ཡཱན་ཧོང་པེན།
པདྨ་ཆོས་སྒྲོན་གྱིས་བསྒྱུར།
ཡང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཀླུ་མཁར་བྱམས་ལ་ངོས་འཛིན་དགོས་ན། ཁོང་ནི་ཆབ་སྲིད་འཐབ་རྕོད་ཀྱི་ཕྱོགས་ཁག་གསར་པའི་མཚོན་དོན་མི་སྣ་ཞིག དང་། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་དང་། སེར་མོ་བ་སྲིད་ལ་ཞུགས་པ། སྐུ་དྲག་གིས་སྲིད་དབང་ལག་བརྒྱུད་བྱེད་པ་སོགས་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་མཁན་ཞིག་ཡིན་ལ། དེ་མཚུངས་ཁོ་ནི་ལམ་དབུ་མ་དང་། བོད་རྒྱ་ཞི་མོལ། རྒྱའི་རྩ་ཁྲིམས་འོག་གི་རང་སྐྱོང་ལ་སོགས་པའི་བོད་གཞུང་གི་སྲིད་བྱུས་ལ་མི་མོས་པ་ཙམ་དུ་མ་ཟད། དེ་ནི་རྣམ་རྟོག་ཅིག་དང་བླུན་རྟགས་ཤིག་ལ་ངོས་འཛིན་བྱེད་མཁན་གཏེ་བོའི་གྲས་རེད།
ཀླུ་ཡིས་རང་གཙང་ནི་བོད་མིའི་དགོས་འདུན་ངོ་མ་དང་མཐར་ཐུག་གི་འདེམས་ཁར་བཤད་ལ། ཁོས་རང་གཙང་ངམ། བོད་ལ་རྒྱལ་ཁབ་ཅིག་དགོས་པའི་ཐད་ཀྱི་ལྟ་སྟངས་ཀྱང་མི་གཞན་གྱིས་དྲངས་པའི་གནས་ལུགས་དང་ཁྱད་པར་ཆེན་པོ་འདུག ཁོས་བོད་རང་གཙང་དགོས་དོན་ཆོས་དང་རིག་གཞུང་། ཡང་ན་མིག་སྔར་གྱི་དཔལ་འབྱོར་ཁེ་ཕན་ཆེད་དུ་མ་ཡིན་པར། དེ་ནི་མི་རིགས་ཀྱི་བརྩེ་སེམས་དང་ལ་རྒྱའི་བཀུར་བསྟིའི་ཆེད་ཁོ་ན་ཡིན་ཞེས་བརྗོད། འོན་ཀྱང་། གནས་ལུགས་འདི་མི་དཀྱུས་མ་ཚོས་གོ་ཐུབ་པ་ཞིག་དང་སེམས་འགུག་ཐེབས་ཐུབ་པའི་སྐད་ཆ་ཞིག་མིན། རྒྱུ་མཚན། གནས་ལུགས་འདིའི་རིགས་ཕུགས་བསམ་རིང་ལུགས་པ་དང་དཔའ་བོའི་རང་གཤིས་ཤིག་ལས་མ་འདས། དཔའ་རྟུལ་ཞིག་ལ་མཚོན་ན་ཚེ་སྲོག་དང་ལ་རྒྱའི་བརྩི་མཐོང་གཉིས་ཀྱི་རིན་ཐང་དོ་མཉམ་ཡིན་པས། དེ་ནི་རང་ཉིད་གསོན་གནས་རིང་གི་ཆ་རྐྱེན་ཨང་དང་པོར་བགྲང་གི་ཡོད། ཡང་དེ་ལྟ་བུ་དཔའ་བོའི་རང་གཤིས་ཉིད་མི་རིགས་དེ་གའི་ཐུན་མོང་ཐོག་གོང་བཀུར་བྱེད་ཡུལ་ཏུ་གྱུར་བ་དང། མི་རིགས་ཀྱི་ལ་རྒྱ་དང་ལོ་རྒྱུས། རྣམ་ཤེས་ཀྱང་དེ་དང་བསྟུན་ནས་རྒྱུན་མཐུད་པ་རེད།
ཡང་ཀླུ་ན་རེད། ང་ཚོའི་རང་དབང་བསྐྱར་གསོ་ཡི་ལས་དོན་འདི་ཉིད་སྒྲིག་འཛུགས་ཤིག་དང་ཐབས་རྩལ། ཡང་ན་འཐབ་རྩོད་ཀྱི་ངོ་བོ་ཅི་འདྲ་ཞིག་གི་ཐོག་ནས་བྱ་དགོས་མིན་ཐད་བསམ་བློ་གཏོང་བའི་དུས་ཤིག་ལ་ད་དུང་རྩ་བའི་སླེབས་མེད། མིག་སྔར་ཁ་ཚ་དགོས་གཏུག་གི་གནད་དོན་ནི། ལས་དོན་དེ་དག་སྒྲུབ་པར་བྱེད་པའི་སྔོན་འགྲོ་ཆ་རྐྱེན་ལྟ་བུ་སྟེ། མི་རིགས་འདི་ཉིད་དུས་ནམ་ཡང་གཞན་གྱི་རྐང་འོག་ལ་མགོ་བོ་མི་སྒུར་བའི་ངེས་ཤེས་རྙེད་དགོས་ལ། དེ་ལྟ་བུའི་སྤོབས་སེམས་དང་། ལ་རྒྱ་བརྟན་པོ་ཞིག་མི་རིགས་སྤྱི་ཡོངས་ཀྱི་རྒྱུད་ལ་འཇགས་རྒྱུ་ནི་ད་ལྟའི་ལས་འགན་གཙོ་བོ་ཡིན་ཟེར། ཡང་ཁོས་གལ་སྲིད་བོད་རྒྱལ་ཁབ་བསྐྱར་གསོའི་སྒྲིག་འཛུགས་ཤིག་ད་ལྟ་ནས་དགོས་ན། སྒྲིག་འཛུགས་དེ་ནི་ཆོས་པ་རྣམས་ཀྱིས་ཆོས་ཕྱོགས་ནས་ནང་སེམས་ཀྱི་བཙན་འཛུལ་བར་ཁ་གཏད་བཅག་སྟེ། སེམས་སྲུང་རུ་སྡེ་ཁོ་ན་ཞིག་སྐྱོང་རྒྱུ་དང་། ཁྱིམ་པ་ཚོའི་དགྲ་འདུལ་གཉེན་སྐྱོང་གི་འཇིག་རྟེན་བྱ་བར་གཞུགས་ནས། ཕྱིའི་དགྲ་བོར་ཁ་གཏད་གཅོག་མཁན་གྱི་རུ་དཔུང་སྤུས་དག་ཅིག་སྐྲུན་ཐོག གྲོང་རུ་དགོན་ཉིས་ཆའི་འཐབ་རྩོད་ཀྱི་ལས་འགན་ཁག་བགོས་དང་། དབྱེ་མཚམས་གསལ་བོ་བཟོ་དགོས་ཤིང་། དེ་ལྟར་བོད་མི་རིགས་ལ་ཕྱི་སྲུང་དང་ནང་སྲུང་གི་ལྕགས་རི་བརྟན་པོ་འཛུགས་ནས་ཉམས་པ་སྐྱོབ་པའི་ལས་ལ་འཇུག་དགོས་ཟེར།
ཀླུ་མཁར་བྱམས་གཞུང་གི་ལས་གནས་རྩ་དགོངས་ལ་བཏང་རྗེས། ཁོང་ལ་དཔལ་འབྱོར་གྱི་ཡོང་ཁུངས་མེད་སྟབས་འཚོ་བའི་ཁ་སྟབས་སྐྱོ་བོ་རེད། སྤྱིར་ན་རྒྱ་གར་བྷོམ་བྷེ་གྲོང་ཁྱེར་ནང་ཁོང་ལ་ཨ་ཞང་རྒྱུ་ཆེན་ཞིག་ཡོད་མོད། ཐེངས་ཤིག་ཁོང་ཨ་ཞང་ཚང་དུ་ཕྱིན་སྐབས་ཁྱིམ་ལས་བྱེད་མཁན་གཡོག་མོ་ནང་དུ་སླེབས། ཀླུ་བྱམས་རྒན་མོ་དེར་གུས་ཞབས་མཚོན་ཆེད་ལམ་སེང་ཡར་ལངས་པ་ན། ཨ་ཞང་གི་ཆུང་མ་སྟེ། རྒྱ་གར་མཐོ་རིམ་ཁྱིམ་ཚང་གི་ཆེ་མདོག་གོམས་འཇགས་ལ་སོང་ཡོད་པའི་ཁྱིམ་ཚང་དེ་གའི་བདག་མོས། ཀླུ་ལ་སྦྱིན་བདག་གཡོག་པར་ཡར་ལངས་བ་ཡིན་ན། དེ་ནི་ཁྱིམ་བདག་གི་ཁ་ངོ་ས་ལ་གཡུག་པ་དང་ཁྱད་མེད་རབས་དང་། བྱེད་སྟངས་དེའི་རིགས་ནི་འགྲོ་སྟངས་འདུག་སྟངས་མེད་པའི་གྲལ་རིམ་སྐྱོ་བོའི་བྱེད་སྟངས་ཤིག་སྟེ། ང་ཚོ་རིགས་མཐོན་པོའི་གྲས་ཀྱིས་གཡོག་པོར་གུས་གུས་ཞུམ་ཞུམ་བྱས་ན་དེར་གྲོང་པ་ཁྱིམ་མཚེས་ཚོས་ཀྱང་འཕྱ་དམོད་བྱེད་ཀྱི་རེད་སོགས་གཤེ་གཤེ་བཏང་བར་བརྟེན། དེ་ནས་བཟུང་ཀླུ་བྱམས་ཀྱིས་གྲལ་རིམ་གོང་མར་རློམ་པའི་ཨ་ཞང་ཚང་དང་ཁ་ཐག་ཇེ་རིང་བཏང་ཞིང་། ཁོང་ཚང་གི་དཔལ་འབྱོར་གྱི་རོགས་རམ་ཡང་ལེན་མི་དགོས་པ་གཙོ་འདོན་བྱས།
