ནགས་ཕྲན་པ་བསོད་ནམས་ཚེ་རིང
དེ་རིང་འདིར་སྦེལ་ཀོབ་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་བགོད་སྒྲིག་འོག །ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཀྱི་ཞིབ་མོལ་ཐོག་གུས་པར་ཡང་བསམ་ཚུལ་འགའ་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཡང་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཟེར་དུས་གཙོ་བོ་བོད་རང་དབང་སླར་གསོའི་ཆེད་རང་ལུས་མེ་རུ་སྤར་བཞིན་པའི་གནས་སྟངས་དང་། རྒྱ་དམར་གྱི་དྲག་པོ་དམག་གི་སྟངས་འཛིན་འོག་བོད་ནང་སྤྱི་དང་ལྷག་པར་མདོ་ཁམས་ཁུལ་གྱི་གནས་བབ་ལ་གོ་ཡི་ཡོད་པར་བརྟེན། ངས་འདས་པའི་བྱུང་རབས་ལོ་རྒྱུས་དང་འབྲེལ་ནས་ད་ལྟའི་གནས་བབ་སྐོར་ཉུང་བསྡུས་ཤིག་མོལ་རྒྱུ་ཡིན།
དེ་ཡང་གཙོ་བོ་བོད་ནང་གི་གནས་སྟངས་དེའི་རྒྱུ་རྐྱེན་ནམ། དེའི་འབྱུང་ཁུངས་གི་ངོ་བོ་ངོས་འཛིན་ཡག་པོ་ཞིག་བྱེད་མ་ཐུབ་ན། མང་པོ་ཞིག་གིས་བོད་ནང་གི་སྤུན་ཟླ་ཁོ་རང་ཚོར་དཀའ་ངལ་འཕྲད་ནས་འུ་ཐུག་གི་ཡོད་པ་རེད་བསམ་མཁན་དང་། དེ་ལྟར་བཤད་མཁན་ཡང་མང་པོ་ཞིག་མཐོང་གི་འདུག ངས་ལྟ་སྟངས་ལ་དེ་ཏག་ཏག་ཞིག་མ་རེད་དྲན་གྱི་ཡོད། གང་ཡིན་ཟེར་ན། བོད་ནང་གི་སྤུན་ཟླ་ཚོས་བོད་ལུང་པའི་དོན་དག་ལ་བསམ་ནས། བོད་ཀྱི་རང་དབང་གི་དོན་དག་ལ་བསམ་ནས་འཐབ་རྩོད་དེ་དང་ལེན་བྱས་པ་ཞིག་ལས་ཁོ་རང་ཚོའི་དཀའ་ངལ་ཞིག་གི་ཆེད་དུ་འུ་ཐུག་པ་ཞིག་རེད་གཏན་ནས་བསམ་གྱི་མེད། སོང་ཙང་ངས་བོད་སྤྱི་ཡོངས་དང་ལྷག་པར་མདོ་ཁམས་ཁུལ་གྱི་ད་ལྟའི་ཛ་དྲག་གི་གནས་ཚུལ་དེའི་བྱུང་རབས་དང་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་གི་གནས་བབ་དང་འབྲེལ་ནས་ངོས་འཛིན་བྱེད་ཕྱོགས་ཞིག་བཤད་འདོད་བྱུང་།
