདིའི་ཆེད་དུ་ངས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་རྩོམ་པ་པོ་དང༌། ཟིན་བྲིས་པ་རྣམས་ལ་ཚིག་གི་དབར་ལ་བར་སྟོང་བཞག་སྟེ་རླུང་བསྲེས་ཡི་གེའི་ཐོག་ལ་ཚོད་བལྟ་ཞིག་གནང་བའི་རེ་སྐུལ་ཞུ་ཡི་ཡོད།
བོད་ཡིག་འདི་རྩ་ཆེན་དང་ཁེ་དབང་ཅན་ཞིག་ཏུ་ལུས་སྲིད་ལ། ཡང་ན་ཚང་མས་སྙོབ་ཐུབ་པ་དང་ཡོངས་ཁྱབ་ཏུ་འགྲོ་ཡང་སྲིད། བཙན་པོ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་སྟེ་བོད་ཡིག་གིས་ཆོལ་ཁ་གསུམ་གཅིག་ཏུ་བཅིངས་ཡོད་ལ། གཞུང་འཕོ་འགྱུར་དང་རྒྱལ་ཁམས་སིལ་བུར་ཐོར་བའི་སྐབས་སུའང་བོད་ཡིག་གིས་བོད་མིའི་རང་བཞིན་གྱི་ཆིག་བསྒྲིལ་དམ་པོར་བཟུང་ཡོད། གངས་ཅན་པ་ཡོངས་ཀྱི་ཆེད་དུ་བཞག་པའི་ཐོན་མི་སམ་བྷོ་ཊའི་ཕྱག་རྗེས་བོད་ཡིག་དེས་ང་ཚོ་དུས་ནས་དུས་སུ་སྐྱབས་ཡོད། ད་ཆ་ཕྱག་རྗེས་འདི་སྐྱོབ་རྒྱུ་ང་ཚོའི་ལས་འགན་ཡིན། བོད་ཡིག་ལ་དབུགས་འབྱུང་རྔུབ་ཀྱི་གོ་སྐབས་སྤྲད་དེ་འཚོ་རུ་བཅུག་པས་མ་འོངས་པའི་མི་རབས་ཚོས་ང་ཚོར་བཀྲིན་རྗེས་དྲན་ཞུ་ཡི་རེད།།
(པདྨ་ཚེ་དབང་ཤཱསྟྲིས་ཕ་ཡུལ་དྲ་རྒྱའི་ནང་གི་དབྱིན་སྐད་མ་ཕྱི་ནས་བསྒྱུར། གལ་ཏེ་འགྱུར་གོ་མ་བདེ་བ་འདུག་ན། དབྱིན་སྐད་ལ་གཟིགས་གནང་ཞུ།)