ཁོང་ལ་རྡ་སའི་རི་གྲོང་དེར་འཛུལ་སའི་གླས་ཁང་ཆུང་ཆུང་ཞིག་ཡོད་ལ། སྤྱིར་བོད་པ་ཚོས་ཁྱིམ་དུ་སྐུ་འདྲ་སྒྲིག་གཤམས་བྱེད་སྲོལ་ཡོད་མོད། ཀླུ་ནང་དུ་སྐུ་འདྲ་མཐོང་ཡུལ་དུ་མ་མཆིས་ཤིང་། ཏག་ཏག་མི་ཚང་གཞན་གྱིས་སྐུ་འདྲ་གཤམས་སའི་མཆོད་སྟེགས་ཐོག་ཁོས་མེ་མདའ་༼བཅོས་མ༽ཞིག་བཀལ་འདུག་ལ། དེར་མཚམས་མཚམས་སུ་མཆོད་མེ་རྐོང་བུ་རེས་ཀྱང་སྒྲོན་གྱིན་ཡོད། ཁོས་བཤད་ན་མེ་མདའ་ནི་ཁོང་གི་དཀོན་མཆོག་ཡིན་ཟེར། མེ་མདར་མཆོད་བཀུར་བྱེད་སྟངས་འདིར་ལྟས་ན། བོད་མི་རིགས་ཏེ། ཕ་སྲོང་བཙན་སྒམ་པའི་གདུང་རྒྱུད་ཀྱི་རུས་གསེབ་ན་ལྷ་ཆོས་དགེ་བའི་བག་ཆགས་ཡོད་རབས་བཤད་པར་ཡང་དོགས་པ་ཞིག་བྱེད་རུང་བར་ངེས།
ཀླུ་མཁར་བྱམས་ཀྱིས་མེ་མདའ་མཆོད་ཅིང་བཀུར་ལ། དེ་ནི་ཆོས་ཕྱོགས་ཀྱི་ལྟ་ཚུལ་ཐད་ནས་ཁོང་དང་ཁོ་ཚོ་༼རིག་གསར་རུ་དཔུང་༽གི་མི་སྣ་གཞན་པ་ཚོ་དང་མི་འདྲ་སའི་ཕྱོགས་ཁོ་ནར་ངེས། ཁོས་འཐབ་རྩོད་ལ་མེ་མདའ་ངེས་པར་དགོས་བར་བཤད། མ་གཞི་འཚེ་མེད་ཞི་བར་འགྲུབ་འབྲས་སོན་ཚེ་ལམ་དེར་ཞུགས་ཆོག་ཀྱང་། ཁོང་གིས་ནན་ཏན་གྱིས་བཤད་རྒྱུར། མི་རིགས་ཤིག་གི་ཤི་གསོན་གྱི་འཐབ་རྩོད་ཞི་བ་ཁོ་ནར་བཅོལ་ཚེ། དེ་ནི་རྣོ་ངར་མེད་པའི་གྲི་ཞིག་དང་མཚུངས། གྲི་ངན་རྣོ་མེད་ཅིག་ལ་སྲང་ལམ་གྱི་ཇག་རྐུན་ཚོའང་སྐྲག་གི་མ་རེད་ལ། དྲག་སྤྱོད་ལ་གོམས་པའི་རྒྱ་དམར་གཞུང་ནི་དེ་བས་ཀྱང་ངོ་ཟེར།
ཀླུ་མཁར་བྱམས་ཀྱིས་གོ་རིམ་ལྡན་པའི་སློབ་གྲྭ་འགྲིམས་མེད་མོད། གཏམ་བཤད་ན་གཙང་ཆུ་རྒྱུག་རྒྱུག་དང་། སྐད་ཆར་གནས་ལུགས་གསལ་ཞིང་མི་སེམས་འགུལ་བའི་བསྒུལ་ཤུགས་ལྡན། ཁོང་གི་ཁྱད་ནུས་དེ་ལྷན་སྐྱེས་ཤིག་ལས་མ་འདས།
ཀླུ་བྱམས་ཀྱི་ཤམ་ལྭ་རིང་པོ་དེའི་འདབ་མ་རླུང་གིས་བསྐྱོད་ནས་རྡ་སའི་སྲང་ལམ་ལ་ཐོན་ཚེ། རྟོག་གེ་སྨྲ་བའི་ཉམས་སྣང་གི་གསོན་ཤུགས་འབུར་ཏུ་ཐོན་ཡོད་ལ། ལམ་འགྲོ་བའི་ཁྲོད་དུ་ཁོང་ལ་ལག་འཇུ་བྱེད་མཁན་མང་ཞིང་། དེ་གྲས་སུ་ན་གཞོན་གྲྭ་བཙུན་མི་ཉུང་བ་ཞིག་ཀྱང་མཆིས། མ་གཞི་ཁོང་ནི་བཙུན་པའི་སྡེ་ཆབ་སྲིད་ལ་ཞུགས་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པ་ཁ་གཅིག་གྲགས་ཡིན་མོད། ལག་འཇུ་བྱེད་མཁན་གྱི་གྲྭ་བཙུན་དེ་དག་གིས་ཁོང་གི་ངོ་གདོང་ལ་ལྟ་བའི་མིག་ཟུང་དེར་ཡི་རངས་དང་ཡིད་སྨོན་གྱི་ཁེངས་འདུག་ན། ཁོང་ཚོས་སོ་སོའི་བླ་མའི་ཞལ་རས་ལ་གཟིགས་པའི་སྣང་བརྙན་དེ་དང་ཀུན་ནས་མཚུངས། གནས་སྟངས་འདི་བརྒྱུད་ནས་ང་ཚོས་བོད་པའི་སྤྱི་ཚོགས་འདི་ཉིད་བསམ་བློ་ཐེར་ཟུག་ཅན་གྱི་རྒྱ་ལས་འདའ་ནས། སྣ་མང་བསམ་བློའི་ཁོར་ཡུག་ཅིག་འགྲུབ་འདུག་པ་ཤེས་རྟོགས་ཐུབ། དེ་ལྟར་རྟུལ་ཞུགས་ཀྱི་ཉམས་སྣང་གིས་ཕྱུག་པའི་ཀླུ་མཁར་བྱམས་ནི་ན་གཞོན་མི་ཐོག་ཤིག་གིས་གཟི་བརྗིད་དང་སྤོབས་པར་བསྒྲེངས་འདུག
ཕོ་ལོ་བཞི་བཅུའི་ནང་མགོ་བརྒྱག་གྲབས་ཡོད་པའི་ཀླུ་མཁར་བྱམས། ད་དུང་ཧྲང་ཧྲང་ལ་འདུག་དོན་འདྲིས་པར། ཁོས་རང་གིས་རང་ལ་འཕྱ་དམོད་ཀྱི་ཚུལ་དུ། ཅིན་ཧྲི་པི་ལ་བརྗོད་རྒྱུར་༌༌༌བུད་མེད་ཚོ་ང་དང་ཁ་ཐག་ཉེ་རུ་ཡོང་མི་ཕོད་ཡཱ། རྒྱུ་མཚན་ངས་༧གོང་ས་མཆོག་གི་ལམ་དབུ་མར་ཁ་བཏང་བའི་རྐྱེན་གྱིས་རེད་ཟེར། དེ་ནི་དེ་ཙམ་བདེན་མིན་མི་ཤེས། ཁོང་གི་འཐབ་གྲོགས་གནམ་ལོ་ཡག་གིས་ཅིན་ཧྲི་པིར་དེའི་སྐོར་དེ་སྔོན་བརྗོད་པར་གཞིགས་ན། ཀླུ་མཁར་བྱམས་བུད་མེད་དང་མཉམ་སྡོད་མི་བྱེད་པ་ལས། ཁོང་ལ་རག་མི་རག་གི་དཀའ་ངལ་མེད་རབས་དང་། ཁོས་ཁྱིམ་ཐབ་མི་འཛིན་དོན་ནི་བུད་མེད་ཀྱིས་རང་གི་སེམས་རྒྱ་ཆུང་དུ་བཟོས་མི་ཡོང་ངམ་སྙམས་ནས་སྐྲག་གི་ཟེར། བྱུང་ན་ཁོ་རང་ཤི་ན་གསོན་ན་བོད་མི་རིགས་ཀྱི་སླད་དུ་མཁྲེགས་པོ་རང་བྱས་ནས་འདུག་རྒྱུའི་ཆེད་དུ་ཡིན་སྐོེར་བཤད།