དེ་ཡང་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་སྲིད་གཞུང་གིས་བཙན་འཛུལ་མ་བྱས་པའི་སྔོན་ཀྱི། ནམ་ཇུ་གོང་མ་དང་། གོ་མིན་ཏང་གི་སྐབས་ནས་བཟུང་རྒྱ་དམག་གིས་བོད་མདོ་ཁམས་ཁུལ་དུ་བཙན་འཛུལ་རབ་དང་རིམ་པ་མང་པོ་བྱས་ནས། བོད་ཀྱི་ཡུལ་དགོན་གཉིས་ལ་གཏོར་བཅོམ་ཚད་མེད་བྱས་ཤིང་། བོད་ཀྱི་བླ་ཆེན་མི་ཆེན་ཐེ་བའི་མི་སེར་གྲངས་ལས་འདས་པ་དམར་གསོད་བཏང་པ་དང་བཙོན་དུ་བཅུག་པ། མིའི་མགོ་བཅད་དེ་འབྲེང་བར་བསྟར་ནས་ལམ་མདོ་དང་ཟམ་པའི་ཁར་དབྱངས་པ་སོགས་ཀྱི་གནས་ཚུལ་བྱུང་བ་རེད། དེ་འདྲའི་སྐབས་སུ་མདོ་ཁམས་ཁུལ་ཀྱི་མི་སེར་རྣམས་ཀྱི་མདུན་ན་བདག་པོ་མེད་པ་དང་། རྒྱབ་ན་རྒྱབ་རྩ་མེད་པ་ལ་སོགས་པའི་དཀའ་སྡུག་མང་པོ་མྱང་ནས་མི་རབས་དང་ལོ་རྒྱུས་བརྒྱུད་ནས་འོངས་པ་ཞིག་རེད། དེ་ནས་༡༩༤༩ ལོའི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་པོའི་སྲིད་གཞུང་གསར་དུ་བཙུགས་རྗེས་བོད་དང་ཤིན་ཅང་། ཧེ་ནན། ཐེ་ཝན་བཅས་སུ་བཅིང་བགྲོལ་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་དང་། ཚེས་ ༡༠ ཉིན་མོ་ཙེ་ཏུང་གིས་ཝང་ཀྲེན་དམག་དཔུང་བོད་དུ་བསྐྱོད་དགོས་པའི་བཀའ་དངོས་སུ་ཕབ་པ་ནས་༡༩༥༠ ཟླ་ ༡༠ པའི་ཚེས་༧ རྒྱ་དམར་བཅིང་བགྲོལ་དམག་ཟེར་བས་ཆབ་མདོ་ཁུལ་གྱི་ས་གནས་ཁག་བརྒྱད་ལ་དུས་གཅིག་ཏུ་བཙན་རྒོལ་བྱས་པ་རེད། དུས་ཚོད་དེ་བརྗེད་དུ་མི་རུང་བ་ཞིག་ལ་བརྩིས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཟླ་ཚེས་ཀྱང་དེ་ལ་གཏན་ཁེལ་བྱས་པ་རེད། ཆབ་མདོ་རྒྱ་བོད་ས་མཚམས་ཡིན་མིན་དེ་རིང་སྐབས་སུ་མ་བབ་པས་འདིར་གླེང་དགོས་མ་མཐོང་། ཡིན་ནའང་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་གླེང་ན་འབྲི་ཆུའི་ཤར་ནུབ་གྱིས་ཕྱེ་བའི་བོད་མདོ་ཁམས་ཁུལ་དུ་དེའི་སྔོན་ནས་རྒྱ་བོད་དམག་འཁྲུག་དང་ངོ་རྒོལ་གྱི་ཡོ་ལང་རྒྱུན་ཆད་མེད་པར་བྱུང་ཡོད་པ་རེད། དཔེར་ན་ངའི་ཕ་ཡུལ་དེང་སང་རྒྱ་གཞུང་གིས་བཅད་བགོས་བྱས་པ་ལྟར་གྱི་ཟི་ཁྲོད་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་། ལུང་བསྟན་ཡུལ་ཚོ། ནགས་ཕྲན་སྡེ་བ་ལྟ་བུ་ལ་ཆ་བཞག་ན་༡༩༥༠ ཡི་ལོ་མགོ་ནས་འབྲོག་པ་རྒད་པོ་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱས་ནས་རི་མགོར་ཐོན་ཏེ་རྒྱ་དམག་དང་འཐབ་འགོ་བརྩམས་ཏེ། ཕྱིས་སུ་རིག་གནས་གསར་བརྗེས་སྐབས་ད་དུང་རྒྱ་དམག་ལ་རྒོལ་འཛིང་བྱས་པའི་ལོ་རྒྱུས་ཡོད་པས་མ་ཚད། བོད་མི་ངོ་རྒོལ་བ་དེ་ཚོར་རྒྱ་གཞུང་གིས་ “ངོ་ལོག་པ”ཞེས་མིང་བཏགས་པ་རེད། ངོ་ལོག་པ་དེ་ཚོ་རྒྱ་དམག་གིས་བཟུང་ནས་འཐབ་རྩོད་བྱས་པ་དང་། དམར་གསོད་བཏང་བ་དང་། བཙོན་དུ་བཅུག་པ་ནི་བགྲང་གིས་མི་ལང་པ་བྱུང་ཡོད་པ་རེད། ངོ་ལོག་པ་ལ་ལ་རྒྱའི་གཡོ་འོག་ཏུ་ཚུད་ནས་མགོ་བཏགས་བྱེད་སྐབས་ལག་མགོ་བཅད་དེ་མཁྲིག་མ་མར་ཁུ་ཁོལ་མའི་ནང་བཙན་གྱིས་བཅུག་ནས་མནར་གཅོད་བཏང་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་རེད། ད་ལྟའི་སྐབས་སུ་འབྲོག་སའི་རིའི་སྒང་གཤོང་གང་སར་རྒྱ་མིས་བསད་པའི་བོད་མིའི་རུས་པ་མཐོང་རྒྱུ་ཡོད་པ་རེད། དེ་བཞིན་ལི་ཐང་། འབའ་ཐང་། དཀར་མཛེས། ཉག་རོང་། རྟའུ། འགོ་ལོག །བླ་བྲང་ལ་སོགས་པའི་འབྲུ་ཆུའི་བཅད་པའི་ཁམས་དང་ཨ་མདོ་རྒྱ་སྡེའི་ཁོངས་ཀྱི་མི་སེར་རྣམས་ལ་རྒྱ་མིས་སྡུག་པོ་ག་ཚོད་བཏང་བ་དང་། མནར་གཅོད་ག་ཚོད་བྱས་པ་འདི་དག་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཡིག་ཚང་དུ་གསལ་པོ་འཁོད་ཡོད་མེད་གང་ལྟར་ཡང་། མདོ་ཁམས་ཁུལ་ཀྱི་མི་རབས་མི་རྒྱུད་ཀྱི་སེམས་ནང་རྣག་ཁྲག་གི་རྒྱ་མཚོ་བཞིན་བསྐྱིལ་ནས་ཡོད་པ་དག་ད་ལྟ་ཤ་དང་སྤགས་པས་མ་ཐུམ་པར་རྡོལ་ནས་ཡོང་གི་ཡོད་པ་རེད་ལ། དེའི་རྐྱེན་པས་ཐ་ན་རང་ལུས་མེ་རུ་སྤར་བའི་ལས་འགུལ་ཚུན་སྤེལ་གྱི་ཡོད་པ་རེད། འདི་ནི་ལོ་རྒྱུས་རྒྱུན་ཤེས་ཀྱི་ཐོག་ནས་དེང་སྐབས་བོད་ནང་དུ་རང་ལུས་མེ་རུ་སྤར་བཞིན་པ་སོགས་ཀྱི་གནས་སྟངས་སྡུག་པོ་དེ་དག་གི་འབྱུང་ཁུངས་ངོ་མ་ཤིག་ཀྱང་རེད།
དེ་ནས་ ༡༩༥༡ ལོ་ཟླ་ ༥ པའི་ཚེས་ ༢༣ ཉིན་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་རྒྱ་དམར་སྲིད་གཞུང་གིས་བཙན་དབང་གིས་མིང་རྟགས་འགོད་དུ་བཇུག་ནས། བོད་ཀྱི་བདག་དབང་བཙན་ཕྲོག་བྱས་པ་རེད། བོད་རང་བཙན་ཤོར་ཟེར་བ་དེ་རེད། བརྒྱུད་རིམ་འདི་དག་གི་ཁྲོད་དུ་རྒྱ་ནག་གིས་ལག་གཡས་པར་མེ་མདའ་བཟུང་། ལག་གཡོན་