དགེ་འདུན།
————
དེ་རིང་འཇམ་དབྱངས་ནོར་བུའི་དྲ་རྒྱ་བསྔོགས་སྐབས། བློ་བཟང་སེང་གེའི་རྒྱ་ནག་འགྲུལ་བསྐྱོད་སྐོར་ལ་དྲི་བ་དང་དྲི་ལན་ཞིག་བྱས་པ་བཞག་འདུག ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་འདེམས་དེ་ནི་སྤྱི་ཚོགས་ཀྱིས་བགྲོ་གླེང་ཤུགས་ཆེ་ཤོས་བྱས་པའི་བགྲོ་གླེང་ཞིག་ཡིན་པ་དང་། དམངས་གཙོའི་ལམ་སྲོལ་ནང་གི་མི་མང་གིས་གཞུང་འདེམས་པའི་ཚད་རིམ་མཐོ་ཤོས་ཡིན་པ་དེ་ལ་ང་ཚོ་སུ་ཡིན་ཡང་དགའ་འོས་པ་ཞིག་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད། འོན་ཀྱང་། ང་ཚོ་བོད་ཤོར་ནས་ཡོང་སྐབས་དམངས་གཙོ་ལེན་དུ་ཡོང་བ་མིན་པ་དང་། ང་ཚོའི་ཕ་ཡུལ་དུ་མྱ་ངན་དང་མནར་གཅོད་རྒྱུན་ལྡན་དུ་གནས་བཞིན་ཡོད་སྟབས། དམངས་གཙོའི་བགྲོ་གླེང་གིས་བཙན་བྱོལ་མི་མང་གི་སེམས་ཁམས་བཟུང་སྟེ། བོད་ནང་གི་བདེ་སྡུག་ཐད་ལས་ཀ་བྱེད་པའི་ནུས་པ་ཉམས་ཆག་ཏུ་གཏོང་བཞིན་འདུག་བསམས་ནས། ངས་ བཀའ་བློན་ཁྲི་པའི་སྐོར་ལ་གླེང་སློང་བྱེད་རྒྱུ་ཇེ་ཉུང་དུ་བཏང་བ་ཡིན། འོན་ཀྱང་། གོང་གི་གཏམ་བཤད་ལ་ཉན་རྗེས་གཤམ་གྱི་ཚིག་འདི་དག་མ་བཤད་པར་སྡོད་ནུས་མ་སོང་།
བློ་བཟང་སེང་གེས་གསལ་བཤད་དེ་ནི་ བོད་ལ་འགྲོ་སྐབས་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་འཁྱེར་ནས་ཕྱིན་པ་ཡིན་པ་དང་། མ་འགྲོའི་གོང་ལ་བོད་གཞུང་ལ་ཞུས་པ་མ་ཟད་ཕྱིན་ནས་ཚུར་སླེབས་སྐབས་ཀྱང་བོད་གཞུང་ལ་ཞུས་ཡོད་པ་དང་། བོད་རིགས་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་གསུངས་བྱུང་། རྒྱུ་མཚན་འདི་རྩ་བ་ཉིད་ནས་བློ་ལ་བབ་མ་བྱུང་། ཧམ་པ་ཆེ་བ་ཞིག་ལ། རྒྱ་ནག་གིས་སྤྲད་པའི་ལག་འཁྱེར་དེ་ རྒྱ་གར་གྱི་ལག་འཁྱེར་སེར་པོ་དང་ཨ་རིའི་ཤོག་བྱང་ལྗང་ཁུ་ལ་བསྡུར་གི་འདུག རྒྱ་ནག་ང་ཚོའི་དགྲ་བོ་རེད། གཞན་དག་ནི་ང་ཚོའི་དགྲ་བོ་མ་རེད། རྒྱ་གར་གྱི་ལག་འཁྱེར་སེར་པོ་དེའི་ཐོག་ “ལག་འཁྱེར་འདི་ནི་མི་སེར་ལག་འཁྱེར་གྱི་དོད་དུ་འཁྱེར་ཆོག་པའི་ངོ་སྤྲོད་ལག་འཁྱེར་ཞིག་ཡིན་ལ། འདིས་ནམ་ཡང་འཁྱེར་མཁན་ནི་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་ངོ་བོ་གཏན་ནས་མཚོན་གྱི་མེད་”ཅེས་བྲིས་ཡོད། བོད་མི་ཚོ་ལ་ལག་འཁྱེར་འདི་ཐོབ་པའི་ཐོག་མའི་ཆ་རྐྱེན་ནི། RC ཞེས་པ་དེ་དགོས་པ་ཡིན་ལ། དེ་ནི་ ཕྱི་རྒྱལ་གྱི་མིའི་ཁྲིམས་གཞི་ལྟར་སྤྲོད་ཀྱི་ཡོད། དེ་ནི་བོད་མི་འདི་རྒྱ་གར་གྱི་མི་མིན་པའི་ཁུངས་སྐྱེལ་ཏག་ཏག་དེ་རེད། ད་འདི་དང་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་གཉིས་བསྡུར་དགོས་རྒྱུ་ཞིག་འདུག འོན་ཀྱང་། ངས་ལག་འཁྱེར་དེའི་སྐོར་བཙལ་ནས་རྙེད་མ་སོང་། ཨ་རིའི་ཤོག་བྱང་ལྗང་ཁུ་དེ་ནི་ཆ་རྐྱེན་དང་གནས་སྟངས་འདྲ་མིན་ཐོག་ནས་སྤྲོད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་གིས་སྤྲད་པའི་ལག་འཁྱེར་དེ་ལ་བསྡུར་དགོས་དོན་ཨེ་འདུག དེས་ན། བློ་སེང་གིས་ལག་འཁྱེར་འདི་འཁྱེར་རྗེས་ ད་དུང་ནོར་མེད་ཅེས་པའི་ཨུ་ཚུགས་ཀྱི་དཔེ་མཚོན་དུ་འདི་འདྲ་མང་པོ་ཞིག་འཁྱེར་ཡོང་གི་འདུག