དོན་དངོས་ཐོག་ཀླུ་མཁར་བྱམས་རྡ་སའི་སྲང་ལམ་ལ་ཐོན་ཚེ། ཁྲོམ་ན་ཁམས་གསེང་བྱེད་པའི་ན་གཞོན་བུ་མོ་མི་ཉུང་བ་ཞིག་གི་མིག་ཟུང་ལ་འདར་ཡོམ་བརྒྱག་མགོ་བཙུགས་ཤིང་། ད་དུང་སྒོ་གཡབ་དང་དྲ་གཡབ་ཟུར་གྱི་ལྐོག་མིག་དེ་དག་ལས། ལ་ལ་ཁ་བའི་འདབ་མ་བཞིན་འདར་ལྕུག་ལྕུག ལ་ལ་མཚན་མོའི་སྐར་མ་བཞིན་འོད་ཆེམ་ཆེམ། སྤྱིར་བྱེད་ན་དེ་དག་ཚང་མ་ཕོ་ཧྲིང་ཞིག་གི་རྨི་ལམ་དཀྲོགས་པའི་རྒྱུ་རུ་སོང་མོད་ཀྱང་། ཀླུ་མཁར་བྱམས་ཀྱིས་ མཛེས་པའི་ནང་གི་མཛེས་བའི་མིག་ཟུང་དེ་དག་ལ་ཅི་མི་སྙམ་པར། ད་དུང་ང་རྒྱལ་དང་ཁེངས་གྲགས་ཅན་གྱི་ཀུ་རེ་དང་སྤྲགས་ནས། ཁོས་ང་ལ་ལྐོག་ལྟ་ཙམ་ལས་མི་འཇོན་པའི་བུད་མེད་དེ་རིགས་ལ་ངས་རེ་འདུན་གྱི་གསོལ་འདེབས་བྱེད་མི་འདོད། ཐད་ཀར་ངའི་མིག་ནང་ལྟོས་ནས་ ཁ་གསེང་ཐུབ་པའི་བུད་མེད་ནི་ངའི་བརྩེ་དུང་གི་ཆོམ་རྐུན་ཡིན་མོད། དེའི་གྲས་བོད་མོའི་ནང་ན་དཀོན་དྲགས་རྐྱེན། ང་ད་བར་ལྷག་པ་རེད་ཅེས་གད་མོ་དགད།
ཅིན་ཧྲི་པི་ཡིས་ཀླུ་མཁར་བྱམས་ཀྱི་ངོ་གདོང་ལ་ལྟ་བཞིན་ཡིད་ལ་ཕངས་སེམས་ཤིག་སྐྱེས་འོང་ཞིང་། དེ་ནི་ཧ་ལམ་རང་ཉིད་མཐའ་ཡས་པའི་རྩྭ་ཐང་སྟེང་ནས་ས་སྲོས་ཀྱི་ཉི་ནུབ་ལ་ཁ་འཁོར་དེ་བསྡད་སྐབས། ཀླུ་ཆབ་སྲིད་ཀྱི་དྲག་རླུང་གིས་ཁུར་ནས་ཕྱིན་པའི་ཚོར་བ་ཞིག་འཕྱུར་ཞིང་། ཡང་ཁོང་དེ་ལྟར་མ་ཁུར་སའང་མི་འགྲོ་སྟེ། བོད་མི་རིགས་འདི་ཏག་ཏག་ཆབ་སྲིད་ཀྱི་དཀའ་གནད་ལ་འཕྲད་ཡོད་པས་ལས་འདིར་བཅོས་སུ་ཡོད་པ་ཞིག་ག་ལ་ཡིན། ཆབ་སྲིད་ཀྱི་དགོས་དབང་གིས་མ་གཏོགས། ཀླུ་མཁར་ཁོ་རང་སྟེང་ན་སྙན་ངག་པའམ། གཞས་པ། ཡང་ན་སྒྱུ་རྩལ་བ་གང་རུང་ཞིག་ཏུ་གྱུར་པའི་རྒྱུ་སྤུས་འཛོམས་ཡོད་པ་དང་། དེ་དག་གི་གང་རུང་ཞིག་ཏུ་གྱུར་ངེས་པའི་ཡིད་ཆེས་བྱེད་ཆོག་ཆོག་ཅིག་རེད།
ཅིན་དང་ཀླུ་གཉིས་ཀྱིས་ཆབ་སྲིད་ཐད་ལ་ལབ་གླེང་ཤུགས་ཆེན་བྱེད་ཀྱིན་པ་དང་ཆབས་ཅིག མཚམས་རེས་ཇ་ཁ་ཆང་ཁ་ནས་སྤྱི་བཏང་གི་སྐད་ཆ་སྟེ། མི་རིགས་མི་འདྲ་བ་ལ་ལྟ་སྟངས་གང་ཡོད་ལབ་གླེང་སྣ་ཚོགས་བྱས་ཤིང་། ཀླུ་ནས་མི་རིགས་སོ་སའི་ཐད་ཀྱི་ལྟ་སྟངས་བརྗོད་པ་གཤམ་གསལ། ཁོས་བཤད་ན་རྒྱ་གར་མི་རིགས་འདི་བ་གླང་ནང་བཞིན་དལ་ལྷོད་ཆེ་ཞིང་། ཡག་སྡུག་ཅི་བྱུང་ལ་ཡ་མེད་ངང་དམ་དོད་དང་གཙང་རྩོག་མེད་མཁན་ཞིག་རེད། མདོར་ན་རིགས་འདི་ཨུ་ཚུགས་ཅན་གྱི་སེམས་ཅན་ཞིག་རེད།
ངས་བལྟས་ན་བོད་པ་འདི་ཚོ་གཞི་རྩའི་ཁྱི་དང་འདྲ་བོ་ཡོད། སུས་ཁོ་རང་ཐོག་མར་གསོས་ན་དེར་བློ་གཏད་བཅའ་རྐྱང་བྱེད་ལ། ཡང་རང་གི་གནས་མལ་ཅི་ཙམ་སྐྱོ་རུང་དེ་རང་ནས་སྡུག་བསྒོམ་བརྒྱག་པ་དང་། ལས་སྐལ་གྱིས་ཁོ་ཚོ་ས་གནས་གང་དུ་ཁྱེར་བ་ཡིན་ནའང་། ཅི་ཞིག་ལྷག་སོང་བ་ལྟར་ཕྱིར་རང་མལ་ལ་ལོག་རྒྱུར་བརྩོན། རིགས་འདི་ནི་འཕྲེངས་ཞེན་ཅན་གྱི་སེམས་ཅན་གླེན་པ་ཞིག་རེད།
ཕྱི་གླེང་བ་དང་། ཁྱད་པར་དུ་དབྱིན་ཇིའི་རིགས་འདི་ཞི་མི་ནང་བཞིན་ཡིན། ཁོ་ཚོ་སྐྱིད་ས་བདེ་ས་རྐྱང་རྐྱང་བཙལ་ནས་བུད་འགྲོ ཞི་མིས་མི་སུ་དང་འཕྲད་ཀྱང་དང་བོ་རྐང་མགོ་དང་ལག་མགོ་ལ་ལྕེ་ལྡག་བྱས་ནས་གནས་པོར་ངོ་གཡོག་བྱེད་མཁས་པ་དང་། ཅུང་མི་འགོར་བར་ཡར་སྤྱིན་བདག་གི་ཐོག་ལ་འཛེག་ནས་ཚོད་ལྟ་བྱེད། ངན་མ་བྱས་ཚེ་ཆེ་དྲོད་སའི་མིའི་བྲང་ཁ་ནས་འཛེམ་སོན་མེད་པར་གཉིད་རྐྱང་ཡིན། ཅུང་ཟད་འགུལ་སྐྱོད་འདྲ་ཐེབ་ནས་ཁོང་གི་གཉིད་སྐྱིད་པོ་དེ་དཀྲོགས་ཚེ། མི་འདོད་པའི་མཆེ་སྡེར་སྟོན་ཆོག་ཆོག་ཡོད། མདོར་ན་དབྱིན་ཇིའི་རིགས་འདི་ཁ་ལ་བསྐྱིལ་བདེ་བོ་མེད་པའི་སེམས་ཅན་གཤིས་གྱོང་ཞིག་ཡིན།
རྒྱ་མི་རིགས༌༌༌༌༌ངེད་གཉིས་གྲོགས་པོ་ཡིན་སྟབས་བདེ་བོ་རང་མི་འདུག དྲང་མོར་བཤད་ན། རྒྱ་མི་དང་ལྷག་པར་ཟི་ཁྲོན་བ་ཚོ་ཙི་ཙི་ལྟ་བུ་ཞིག་ཡོད། རྒྱ་མི་རང་གིས་ཀྱང་ཟི་ཁྲོན་པ་ལ་བལྟ་ཚུལ་དེ་འདྲ་ཞིག་ཡོད་པ་འདྲ། ཙི་ཙི་ཞེས་པའི་སེམས་ཅན་འདི་ལྟོ་གོས་ལ་གྲུང་ཞིང་ལས་གར་ཧུར་པོ་རེད། ཙི་ཙིས་སྲ་མཁྲེགས་ཅན་གྱི་ཤིང་ལ་འུ་ཁུང་བརྡོལ་ཐུབ་པ་དང་། ཐ་ན་ལྕགས་ལའང་འུ་ཁུང་ཕུག་གྲབས་བྱེད་པ་མ་ཟད། ཁོར་ཡུག་གི་གནས་སྟངས་ཇི་ཙམ་སྐྱོ་བོ་ཡིན་ཡང་འཚོ་གནས་ཐུབ་མཁན་གྱི་གྲས་ཤིག་རེད། གཞན་ཡང་རིགས་དེར་གཡོ་ཟོལ་ཆེ་སྟབས་སུ་དང་གང་ལ་སེམས་པ་མི་སྟོན། ང་ཁོང་ཚོར་འབྲེལ་འདྲིས་བྱེད་རྒྱུར་སྐྲག་ནི་མིན་དེ། རིགས་འདི་ལ་ངོ་མ་སུན་གི༌ཡཱ༌༌༌༌༌༌༌
དངོས་འབྲེལ་བྱས་ན། ཁོང་གཉིས་ཀྱིས་སྤྱིར་བཏང་མིའི་རིགས་མི་འདྲ་བའི་སྐོར་ཁ་བརྡ་བྱས་པ་ཙམ་ཡིན་མོད། ཀླུ་བྱམས་ཀྱིས་དེ་དག་ལ་འཛིན་པའི་ལྟ་ཚུལ་ལའང་ཆབ་སྲིད་ལས་བྱུང་བའི་བག་ཆགས་སམ་ལྟ་ཚུལ་ཞིག་གིས་སྒང་ནས་བཤད་ཀྱིན་འདུག དཔེར་ན། ཁོས་ཕྱི་གླིང་ཨ་རི་དང་ཡོ་རབ་ཀྱི་མི་རིགས་ལ་སྡུག་ཕྱོགས་ནས་ལྟ་བའམ། དེ་ལྟར་ལྟ་དོན་ཡང་། དེང་འདིར་ཁོ་ཚོས་ཆབ་སྲིད་དགོས་དབང་གིས་བོད་འདི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་ཟེར་བ་སོགས་གོ་དུས། ཀླུ་ལ་མཚོན་ན། སུས་བོད་རང་བཙན་བསྐྱར་གསོ་ལ་ངོས་འཛིན་མི་ལེགས་པ་དང་ངོ་ཡ་བྱས་ཚེ། དེ་ཉིད་ཁོའི་དགྲ་ཁ་གཏད་ཆགས་པ་ཡིན་ལ། ཐ་ན་གནམ་རྒན་མ་ཡིན་ཡང་དགྲ་ཡིན་པ་གཅིག་མཚུངས་སུ་ལྟ་ཡི་ཡོད།