མས་ཏཱ་ཡང་ཁུར་ནས་བོད་ལ་“ཞི་བས་བཅིངས་བཀྲོལ”ཟེར་བ་བཏང་བ་རེད། རྣམས་པ་ཚོས་བསམ་བློ་ཞིག་ཏོང་དང་། ཏཱ་ཡང་གིས་བསླུ་བྲིད། མེ་མདའ་ཡིས་འཇིགས་སྐུལ་དང་། དྲག་པོའི་དམག་འཐབ་བཅས་ཀྱི་ཐབས་ལམ་ངན་དགུ་སྣ་ཚོགས་ལ་བརྟེན་ནས་བོད་ལ་དབང་བསྒྱུར་བྱས་པ་ནས་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་དང་། དུད་འགྲོ་དང་ཀླ་ཀློའི་འདུ་ཤེས་བཟུང་ནས་བོད་མའི་ཐུན་མིན་གྱི་འདུ་ཤེས་དང་། དད་འདུན་དང་། ཡུལ་སྲོལ་གོམ་གཤིས་རྡོག་རོལ་དུ་བཏང་ནས་བྲན་དུ་བཀོལ། བརྙེས་བཅོས་བྱས། གཉའ་གནོན་བྱས། བཤུ་གཞོག་བཏང་། བསད། བརྡུང་། བཙོན། ཕྲོག བཅོམ། ཐ་ན་བོད་མིའི་ལུས་ཀྱི་ཁྲག་ཀྱང་བཙགས་ནས་རྒྱ་མིའི་ལུས་ཟུང་བསྐྱེད་པར་བྱས་པ་རེད། ཡ་ང་བའི་སྤྱོད་ཚུལ་འདི་དག་རྒྱ་དམར་བོད་མིར་སྡང་སེམས་ཀྱིས་བྱས་པ་ཙམ་མ་ཡིན་པར། བོད་ཀྱི་བདག་པོ་རྩ་མེད་དུ་འཏོང་བར་འདོད་པས་རེད། བཙན་རྒྱལ་དབང་བསྒྱུར་བྱས་པ་ཞིག་རེད། དེར་བརྟེན་བོད་མི་རྣམས་རང་ཉིད་ཀྱིས་བསྐྲུན་པའི་རང་ཉིད་ཀྱི་བདག་དབང་དང་། རང་ཉིད་ལ་དབང་བའི་རང་ཉིད་ཀྱི་ཐོབ་ཐང་། རང་ཉིད་ཀྱི་ཁྱིམ་གཞིས་ཀྱི་ཆེད་དུ་མི་རབས་ནས་མི་རབས་བརྒྱུད་དེ་འཐབ་རྩོད་ཀྱི་ལས་སུ་ཞུག་དགོས་བྱུང་བ་དང་། འཐབ་རྩོད་ཀྱི་ཆེད་དུ་དམ་པས་བསྔགས་པའི་འཚེ་མེད་ཞི་བའི་བློ་གཏོང་དང་། སྙིང་སྟོབས་ཀྱི་ཡང་རྩེར་བསྐྱོད་དགོས་བྱུང་བ་རེད། གནས་སྟངས་འདིའི་འོག་ནས་ད་ལྟ་བོད་ཀྱི་གྲོང་དང་གྲོང་ཁྱེར། འབྲོག་དང་དགོན་པ་ཚང་མ་དྲག་པོ་དམག་གི་དམ་དྲག་འོག་ཚུད་ཡོད་པ་རེད། རྒྱ་ནག་ཁྲེན་ཏུའུ་སོགས་ནས་གནས་ཚུལ་གོ་བ་ལྟར་ན་དེང་སྐབས་བོད་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་ས་ཁུལ་ཀྱི་བོད་མི་དང་རྒྱ་དམག་གི་གྲངས་ཀ་བསྡུར་པ་ཡིན་ན་རྒྱ་དམག་གི་མང་བའི་གནས་ཚུལ་ཐོན་བཞིན་པ་རེད། དེ་ཡང་དེང་རབས་གོ་མཚོན་ཅན་གྱིས་དྲག་དཔུང་ཁོ་ན་རེད། འགྲོ་འདུག་ལ་རང་དབང་མེད་པ། ཁ་པར་དང་དྲྭ་རྒྱ་སོགས་བརྡ་འཕྲིན་བརྒྱུད་ལམ་མེད་པ་རེད། མདོར་ན་ད་ལྟ་