བོད་ལ་གཉེན་འཕྲད་དུ་འགྲོ་བ་ནི་བཙན་བྱོལ་ནང་ཡོངས་གྲགས་ཡིན། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་འདིའི་ཐད་ལམ་སྟོན་ཡིག་ཆ་ཞིག་ཀྱང་གསར་བཟོ་གནང་ཡོད་དྲན། དེ་ཡང་གཙོ་བོ་དེ་ལ། འགེངས་ཤོག་ཅིག་ཡོད་པ་དེ་བཀངས་རྗེས་ དགག་བྱ་དང་དགོས་པ་རྒྱུ་མཚན་དུ་བྱས་ནས་རྒྱའི་ལག་འཁྱེར་དེ་བླངས་ན་འགྲིག་པ་ལྟ་བུ་ཞིག་ཡོད། གནད་དོན་ང་ཚོ་ལ་རྒྱུས་ཡོད། ང་ཚོའི་ངོ་ཤེས་པ་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་ལ། ད་དུང་ཡང་དེ་ལྟར་ཕེབས་བཞིན་འདུག
ད་བློ་བཟང་སེང་གེ་ལགས་ཀྱི་ལན་དེས་ངའི་སེམས་ཁམས་འཁྲུགས་དོན་གང་ཡིན་ཞེ་ན། ཁོང་བཀའ་བློན་ཁྲི་པའི་འོས་མི་རེད། བཀའ་བློན་ཁྲི་པའི་འོས་མི་ཞིག་ལ། སེམས་ཤུགས་ཤིག་དགོས་ཀྱི་འདུག སེམས་ཤུགས་དེ་ནི་གནས་ཚུལ་དང་དུས་ཚོད་གང་འདྲ་ཞིག་གི་འོག་ཏུ་ཡང་། བོད་པ་ཡིན་ཞེས་པའི་ཆོད་སེམས་བརྟན་པོ་ཡོད་པ་ཞིག་དགོས་ཀྱི་འདུག རྐྱེན་ངན་པའི་འོག་ཏུ་ ཚེ་སྲོག་བློས་གཏོང་དགོས་ཀྱང་བོད་ཀྱི་ངོ་བོ་འཛིན་ཐུབ་པའི་སྙིང་སྟོབས་དགོས་ཀྱི་འདུག དགོས་པ་རླབས་ཆེན་གང་འདྲ་ཞིག་ཡོད་ཀྱང་ “ཕྱི་སྡོད་རྒྱ་མི་”ཞེས་པའི་མིང་འདི་ ཡིག་ཆ་བཟང་ངན་གང་ཞིག་ནས་ཀྱང་མི་ལེན་པའི་ཆོད་སེམས་ཤིག་དགོས་ཀྱི་འདུག
དེ་ལྟར་ན་རྩོད་པ་འདི་ འགྲིག་དང་མ་འགྲིག་གི་རྩོད་པ་ཞིག་མ་རེད། རྩོད་པ་འདི་མིའི་སྤུས་ཀ་དང་ཆོད་སེམས་ཀྱི་རྩོད་པ་ཞིག་རེད།
ང་རང་སྒེར་ལྟ་བུ་ཞིག་ཡིན་ན་ཡང་། ཕ་གྲོངས་དུས་ དེའི་མྱ་ངན་ཆེད་འགྲོ་འདོད་ཆེན་པོ་ཡོད། འོན་ཀྱང་ རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་བཟུང་ནས་ མྱ་ངན་ཆེད་འགྲོ་འདོད་རྩ་བ་ཉིད་ནས་མི་འདུག སེམས་ཁམས་དང་ཆོད་སེམས་འདི་འདྲ་བཟུང་ནས་ བོད་ལ་འགྲོ་མ་ཐུབ་པར་ཕ་མ་གསོན་བྲལ་བྱས་པ། བྱིས་པ་དང་གསོན་བྲལ་བྱས་པའི་ལོ་རྒྱུས་ང་ཚོ་ལ་ཁེངས་ཡོད། སྐད་ཆ་འདི་ཧ་ཅང་ཚོར་ཤུགས་རྣོན་པོ་ཅན་གྱི་སྐད་ཆ་ཞིག་རེད།
“ཕྱི་སྡོད་རྒྱ་མི་”ཟེར་བའི་ལག་འཁྱེར་འདི་འཛིན་དང་མི་འཛིན་འདམ་ཁ་དེ་བློ་བཟང་སེང་གེའི་མདུན་ལ་སླེབས་སྐབས། བློ་བཟང་སེང་གེས་ “ང་བོད་པ་ཡིན་སྟབས་ལག་འཁྱེར་མི་འཛིན་”ཞེས་པའི་ཆོད་སེམས་ཤིག་ཁོ་ལ་མེད་སོང་བ་དེས་ ང་བློ་ཕམ་བྱུང་། ད་དུང་སྐད་ཆ་འདི་སྦས་ནས་ད་བར་དུ་ཕྱིར་མི་མང་གི་མདུན་ལ་མ་སླེབས་པ་དེ་ལ་ཡང་བློ་ཕམ་བྱུང་། བློ་ཕམ་པའི་གཏམ་འདི་དེ་རིང་ཁ་ནས་མ་སྐྱུགས་པར་འཇོག་ཐབས་བྲལ་སོང་།