དེ་མཚུངས་ཁོས་རྒྱ་མི་རིགས་ལ་སུན་སྣང་སྐྱེས་དོན་ཡང། གནས་ལུགས་གོ་ལྡོག་ཏུ་ལྟ་ཞིང་། མི་གཤིས་ཀུན་སྤྱོད་རུལ་སུངས་་དུ་གྱུར་པའི་ཉེ་རབས་ཀྱི་རྒྱ་མི་རིགས་འདི་དང་། ལྷག་དོན་རྒྱ་དམར་དྲག་གཞུང་གིས་ཆེད་དམིགས་བཙན་དབང་གིས་བོད་མི་རིགས་དམར་གསོད་བྱེད་དུ་གཏོང་བའི་དཔུང་ཁག་དེ་དག་ལས་བྱུང་བ་ཞིག་རེད།
ཆབ་སྲིད་ཟེར་བ་དེས་ཀླུ་བྱམས་དེ་ལྟར་ཚད་ངེས་ཅན་གྱི་རྒྱ་རུ་ཚུད་དུ་བཅུག ཅིན་ཧྲི་པེ་ཁ་ཁུ་སིམ་མེར་ངང་ཡ་མཚན་སྐྱེས་དགོས་སམ། ཡང་ན་ཅིས་ཀྱང་སྨོན་ལམ་འདེབས་འོས། ཅི་བྱེད་ཁོས་ཀྱང་མི་ཤེས་པའི་གནས་སུ་གྱུར།
ཅིན་ཧྲི་པེ་ཡིས་ཡུན་རིང་ཡུན་རིང་པོར་རྒྱ་མིའི་ལུས་སྟེང་ནས་མི་གཤིས་དྭངས་མ་དང་། ཚེ་སྲོག་གི་རིན་ཐང་ངོ་མ་ཞིག་བཙལ་ཡང་། མཐར་ལག་སོན་བྱུང་བ་ནི་འདོད་རྔམ་དང། རུལ་སུངས། བཅོས་རྗུན་བཅས་ཀྱིས་སྦགས་པའི་སྲོག་རྩ་སྐམ་པོ་ཞིག་ལས། རྒྱ་མི་རིགས་ཀྱི་རྣམ་ཤེས་རྣལ་མ་ཞིག་གཏན་དུ་རྙེད་ཐབས་བྲལ་བར་གྱུར། འོན་ཀྱང། ཀླུ་བྱམས་དང་འདྲིས་གཤིས་ཀྱི་རིང་། ཅིན་ཧྲི་པེ་ཡིས་རིང་ནས་འདྲིས་པའི་ཚེ་སྲོག་གི་དྭངས་གཙང་གི་ཆ་དེར་རོལ་མྱོང་ངམ། ཀླུ་འདི་ནི་རྫ་བྲག་ངམ་ཁ་འཐོར་བྱེད་ཀྱི་གློག་ཞག་ནང་བཞིན། རྣོ་ལྕགས་ཀྱི་རིལ་བུ་བཞུ་བར་བྱེད་པའི་བདུད་རྩི་ནང་བཞིན། ད་དུང་འབྲོང་རྒོད་དར་མ་དྲག་ཏུ་ཁྲོས་པའི་མིག་མདངས་བཞིན། དེ་ནི་གནའ་བའི་དཔའ་བོའི་སྙན་ངག་གི་གད་རྒྱངས་ཤིག་གམ། ཡང་ན་བྲག་སྐྱིབས་ལ་བརྐོས་པའི་དཔའ་བོའི་སྣང་བརྙན་ལྟ་བུ ་དེས་ཅིན་ཧྲི་པེ་ཡོངས་སུ་སྤྲིད་པར་གྱུར།
ཅིན་ཧྲི་པེ་ཡིས་ཀླུ་མཁར་བྱམས་ཀྱི་ཆབ་སྲིད་ཀྱི་ལྟ་བ་དང་། མི་ཚེ་ཡི་ལངས་ཕྱོགས་ལ་བསྡོམ་ཞིག་བརྒྱབ་ཡོང་དུས་ཁོ་པར་ཤེས་རྒྱ་ཆུང་དྲགས་པའི་ཞན་ཆ་ཞིག་ཡོད་པ་ཚོར་ཡོང་གི འོན་ཀྱང་། ཞན་ཆ་དེར་སྲ་མཁྲེགས་དང་རྣོ་ངར་གྱི་ཁྱད་ཆོས་ལྡན་པ་ཞིག་རེད་ལ། མ་གཞི་ནས་བྱ་དངོས་ཐམས་ཅད་ལ་མ་འདང་བའི་ཆ་ཞིག་མཆིས་པ་དོན་དངོས་ལས་མ་འདས།
ཅིན་ཧྲི་པེའི་ལ་ངེས་ཤེས་འདྲོངས་ཡོད་པ་ཞིག་ནི། ཤེས་རྒྱ་ཆུང་བའི་ཆབ་སྲིད་བསམ་བློས། མི་ཚོགས་ཤིག་རླབས་ཆེན་གྱི་ལས་སྐལ་ལྡན་པའི་ཕྱོགས་སུ་འཁྲིད་མི་ཐུབ། དེ་བས་བོད་རྒྱལ་ཁབ་བསྐྱར་གསོ་བྱེད་པའི་རེ་བལྟོས་འདི་བཞིན་སྤུས་གཙང་གི་མཛེས་པ་དང་། ཤེས་ཡོན་གྱི་འགྲེལ་བརྗོད་དགོས་ཤིང་། ལས་དེ་ལྟར་བགྱིས་བས་ན་ད་གཟོད་ལོ་རྒྱུས་ལ་བློ་འགུལ་སློང་བའི་རྒྱུ་རུ་འགྱུར་ཐུབ། ཤེས་ཡོན་རྣམ་དག་བསླབ་ན་མི་རྣམས་སྤྱོད་ཡོན་གཉིས་ལྡན་དུ་བསྒྱུར་ཐུབ་པ་ནང་བཞིན། མ་བསླབ་མ་སྦྱངས་ན་མི་རྣམས་དོན་དངོས་ལ་དོགས་འདྲི་བྱེད་མཁན་གྱི་སེམས་ཅན་ཁྱད་མཚར་ཞིག་ཆགས་འགྲོ ཀླུ་མཁར་བྱམས་ཀྱིས་སློབ་གྲྭ་གོ་རིམ་ལྡན་པ་ཞིག་བརྒྱུད་མེད་མོད། དེ་ནི་ཁོས་ལྷན་སྐྱེས་ཀྱི་གཤིས་ཀ་གཉེར་ཐུབ་པའི་ནང་རྐྱེན་ཏུ་ཆགས་ཡོད་པ་འདྲ། མ་ཟད་ཁོང་གི་ཆབ་སྲིད་བསམ་བློར་སློབ་གསོ་ཞིག་གིས་འབག་བཙོག་བཟོས་མེད་པ་དེ་བས་ཀྱང་གལ་ཆེན་པོ་ཡིན།
བོད་ཀྱི་མདུན་ལམ་སྐོར་ནས་འཕྲོས་ན། ཀླུའི་ལྟ་ཚུལ་གཙོ་བོ་ཞིག་ནི། བོད་རྒྱལ་ཁབ་སླར་གསོ་བྱས་པའི་ཕྱི་ཉིན་མདོ་དབུས་མཐོ་སྒང་ཁྱོན་ཡོངས་ནས་དེང་རབས་ཅན་ལ་འགྱུར་བར་བསྐུལ་འདེད་གཏོང་གི་ཡིན་ཟེར། “ དེང་རབས་ཅན”ཟེར་བ་འདི་ནི་མི་རྣམས་འགྲམ་ཆུ་ལྡིང་བྱེད་ཀྱི་མིང་ཚིག་སྙན་ཆ་ཅན་ཞིག་སྟེ། དེས་བསྟན་དོན་ནི་སྟོབས་འབྱོར་མངའ་ཐང་ཆེ་ཆེར་རྒྱས་པའི་དོན་ཡིན། རེད་དེ། དེང་རབས་ཅན་གྱི་ཀློང་ན་འཚོ་བའི་སྟོབས་ཆེན་རྒྱལ་ཁབ་དང་ས་ཁུལ་གང་དུའང་། དེང་རབས་ཅན་གྱིས་ལྡོག་ཕྱོགས་ནས་ཁུར་ཡོང་བའི་དཀའ་ངལ་སྣ་ཚོགས་དེའི་མི་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། མདོར་ན་“དེང་རབས་ཅན”ཞེས་པ་ནི་དངོས་པའི་དགོས་མཁོ་འབད་འབད་ལྷུག་ལྷུག་ཏུ་འདོད་པའི་འཚོ་བ་རོལ་སྟངས་ཙམ་ཞིག་སྟེ། འཚོ་གནས་འདི་ལ་ཡིད་སྨོན་བྱེད་པ་ནི་རྩ་བའི་ཆ་ནས་ཚུར་མཐོང་སྐྱེས་བོའི་འཚོ་གནས་ཀྱི་ཤེར་རྟོག་ཙམ་དུ་ཟད། དེང་སྐབས་མིའི་འཚོ་བའིོ་སྤྲོ་སྣང་ཡལ་ཏེ་ཚེ་སྲོག་སུན་སྣང་གི་ངོ་བོར་གྱུར་བའི་རྒྱ་ཁྱབས་སེམས་ཁྲལ་བྱུང་ནས། ཧ་ལམ་དུས་རབས་ལ་གྱོད་གཏུག་བྱེད་གྲབས་ཡོད། ཚུར་མཐོང་སྐྱེ་བོའི་འཚོ་གནས་ཀྱི་ཤེར་རྟོག་གིས་མིའི་སེམས་ཟབ་ས་ནས་དཀྲུགས་ཏེ། འགྲོ་བ་མིའི་རིགས་སྐྱེས་འཕེལ་བྱུང་བ་ནས་བཟུང་བསམ་བློའི་དཀའ་ངལ་ཆེ་ཤོས་ཀྱི་ཁ་མཚམས་ལ་བསྐྱལ་ཡོད།
