གཡུ་དྲུག་དཀར། རྡ་ས།
ཞིང་བདག་ཚོའི་གཅེས་སེམས་ཀྱི་ཨ་ལོང་འཁོན་ཞིང་། རེ་ལྟོས་ཀྱི་མིག་ཟུང་ཅེར་ལ། རེ་སྨོན་གྱི་ས་བོན་འདེབས་ས། ལོ་འབྲས་སྨིན་ས།
འབྲས་ཞིང་ཁ། ཞིང་བདག་དག་གི་རྔུལ་ཆུས་མ་གཏོགས་མི་ནེམ་ཞིང་། ཆར་དུས་ཀྱི་ཆར་ཆུས་མ་གཏོགས་མི་ཁེངས་པའི་འབྲས་ཞིང་ཁ།
ཁྱོད་ཀྱི་རིང་ཐུང་དང་ཁ་ཞེང་ཆེ་ཆུང་ཇི་ལྟར་ཡང་། ཁྱོད་ཀྱི་མཐའ་ཚད་ནི་ཁྱིམ་ཚང་ཞིག་གི་འཚོ་བའི་མཐའ་རྒྱ་རེད་པས། ཞིང་ཚིགས་ཕྲ་མོ་དེ་དག རྒྱལ་མཚམས་ལྟར་གསལ་ཞིང་སྲུང་ལ། གཅེས་དགོས་པ་ཞིག་ཅི་ལ་མིན།
ནངས་སྔ་ལངས་དང་དགུང་ཕྱི་ཉལ་གྱིས་ཞིང་ཚིགས་ན་འགྲེང་ཞིང་། ཉི་མ་ཉིན་གང་བོར་རྔུལ་ནག་གཉའ་ལ་ཁུར། ས་ནག་འདོམ་ལ་སྦྱར་ནས་ཞིང་མཐའ་ནས་ཞིང་དཀྱིལ་དང་། ཞིང་དཀྱིལ་ནས་ཞིང་མཐའ་བར་སྐོར་གྱིན་པའི་ངལ་རྩོལ་གྱི་རི་མོ་ཡིས། འབྲས་ཞིང་ཁར་སྔོ་ལྡེམ་མེར་འཁྱིལ་བའི་ལོ་ཡག་དེ། ཞིང་བདག་ཅིག་གི་རྔུལ་ཆུས་བསགས་པའི་ལོ་རྒྱུས་ཀྱི་བྱུང་བ་གསལ་བོར་བཀོད་འདུག་ཨང་།
གླང་རྒན་གཉིས་དོར་བྱས་ཏེ། ཉྭ་སུག་ཀྱང་མཐོང་དཀའ་བའི་འདམ་བག་ཁྲོད། ས་ནག་དང་། ཆུ་ནག འདམ་ནག་གི་སྟེང་འོག་བརྗེས་ཏེ་ཁ་ལོ་སྐོར་དུས། ངོ་གདོང་ནག་རོག་གེར་རྒྱབ་ནས་འདེད་ཀྱིན་པའི་བདག་པོའི་ཁ་ཁྲིམས་དང་། དབྱུག་ཁྲིམས་ཅི་ཙམ་ཁུར་དགོས་པར་བསམ་ན། འབྲས་ཞིང་ཁ། མྱི་ཟོག་གཉིས་ཀའི་རྔུས་ཆུས་ཁེངས་སོང་བའི་མཚོ་མོ་དེ་ཡིན་ཆོག
སོན་སྤར་མོ་རེ་རེ་བཞིན་ས་ལ་བཏབས། ལྗང་མྱུག་སྡེབ་ཤོག་རེ་རེ་བཞིན་ས་ཐོག་ལ་བླངས། དེ་ནས་སླར་ཡང་མྱུ་གུ་རེ་རེ་བཞིན་ས་ལ་བཙུགས་ཏེ་གནམ་ལ་སློང་བའི་གོ་རིམ་སྟེ། འབྲས་ཞིང་ཁའི་ངལ་རྩོལ་ལྷག་མ་མང་པོ་མང་པོ་ཞིག སྟོན་ཚིགས་གཉིས་པའི་ཞིང་བདག་དག་གི་ཁུར་བོ་ལྕི་མོའོ།།
འབྲས་ཞིང་ཁ། ས་འདིའི་སྡུག་གི་མེ་ཕུང་གིས་བཞུས་པའི་འཚོ་ཚིས་སྣུམ་པོ། ཞིང་བདག་དག་གི་རུས་རྐང་ཕྱི་ལ་བཞུར་བའི་ཐོན་དངོས་སོ།།