དེ་ལྟ་ན “ དེང་རབས་ཅན”ལ་འབྲེལ་ནས་ཡོང་བའི་གནད་དོན་ཡོད་ཚད། ཧ་ལམ་ཏཱ་ལའི་བླ་མའི་ཟབ་ཅིང་རྒྱ་ཆེ་བའི་ཐུགས་རྒྱུད་ལ་ཡོངས་སུ་བསྡུས་ཡོད། ཁོང་གིས་བོད་ཀྱི་ལས་དབང་དང་མདུན་ལམ་ལ་དགོངས་པ་བཞེས་སྐབས། སྐྱེ་བུ་དམ་པ་ཁོང་གིས་ད་ལྟའི་འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་ཡོད་ཚད་དཀྱིལ་གཅིག་ཏུ་བཞག་ནས་གཟིགས་ཡོད་ཙང་། ཁོང་གི་བོད་དོན་ལ་དགོངས་ལ་བཞེས་སྟངས་དེ་བཞིན་སྐྱེ་བོ་གཞན་གྱིས་མིག་དཔེ་ལྟ་སར་གྱུར་ཡོད། དེ་ནི་འགྲོ་བ་ཀུན་པོའི་ལས་དབང་དང་བདེ་སྡུག་ལ་སེམས་ཁུར་བོར་བའི་ངོ་བོ་དང་དབྱིངས་གཅིག་དུ་འདྲེས་ཡོད་སྟབས། བཙན་བྱོལ་གྱི་གོམ་སྟབས་ནས་བོད་ཀྱི་ལས་དབང་རྒྱལ་སྤྱི་ཅན་ལ་འཕེལ་བའི་རྒྱུ་རུ་གྱུར་བ་རེད། འོན་ཀྱང་། ཀླུ་འདི་“ དེང་རབས་ཅན”ལ་རེ་སྙེག་ཟབ་མོད། ཁོང་ལ་“ དེང་རབས་ཅན”གྱི་ལྡོག་འཕྲོས་ཏེ་མི་སེམས་ཟང་ཟིང་བཟོས་པའི་རྒྱུ་རྐྱེན་ལ་དོ་སྣང་ཆུང་སྐྱོན་ཡོད་ལ། ཁོས་ད་དུང་རྟོགས་མེད་པ་ནི། རིགས་རྒྱུད་ཚོ་ཁག་ཅིག་གིས། བྱ་དངོས་ཀྱི་དེ་ཉིད་བོར་ནས་སྟོབས་ཆེན་ཆགས་ན་དེ་སྡུག་བསྔལ་ཡིན་པ་ཤེས་མེད་པ་དེའོ། ཚུར་སྣང་གི་སྟོབས་འབྱོར་ཁོ་ན་གཙིགས་འཛིན་གྱིས་ནང་བསམ་བློའི་ལུངས་སྤྱོད་སྣང་མེད་བྱས་པ་ཡིན་ན། དེ་ནི་སྡུག་བསྔལ་གྱི་ངོས་གཅིག་ནས་ངོས་གཞན་ཞིག་ལ་འཕོས་བ་དང་། ཡང་ན་དེ་ལས་གཏིང་ཟབ་པའི་སྡུག་བསྔལ་འཕར་མ་ཞིག་གི་གཡབ་མོ་ཡིན་སྲིད།
རང་གི་རིག་གནས་ཀྱི་འཕེལ་འགྲིབ་ལོ་རྒྱུས་ལ་གཟབ་ནན་གྱིས་བསྐྱར་ཞིབ་དང་། གཟབ་ནན་གྱིས་མི་སྨྲ་བའི་རྟུལ་ཞུགས་འཛིན་པའི་ཚད་ལ་སླེབས་སྲིད་ལ། དེ་ནི་མི་རིགས་ཤིག་ལ་མཚོན་ན་རང་ངོ་རང་ལ་འཕྲོད་པའི་མཚོན་དོན་ཡིན་པ་དང་། རང་ངོ་རང་ལ་འཕྲོད་པའི་མི་རིགས་ནི་ད་གཟོད་རེ་བ་ཡོད་པའི་མི་རིགས་ཤིག་ཡིན། སེམས་ལྷོད་ལ་བབས་ནས་བསམ་གཞིགས་བྱེད་ཕོད་པའི་མི་རིགས་ཤིག་ཡིན་ན། དེ་ནི་རིག་གནས་དང་སེམས་ཁམས་ཀྱི་ངོས་ནས་དོན་དངོས་ཀྱིས་མི་རིགས་གདེངས་སྤོབས་ཅན་ཞིག་ཡིན། ཏཱ་ལའི་བླ་མའི་དམངས་གཙོ་དང་དཀྱེལ་ཡངས་པའི་ཐུགས་དགོངས་ཀློང་ནས། བོད་ཀྱི་ལས་དབང་ལ་བསམ་གཞིགས་བྱེད་སའི་བར་སྟོང་བྱུང་ཞིང་། བཀྲ་རྒྱ་འམ་ཞོགས་དུང་གིས་འགོ་བཙུགས་པའི་“རིག་སྡེ་གསར་མ”ནས། ཀླུ་མཁར་བྱམས་ཀྱིས་“ཆབ་སྲིད་དགག་སྒྲུབ་”སྨྲ་བའི་གཏན་ཚིག་བརྗོད་པ་ལ་སོགས་པ་ནི། བོད་མི་རིགས་ཀྱིས་བསམ་གཞིགས་བྱས་པའི་ནུས་པ་ཡིན། དེ་ལྟ་བུའི་སྟོབས་ཤུགས་གསར་བར་འཚོ་གནས་ཀྱི་བར་སྣང་ཡོད་པ་ནི། བོད་མི་རིགས་ལོ་རྒྱུས་ཀྱི་གྲིབ་ནག་འོག་ནས་འཇིག་རྟེན་དཀར་ངོགས་སུ་བསྐྱོད་པའམ། ཡང་ན་དུས་རབས་ཀྱི་གོམ་འགྲོས་དང་མཐུན་པའི་འཕེལ་ཕྱོགས་དེ་བཞིན། སུས་ཀྱང་ཚབ་མཚོན་མི་ཐུབ་པའི་ཁྱད་ནུས་མངོན་པར་ལྡན་ཡོད། “རང་ཁེ་དམ་འཛིན་རུ་ཁག”གམ་དཔོན་རའི་དཔུང་སྡེ་དང་། “ཀླད་རྙིང་མཁྲེགས་འཛིན་རུ་ཁག”གམ་གྲྭ་བཙུན་ནང་ན། དེང་གི་“རིག་སྡེ་གསར་མ”ཞེས་པ་དང་“ཆབ་སྲིད་དགག་སྒྲུབ་”སྨྲ་བའི་སྡེ་སོགས་གསར་བཤད་འདི་དག་གིས། ནང་ཆོས་ལ་བསྐུར་འདེབས་དང་། རྒྱལ་བ་རིན་པོ་ཆེར་ཁ་གཏོང་གི་འདུག་ལབ་ནས་ཁོ་ཚོར་མ་ཉེས་མ་གཡོག་བྱེད་མྱོང་བ་བདེན་ཡང་། གསར་བཤད་ཀྱི་རུ་དཔུང་འདི་ལ་ན་གཞོན་ཁྲོད་གུས་བརྩི་བྱེད་མཁན་མང་ནས་མང་རུ་འགྲོ་བཞིན་ཡོད་ལ། མི་རྣམས་ཀྱིས་ཁོང་ཚོའི་བསམ་སྤྱོད་ཚང་མ་སྒྲ་ཇི་བཞིན་དུ་ཁས་ལེན་ཡོད་མེད་གང་ལྟར། ཁོང་ཚོའི་བསམ་གཞིགས་ཀྱི་ཀློང་ནས་མ་འོངས་པའི་ལས་སྐལ་ལ་སྒོ་འཕེར་གསར་བ་ཞིག་ཕྱེ་ཡོད། སྤྱིར་ན་བསམ་སྤྱོད་གང་ཞིག་ལ་ན་གཞོན་གྱིས་དང་ལེན་བྱས་པའི་ཕྱི་ཉིན། བསམ་སྤྱོད་དམ། ལྟ་གྲུབ་དེར་འཚོ་གནས་ཀྱི་ཐོབ་ཐང་ཡོད་པ་བདེན་དཔང་བྱས་པ་རེད། ཀླུ་འདི་བ་དེང་གི་བོད་མི་རིགས་ཀྱི་བསམ་གཞིགས་ནུས་སྟོབས་ཀྱི་རིན་ཐང་ལ་བཀོད་ཀྱི་ཡིན་ཟེར་ན། ཅིན་ཧྲི་པེ་ཁོང་ལ་འདེངས་ངེས་ཀྱི་རྒྱུས་ལོན་ཡོད་སྟབས། ཁས་ལེན་གཙང་མ་བྱས་ཆོག ཡིན་ནའང་། ཅིན་ལ་མཚོན་ན་ཀླུས་བོད་བརྒྱུད་ནང་བསྟན་ལ་དམའ་འབེབ་པ་ནི་ངོས་ལེན་བྱ་ཐབས་མེད་པ་ཞིག་དང་། ཁོད་གི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཆབ་སྲིད་ལྟ་གྲུབ་ཡང་མི་རིགས་ཀྱི་ལ་རྒྱ་ཁོ་ནའི་ཆོག་པར་འདོད་པ་དེ་རེད། རེད་དེ། ཅིན་གྱི་བསམ་ཚུལ་ལྟར་ན། བོད་རྒྱལ་ཁབ་བསྐྱར་གསོ་བྱེད་རྒྱུ་ནི་། བོད་པ་གཅིག་པུའི་གནད་དོན་ཞིག་མ་ཡིན་པར། མི་གྲངས་ཏུང་ཕྱིར་༡༥ཡོད་པའི་རྒྱ་མི་ཀྲུང་གོ་བའི་ལས་དབང་དང་འབྲེལ་བ་ཟབ་མོ་ཡོད་ལ། དེ་ནི་ཁྱབ་རྒྱ་ཆེ་བའི་ལོ་རྒྱུས་ཀྱི་འོས་འགན་ཞིག་ཡིན་ཙང་། གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ལག་སོན་བྱ་འདོད་ན། དེ་ལ་ལ་རྒྱའི་འཚོལ་སྙེག་དང་། མི་རིགས་ཤིག་གིས་དཀའ་སྤྱད་ཀྱི་བརྩོན་པ་ཁོ་ནས་ཡོང་ཐུབ་མེད་པ་ཞིག་རེད། དེར་མེད་ཐབས་མེད་པ་ནི་ཤེས་རིག་སྙིང་སྟོབས་ཀྱི་ཉིང་བཅུད་འདུ་དགོས་ཁར། འགྲོ་བ་མིའི་རིགས་ཧྲིལ་བོ་སྡུག་བསྔལ་ལས་སྐྱོབ་པར་དུས་དང་མཐུན་པའི་ཤེས་རིག་གི་བསམ་བློའི་ཀུན་ལས་བསླངས་ཏེ། བོད་ཀྱི་རང་དབང་འཐབ་རྩོད་དང་འགྲོ་བ་མིའི་རིགས་སྔུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཟུངས་ཁྲག་གི་དྭངས་མ་གཅིག་ཏུ་འདྲེས་པ་ཡིན་ན། བོད་དང་། བོད་ཀྱི་ལས་དབང་ཡང་འགྲོ་བ་མིའི་རིགས་ཀྱི་ཕུགས་བསམ་བྱ་བཞག་དང་ངོ་བོ་དབྱེར་མེད་དུ་གྲུབ་ཐུབ་པས་སོ།
“ ནང་བའི་བསྟན་པ་བོད་ནས་ཉམས་ཆག་པ་དང་། དེང་རབས་ཅན་གྱི་བོད་ལྗོངས་ཤིག་བསྐྲུན་པའི་དབང་དུ་བྱས་ན། དེ་ནི་རྣམ་ཤེས་བོར་བའི་དེང་རབས་ཅན་ཞིག་ལས་མ་འདས། ཉིན་མོ་དེ་ནས་བོད་མི་རིགས་ཀྱི་ལས་དབང་ཡང་འགྲོ་བ་མིའི་འདོད་རྔམ་གྱི་སྒྲ་བཤད་ཙམ་མོ། བོད་འདི་ནང་ཆོས་ཀྱི་སྲོལ་དང་ཁ་བྲལ་ཏེ་ཨ་རིའི་ཉིག་ཡོག་ནང་བཞིན་གནམ་ལ་ཟུག་པའི་ཁང་བརྩེགས་ཀྱིས་ཁེངས་པའི་ཕྱི་ཉིན། བོད་ནི་ལོ་རྒྱུས་ཀྱི་ངོས་ནས་མི་མེད་མཐའ་འཁོབ་ཀྱི་ཡུལ་ལ་བརྫངས་པ་དང་གཉིས་སུ་མེད། དེ་ནི་མི་སེམས་ཀྱི་འཐབ་འཁོབ་ཡིན་ཞེས་ཀྱང་བཤད་ན་ཆོག སངས་རྒྱས་ཀྱི་ཐུགས་ཁའི་འོད་ཟེར་ཉི་འོད་དང་མཉམ་དུ་མ་འཕྲོས་ཕྱིན། རབ་དཀར་གངས་ཀྱིས་གཡོག་པའི་འཇིག་རྟེན་དེ་མཆོད་མེ་རྐོང་བུ་གང་གིས་གསལ་ཐུབ་བམ། ཉིན་མོ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་བཙན་བྱོལ་བའི་དཔའ་བོའི་རྟོགས་བརྗོད་ཀྱི་སྙན་རྩོམ་དེ་ལ་རྫོགས་ཚིག་བཀོད་པའི་ཉིན་མོའང་ཡིན་ངེས། ཅིའི་ཕྱིར་ཅེ་ན། མི་རིགས་ཟེར་དུས་མ་གཞི་ནས་ཤེས་རིག་ཅིག་གི་སྣང་ཚུལ་ཕྱིར་མངོན་པ་དེའི་བཏགས་དོན་ཙམ་ཡིན་སྟབས། བོད་བརྒྱུད་ནང་བསྟན་ཉམས་པའི་གོ་དོན་ནི་བོད་མི་རིགས་ཤེས་རིག་གིས་སྟོང་བ་དང་གཅིག་མཚུངས་ཡིན། ནང་སེམས་ཤི་བ་ནི་ཕྱིའི་ལུས་ཁོག་ཤི་བ་ལས་ཀྱང་ཐབས་སྐྱོ་བོ་ཞིག་ཅི་ལ་མིན ”
“ ལོ་ངོ་སྟོང་གི་ཡར་སྔོན་ནང་བའི་ཕ་ས་རྒྱ་གར་ནས་ནང་ཆོས་རྩ་སྟོང་དུ་གྱུར་བ་དང་། རྒྱ་བརྒྱུད་ནང་བསྟན་ཡང་རུལ་སུངས་ཀྱི་ཚད་དེར་བསྐྱལ་བ་མ་ཟད། ཐའེ་ཝན་གྱི་ནང་པ་ཚོའང་འཁོར་བའི་འདོད་རྔམ་ཁོ་ནར་མགོ་གཡེང་བསྡད་ཡོད་སྐབས་འདིེར། ག་རེ་བྱས་ནས་ནང་ཆོས་ལ་བཙན་བྱོལ་བོད་མི་སྤར་མོ་གང་བོ་འདིའི་ཁྲོད་རྣམ་པར་མཛེས་པའི་མེ་ཏོག་བཞད་ཐུབ་སོང་བ་རེད། དེ་བས་ནང་བསྟན་ཆོས་ལུགས་དང་བོད་པ་གཉིས་ལས་ཀྱིས་མཉམ་པོར་སྦྲེལ་བ་མ་ཡིན་ནམ། ནང་པ་བོད་ལ་མ་དར་གོང་དུ་སྒང་བ་བོད་འདི་དཔའ་བོ་གཙིགས་ཏུ་བཀུར་བའི་མི་རིགས་ཤིག་ཡིན་མོད། ནང་བསྟན་དར་བ་ནས་བཟུང་སྲོལ་རྒྱུན་འདི་དང་ནང་བའི་ལྟ་གྲུབ་གཉིས་གཞི་དབྱིངས་གཅིག་ཏུ་འདྲེས་ཤིང་། ཐ་ན་ཁྲག་གིས་མཚོ་དཀྱིས་ཏེ་རུས་པའི་རི་བརྩིགས་དགོས་བྱུང་ཡང་། ཁོ་ཚོས་ཆོད་བསམ་དང་ནང་པའི་ཐེག་པ་ཆེན་པའི་སྙིང་རུས་གཉིས་རྩ་ནས་ཀློད་མི་སྲིད། དཔའ་བོ་ལབ་ན་རྣོ་ལྕགས་དང་ཟུངས་ཁྲག་སྐྱབས་སུ་འཛིན་པའི་གཤིས་རྒྱུད་མངའ་དགོས་ལ། རིམ་པའི་གནམ་འོག་གི་སྐྱེས་འགྲོའི་བདེ་སྡུག་ཆེད་དར་རྒུད་ཉིས་ཆར་གདོང་ཕྱོགས་ཐུབ་པའི་བརྩེ་སེམས་ངོ་བོར་འཕེལ་དགོས་གཤིས། དེའི་བསྟན་དོན་ནི་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ནས་བདེན་དོན་གྱི་ཕྱོགས་སུ་གོམ་གང་མདུན་སྤོས་བྱས་པའི་རྟགས་མཚན་རེད ”
ཅིན་ཧྲི་པེ་ཡིས་མ་འོངས་པར་བསམ་ཚུལ་འདི་དེབ་ཞིག་དུ་བྲིས་ནས་ཀླུ་མཁར་བྱམས་ལ་འབུལ་རྩིས་ཡོད་འདུག དེང་སྐབས་ཁོས་ཚེགས་བརྩོན་འགྲུས་བཏོད་ནས་བོད་ཀྱི་རྣམ་ཤེས་འཚོལ་བཞིན་པའི་སྒང་རེད། དེ་ནི་མེ་ཏོག་གིས་ཁོང་ལ་བཞག་པའི་རླུང་ནང་གི་དུ་ཞག་དམར་པོ་ལྟ་བུ་མཐའ་མཇུག་གི་ཉག་ཕྲའི་རེ་བ་དེ་བཞིན་ནོ། ཡིན་ནའང་། མ་ཤིར་བསྡོད་རྒྱུ་བྱུང་ཕྱིན། ཅིན་གྱིས་ཀླུ་ལ་མུ་མཐུད་དུ་དོ་སྣང་བྱེད་ངེས་ཡིན། ཁོ་བོ་བོད་ཀྱི་སེང་ཕྲུག་དར་མ་འདིར་སེམས་ཁྲལ་དང་རེ་བ་ཉིས་ཆ་ཡོད།
“ རེད་ཡ། ཀླུ་ནི་ལས་སྐལ་མངོན་དུ་གྱུར་མེད་པའི་དཔའ་བོའི་རྡོ་སྐུ་ཞིག་སྟེ། ད་དུང་ཡོངས་སུ་གྲུབ་མེད་པའི་སྣང་བརྙན་འདི་ལེགས་འགྲུབ་ཡོང་རྒྱུར་ངས་ནི་གནམ་རྒན་མར་སྐྱབས་འཇུག་ཞུས་དང་ཞུ་བཞིན་ཡོད། དེ་ནི་རྔམ་གནག་གི་སྤྲིན་པའི་གསེབ་ནས་ངར་རྒྱལ་གྱིས་འཕྲོས་པའི་འོད་ཀྱི་ཞགས་པ་དང་འདྲ་ལ། དེ་ཡིས་ས་དང་གནམ་ཀྱི་བར་མཚམས་དྲོད་ཀྱིས་ཁྱབ་པར་བྱ་ཐུབ་ན་ཅི་མ་རུང་། ཡིན་ཡང་ངའི་སེམས་ཁྲལ་ནི། འོད་ཀྱི་ཞག་པ་དེའི་དྲོད་ཁོད་སྦྱིན་ས་ནི་གངས་ཀྱི་མུ་ཁྱུད་ཡིན་སྟབས་འཁྱག་རུམ་ཞུ་རུ་བཅུག་རྗེས། རང་ཉིད་ཀྱི་ཟུངས་ཤུགས་ཀྱང་ངང་གིས་རྫོགས་ལོས་འགྲོ་བསམ་པ་དེ་ཡིན། མ་གཞི་ནས་འོད་དེར་ཚ་དྲག་པའི་སྐྱོན་ཡོད། ཨོ། ད་དུང་ང་ལ་སེམས་ཁྲལ་གཞན་པ་ཞིག་ཡོད། རྒྱུ་མཚན། ཁོང་ཁ་རྗེ་དབང་ཐང་གི་རྩེ་མོར་སོན་པའམ་ལས་དབང་གི་ལྕགས་ཀྱི་སྒོ་མོ་ལས་བརྒལ་སྐབས་བར་གཅོད་ཀྱིས་དུམ་བུར་གཏུབ་པ་ཡིན་ན་ཅི་བྱ། རྒྱུ་མཚན། ལས་པ་ལམ་ལ་འཇུག་ཐུབ་མཁན་ནི་ག་དུས་ཡིན། ཡང་མ་རབ་དང་། ཚུལ་འཆོས། ཁྲམ་པ་སོགས་ཡིན། དེ་བཞིན་ཀླུ་འདིའི་སྣང་བ་མཐོ་སོང་། ཧོལ་རྒྱུགས་ཆེ་སོང་། དྲང་རྒྱུ་མང་སོང་།
༌༌༌༌༌༌ངའི་རེ་བར། ཉི་མ་ཞིག་ལ་སངས་རྒྱས་ཀྱི་ཐུགས་ཁ་ནས་འཕྲོས་པའི་འོད་ཀྱི་ཟེགས་མ་ཁོང་གི་སྤྱི་གཙུག་ལ་འཐོར་ནས། ཁོའི་ཚེ་སྲོག་ལ་སྔར་ལས་གསོན་ཤུགས་རྒྱས་པར་སྨོན། དེ་ནི་བོད་མཐོ་སྒང་གི་སེར་མ་རླུང་གི་རྒྱུ་བ་ནང་བཞིན་ཡིན་ལ། རླུང་གི་རྒྱུ་བ་འགག་སོང་ན་མཐོ་སྒང་ལའང་རོ་མདོག་ཤར་རྒྱུ་ཉག་གཅིག་རེད། སངས་རྒྱས་ཀྱི་བྱིན་རླབས་ནི་བོད་མི་རིགས་ཀྱི་སེམས་ཁ་སྲུང་མཁན་དང་། སྲོག་གི་གསོ་རླུང་ངོ། ༌༌༌༌༌ཅི་ལྟར་བཤད་ནའང་། ལས་སྐལ་གྱིས་དཔའ་བོའི་སྣང་བརྙན་འདི་གྲུབ་སོང་ཕྱིན། སྐྱོ་གར་རང་བཞིན་གྱི་སྣང་བརྙན་ཞིག་ཡིན་ཀྱང་ཆོག ངས་ཁོང་ལ་རྟོགས་བརྗོད་ཅིག་རྩོམ་ཐག་ཆོད་ཡིན་ལ། དེ་བརྩམས་པ་ཙམ་དུ་མ་ཟད་དཔའ་བོ་གང་གི་དུར་བྱང་དུ་བཀོད་རྒྱུ་ཡིན”____འདི་ནི་ཅིན་ཧྲ་པེའི་ཆང་རག་གིས་བཟི་བའི་སྐབས་ཤིག་ལ་ཁེར་རྐྱང་ངང་ཆིག་ལབ་བརྒྱབ་པ་ཞིག་ཡིན།
ང་ཚོས་བཙན་བྱོལ་བོད་མིའི་ལས་སྐལ་གྱི་ངོ་གདོང་ནས་རྨ་ཤུལ་ཅིག་མཐོང་བ་ནི། ༸གོང་མཆོག་གི་ཐུགས་དགོངས་ཀྱི་ལམ་དབུ་མ་དང་། རང་བཙན་དབར་གྱི་འགལ་བ་གཉིས་པོ་དེ་རེད། འོན་ཀྱང་། བོད་རིགས་མང་ཆེ་བ་ཕར་ལྟས་ཚོད་ལ་འགལ་བ་ལྟག་སྤྲོད་དུ་གྱུར་བའི་གནད་དོན་དེ་བཞིན། ཁོ་ཚོར་ངོ་བོ་གཅིག་ལ་བཟློག་པ་ཐ་དད་ཀྱི་ལྟ་ཚུལ་ཡོད་སྟབས། དེས་བོད་མིའི་ཞི་མཐུན་མཉམ་གནས་ཀྱི་རྨང་གཞིར་འགུལ་བསྐྱོད་གང་ཡང་གཏོང་མི་ཐུབ། མདོར་ན་བོད་མི་རིགས་གནད་དོན་དེ་འདྲའི་སྒང་སླེབས་ཚེ་ཨང་རྩིས་ནང་གི་“སྤོམ་རྩིས་རིག་པ་”ལྟར་ཐལ་མཐའ་སྙོམས་བྱའི་ལྟ་ཚུལ་བཟུང་ནས། བཙན་བྱོལ་བོད་མིའི་ལས་དབང་ངོས་ཀྱི་འགལ་བའི་རྨ་ཤུལ་དེ་རང་སར་བཞུ་བར་འཇུག་པའི་ནུས་བ་ཡོད་པའི་མི་རིགས་ཤིག་ཡིན་པ་ཅིན་ཧྲི་པེ་ཡིས་ལམ་སང་རྟོགས་སོང་།
“ ཁྱེད་རང་བོད་རང་བཙན་དང་། ༸གོང་ས་མཆོག་གི་ལམ་དབུ་མ་གཉིས་ཀྱི་གང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན? ”___དེ་ནི་ཅིན་ཧྲི་པེ་ཡིས་ས་གནས་ཡུལ་མི་རྣམས་ལ་ཉམས་ཚོད་ལེན་ཆེད་ནམ་རྒྱུན་འདྲི་བཞིན་པའི་དྲི་བ་གཅིག་པོ་དེ་ཡིན། གནད་དོན་འདིར་གདོང་ཕྱོགས་དུས། ཀླུ་མཁར་བྱམས་དང་། གཞོན་ནུའི་ཚོགས་གཙོ་ལྟ་བུ་མི་རེ་གཉིས་ཤིག་གིས་དཀར་ནག་གི་དབྱེ་མཚམས་འབྱེད་པ་ལས། བོད་རིགས་མང་ཆེ་བས་དོན་དག་དེར་ལན་ཁ་གསལ་མི་བརྒྱག་རྒྱུར་གཙོ་འདོན་བྱེད་ཀྱིན་ཡོད།
ལྡི་ལི་གསར་བར་ཡོད་པའི་བོད་ཀྱི་གྱོན་ཆས་བཟོ་ཚོང་ཁང་དེའི་ནང་། མིག་དཀྱུས་ཡངས་ཤིང་། འཛུམ་བག་གྲོལ་བའི་བུ་མོ་མཛེས་མ་ཞིག་འདུག དེང་ཐོག་ཁོ་མོས་་ཅིན་ཧྲི་པེ་སྒང་ལ་དོ་སྣང་བྱས། ཡིན་ནའང་། མོ་རང་ཅིན་ཧྲི་པེ་ཡི་དྲི་ཚིག་འདིེ་དང་ཐུག་དུས་གདོང་གི་འཛུམ་བག་ལམ་སེང་བསྡུས་སོང་ལ། མོ་རང་གིས་སེམས་པ་གནད་ལ་ཕབ་ནས་འདང་ཞིབ་མོ་ཞིག་བརྒྱབས་རྗེས། ཁོ་མོས་“ དཔེར་ན་བོད་ཀྱི་ཆེད་ལ་ངེས་པར་དུ་ཅི་ཞིག་བྱེད་དགོས་ཐུག་ཚེ། ང་ཕོ་ཁྱོ་ག་ཚོ་དང་མཉམ་པོར། ལག་ལ་མེ་མདའ་བཟུང་སྟེ། གཡུལ་སར་འགྲོ་ཐག་ཆོད་ཡིན། དེ་དུས་བོད་རང་བཙན་དང་། ལམ་དབུ་མའི་སྐད་ཆ་ཞིག་ལྷག་མེད”ཞེས་བརྗོད་སོང་།
ཡང་རྡ་སའི་འགྲམ་ཀྱི་ནོར་བུ་གླིང་ཁར་ཅིན་ཧྲི་པེ་ཡིས་གྲྭ་བ་ལྷ་བྲིས་པ་ཞིག་གི་ཁ་བསྔོག་རྒྱུ་བྱུང་། མི་འདི་ཤ་མདོག་ནག་ཅིང་། གཟུགས་སྟོབས་ཆེ་ཁར་ལྐུགས་སེང་སེང་ཞིག་ཀྱང་འདུག དེ་བས་ཁོའི་གཤིས་རྒྱུད་དང་ལྷ་བྲིས་སྒྱུ་རྩལ་གཉིས་པོ་འབྲེལ་མེད་དོན་གཞན་ཡིན་པའི་ཚོར་སྣང་ཞིག་སྤྲོད་འོང་ཡང་། ཁོའི་ལག་གི་རི་མོ་འབྲི་བྱེད་ཀྱི་སྤུར་སྨྱུག་དེ་དང་བཞེངས་པའི་ཐང་ག་བཅས་སྒྱུ་རྩལ་གྱི་ཐོན་དངོས་མ་ཡིན་ས་མི་འགྲོ ཁོང་གིས་ཅིན་གྱི་དྲི་བ་གསན་མ་ཐག་ལན་བརྒྱག་རྒྱུར་སྣང་དོགས་མི་འདུག་སྟེ། དེ་ནི་ལྷ་མདུན་ལ་སྒྲོན་ཆེད་མཆེད་མེ་རྐོང་བུ་གང་སྔོན་ནས་གྲ་སྒྲིག་བྱས་པ་ནང་བཞིན་ཁྱེར་ཡོང་ཆོག་ཆོག་ཅིག་རེད།
ཁོས་བརྗོད་རྒྱུར་ “ ང་རང༧་གོང་ས་མཆོག་ལ་ནམ་ཡང་ངོ་ལོག་མི་སྲིད། འོན་ཀྱང་། བོད་རང་བཙན་ཐོབ་རྒྱུ་བྱུང་ན་དེ་བས་སྐྱིད་པ་ལ། ངའི་ལག་པ་འདིའི་ལྷ་སྐུ་མང་པོ་བྲིས་ཙང་མི་ཁྲག་འགོས་མ་དགོས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་མོ། གལ་སྲིད་དགོས་གལ་བྱུང་ཚེ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནང་བཞིན་ངས་རང་ཁྲག་རང་གིས་བཏོན་ཡང་ཆོག རང་ཁྲག་རང་གིས་བཏོན་ན་དེར་དཀན་མཆོག་གིས་བཀའ་ཆད་ཕོག་གི་མ་རེད་”ཟེར།
གྲྭ་གཞོན་ཞིག་གི་ཁྲིས་བརྒྱབ་རྗེས། བྲག་སྣའི་ཕ་བོང་སྟེང་དུ་བསྡད་དེ་ཆོས་དཔེ་བློ་སྐྱོར་གནང་བཞིན་འདུག ཅིན་གྱིས་ཁོང་ལའང་འདྲི་བ་རང་འཇགས་དྲིས་པར། གྲྭ་གཞོན་ཁོང་གིས་“ངས་ནི་ཏཱ་ལའི་བླ་མའི་དབུ་མའི་ལམ་དང་། བོད་རང་བཙན་ཉིས་ཆར་རྒྱབ་སྐྱོར་བྱེད་ཀྱིན་ཡོད” ཟེར་ནས་ལན་བཏབ་རྗེས། ཁོང་གི་མིག་ནང་ནས་བརྩེ་པའི་འོད་ཀྱིས་འཛུམ་ཟེར་འཕྲོས་ནས་ཡོང་གི ཅིན་ལན་དེར་ཅུང་མགོ་འཐོམ་སོང་ཡང་། རེ་ཞིག་བསམ་བློ་བཏང་མཐར་གྲྭ་གཞོན་མིག་ནང་གི་འཛུམ་ཟེར་དེ་ནི་འཇིག་རྟེན་པའི་གཏན་ཚིགས་ལས་རིང་ནས་བརྒལ་བའི་བློ་འབྱེད་ཀྱི་འཛུམ་ཟེར་ཞིག་སྟེ། ལམ་དབུ་མའི་དགོངས་པ་དང་བོད་རྒྱལ་ཁབ་བསྐྱར་གསོ་བྱེད་རྒྱུའི་ཕུག་འདུན་གཉིས་པོ་ལུས་སེམས་གཉིས་ནང་བཞིན་ངོ་བོ་དབྱེར་མེད་ཆགས་ཡོད་ལ། མདོར་ན་རྒྱལ་ཁབ་སྐྱར་གསོ་བྱ་རྒྱུའི་ཕུགས་འདུན་ནི་བོད་མི་རིགས་ཀྱི་ཁྲག་དང་མིག་ཆུ་ལས་བྱུང་བའི་བརྩེ་སེམས་ཡིན་ན། ལམ་དབུ་མ་དེ་ཡང་བོད་མི་རིགས་ཀྱི་དྭངས་གཙང་གི་སེམས་འགྱུ་དང་། སེམས་བག་ཞི་བར་བྱེད་པའི་ཤེས་རྟོགས་ཀྱི་གོ་རིམ་ཞིག་རེད། དེར་མི་དཀྱུས་མ་ཞིག་གིས་བལྟས་ན། བོད་འདི་བཞིན་རིགས་ཀྱི་བརྩེ་བ་དང་བསམ་བློའི་ཤེར་རྟོགས་གཉིས་པོ་འགལ་ཟླར་གྱུར་ཡོད་པར་སྣང་ཡང་། དེར་ཤེས་རབ་ཀྱི་བློ་མིག་གིས་ལྟོས་དང་། མི་རིགས་དེའི་དཀའ་སྡུག་གི་ལས་དབང་ཁྲོད་སོ་སོའི་རིགས་ལ་བཅིངས་པའི་བརྩེ་སེམས་དང་། ནང་སེམས་ཀྱི་ཤེར་རྟོགས་གཉིས་པོ་ཞི་མཐུན་མཉམ་གནས་བྱས་ཡོད་ལ། མདོར་ན་རྒྱལ་ཁབ་བསྐྱར་གསོ་བྱ་རྒྱུའི་བརྩེ་སེམས་ནི་ཕ་སྲོང་བཙན་སྒམ་པོའི་རུས་པའི་གཏིང་ལ་བསྐོས་པའི་རི་མོ་ཡིན་ལ། ལམ་དབུ་མའི་ལྟ་བ་དེ་ཡང་བོད་མི་རིགས་ཀྱི་སེམས་ཁུངས་ནས་སྤར་བའི་ཤེས་རབ་ཀྱི་མཆོད་མེ་རྐོང་བུ་གང་རེད།།
༼ བསྒྱུར་མཁན་གྱི་མཆན: རྩོམ་ཡིག་འདི་ནི་རྒྱ་ནག་གི་གྲགས་ཅན་རྩོམ་པ་པོ་སྐུ་ཞབས་ཡཱན་ཧོང་པེན་གྱིས་ཉེ་ཆར་བརྩམས་གནང་པའི་<>ཞེས་པའི་དེབ་ལས་ཚན་བཤུས་བྱས་པ་ཞིག་ཡིན་ལ། ལས་ཚན་འདིའི་ཁ་བྱང་སྒྱུར་མཁན་གྱིས་གནས་སྐབས་རིང་བཏེགས་པ་ལས་མ་ཡིག་དང་མི་མཐུན་སྟངས། དངོས་གཞིས་དཔར་སྐྲུན་སྐབས་འགྱུར་བ་གཏོང་གི་ཡིན། སྐུ་ཞབས་ཡོན་ཧོང་པེན་ལགས་ཀྱིས་དེ་སྔོན་བོད་ཀྱི་སྐོར་ལ་བརྩམས་སྒྲུང་དེབ་གཉིས་བྲིས་འདུག དེབ་འདི་དངོས་སྒྲུང་དང་བཅོས་སྒྲུང་སྤེལ་མའི་འབྲི་སྲོལ་སྤྱད་ནས་བྲིས་ཤིང་ཐའེ་ཝན་ནས་དཔར་བསྐྲུན་བྱས་འདུག དེབ་འདིར་ཁྱོན་བསྡོམས་ཤོག་ངོས་༣༣༦འདུག ཁོ་མས་མི་འགྱངས་པར་རྒྱ་ཆེ་ཀློག་པ་པོ་རྣམ་ཀྱི་སྤྱན་སྔར་དེབ་ཆ་ཚང་བསྒྱུར་ནས་འབུལ་འཆར་ཡོད། ༽