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་རྫོགས་པ་བཙོན་ཁང་ལྟར་བུ་ཆགས་ཡོད་པ་རེད། མུན་ནག་ལྟ་བུའི་གནས་སྟངས་ཤིག་བྱུང་ཡོད་པ་རེད། ཡིན་ནའང་། ངས་ད་དུང་ང་ཚོ་བོད་མི་རྣམས་འུ་ཐུགས་ཐབས་ཟད་པའི་གནས་སུ་གྱར་ཡོད་པ་མ་རེད་འདོད་ཀྱི་ཡོད། ད་དུང་མུ་མཐུད་འདི་ལྟར་གནས་དགོས་བྱུང་ན། གལ་དེ་བོད་མི་རྣམས་འུ་ཐུག་པའི་གནས་སུ་སླེབས་པ་ཡིན་ན། གལ་ཏེ་བོད་མི་རྣམས་དྲག་སྤྱོད་ཀྱི་ལས་སུ་ཞུགས་དགོས་བྱུང་ན། དེའི་ལས་ལན་པ་ཡོངས་སུ་རྫོགས་པ་རྒྱ་ནག་གིས་འཛམ་གླིང་ལ་འགན་ཁུར་བྱེད་དགོས་པས་མ་ཚད། འཛམ་གླིང་རྒྱལ་སྤྱིའི་ངོས་ནས་ཀྱང་འགན་ཁུར་བྱེད་དགོས་པ་ཞིག་རིང་བཞིན་གྱིས་ཆགས་ཡོད་པ་རེད་བསམ་གྱི་ཡོད།
ཉེ་ཆར་༢༠༡༡ཟླ་༡༢ཚེས་༩ཉིན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་ཀྲུའུ་ཝེ་ཆུན་ལ་འཇར་མན་གྱི་《ཧྥ་ལན་ཁེ་ཧྥུ་》ཚགས་པར་ཁང་གིས་བཅར་འདྲི་བྱས་སྐབས། ཁོས་བོད་ནང་རྒྱ་ནག་གིས་ “༢༠༠༦ལོ་ནས་༢༠༡༠ལོ་ཁོ་ནའི་བར། ཀྲུང་གོའི་སྲིད་གཞུང་གིས་བོད་ལྗོངས་སུ་ཀྲུང་གོའི་སྒོར་དུང་ཕྱུར་༡༣༧༠བཏང་ཞིང་། ༢༠༡༡ལོ་ནས་མགོ་བརྩམས་པའི་ཐེངས་རྗེས་མའི་ལོ་ལྔའི་འཆར་གཞིའི་སྐབས་སྒོར་དུང་ཕྱུར་༣༣༠༠གཏོང་རྩིས་ཡོད་” ཅེས་བཤད་ནས་རྒྱ་ནག་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པའི་རྣམ་པ་བསྟན་པ་རེད། དེ་ནི་རྒྱ་ནག་གི་དཔོན་རིགས་ཚོ་འདོན་རྔམ་ཆེ་དྲག་པ་དང་། བཤུ་གཞོག་ལ་དགའ་དྲག་པའི་དབང་གིས་མིའི་སེམས་ཁམས་དངུལ་སྒོར་ཀྱིས་ཉོ་ཐུབ་པར་བསམ་བཞིན་ཡོད་པ་རེད། ཡིན་ནའང་། སྐད་ཆ་འདིའི་ཁོང་ཚོའི་བསམ་བློ་རྙིང་པར་ད་དུང་དུས་རབས་དང་མཐུན་པའི་ཤེས་རབ་ཀྱི་སློབ་གསོ་ཐོབ་མེད་པའི་རྟགས་མཚན་བསྟན་པ་ཞིག་དང་། ཁོང་ཚོའི་བསམ་བློ་རྗེས་ལུས་ཀྱི་ལྐུག་རྟགས་ཚ་དྲག་པ་རེད་བསམ་གྱི་ཡོད། སྤྱིར་དེང་རབས་ཀྱི་འགྲོ་བ་མིའི་སེམས་ཀྱི་བདེ་སྐྱིད་ནི་འཛུགས་སྐྲུན་དང་སྒོར་མོས་སྐྲུན་ཐུབ་ཀྱི་མེད་པའི་དོན་དངོས་ཚན་རིག་གིས་བསྟན་ཟིན་པ་རེད་ལ། ལྷག་པར་བོད་ལ་དེ་ལྟར་ཡིན་པ་དུས་རབ་ཕྱེད་ལྷག་གི་མྱོང་བས་གྲིབ་ཟིན་པ་ཞིག་རེད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་བརྗེ་ཟེར་བའི་དབང་བསྒྱུར་གཏུམ་སྤྱོད་སྤེལ་སྐབས་ནས། བོད་ཀྱི་ལོ་ངོ་སྟོང་ཕྲག་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་དགོན་སྡེ་དང་། མཁར་གྲོང་ཁག་གི་རྩ་ཆེའི་རིག་དངོས། (historical relics) ལྷ་སྐུ་རྟེན་གསུམ་དང་། གསེར་དངུལ་ཟང་ལྕགས་སོགས་དམག་མིའི་ལྗིད་འདེགས་རླངས་འཁོར་གྱིས་རྒྱ་ནག་ལ་འོར་འདྲེན་བྱས་ནས་རྒྱལ་སྤྱིའི་དངོས་རྗས་རྙིང་པའི་ཁྲོམ་རྭར་བཙོང་བའམ། རིན་བསྡུར་བཙོང་བསྒྱུར་བྱས་པ་དང་། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དང་། ཟི་ཁྲོན། ཐའི་ཡུན། པེ་ཅིང་། ཐན་ཅིང་བླུག་རྒྱག་བཟོ་གྲྭར་ཁག་ཏུ་བཞུར་ཟིན་པ་དང་། ད་དུང་རྒྱ་ནག་པེ་ཅིང་གི་གནས་རྫས་ཁང་དང་། རྒྱ་མི་དཔོན་རིགས་ཕྱུག་བདག་ཚོའི་ནོར་མཛོད་ཁང་དག་ཏུ་གཅེས་ཉར་བྱས་ཡོད་པའི་བོད་ཀྱི་རིག་དངོས་འདི་དག་གི་རིན་ཐང་དག་ལ་རྩིས་རྒྱག་ཞིག་བྱས་པ་ཡིན། ད་དུང་ནུབ་བརྒྱུད་ཐོན་འབྱེད་ཆེན་མོའི་ལས་འགུལ་ལ་བརྟེན་ནས་བོད་ཀྱི་ས་སྟེང་དང་། ས་འོག་གཉིས་ཀྱི་གཏེར་ཁ་འོར་འདྲེན་བྱས་པའི་རིན་ཐང་། ད་དུང་བོད་ཀྱི་རྩི་ཤང་ནགས་ཚལ་བཅོད་འབྲེག་བྱས་པ། གཅན་གཟན་དང་རི་དགས་བསད་པ། མི་སེར་འབུམ་ཕྲག་མང་པོ་རྐྱེན་ལམ་དུ་བཏང་སོགས་ཀྱི་གནས་ཚུལ་ཚང་མར་རྩིས་ཤིག་བརྒྱབ་ནས། མཐར་བོད་མིའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམ་གཤིས། རང་དབང་དང་ཐོབ་ཐང་། བོད་རྒྱལ་ཁབ་ཀྱི་བདག་དབང་ལ་ཐུག་གི་བར་དུ་རྩིས་རྒྱག་ཞིག་བྱས་པ་ཡིན་ན། རྒྱ་སྒོར་དུང་ཕྱིར་འགའ་བཏང་བའི་རིན་འབབ་ནི་རྩི་རིན་གཏན་ནས་མེེད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ཁོང་ཚོར་གནས་སྟངས་འདི་དག་གི་ཐད་ལ་རྩིས་རྒྱག་བྱེད་རྒྱུ་དང་གསལ་བཤད་བྱ་རྒྱུའི་གློ་ཁོག་དེ་ཡོད་པ་མ་རེད།
ཡང་གཅིག་བཤད་ན་ཀྲུ་ཝེ་ཆུན་གྱིས་དེང་སྐབས་བོད་ནང་རྒྱ་རིགས་མི་མང་ཁྲི་༧༥༠ཡོད་ཚུལ་བརྗོད་པ་རེད། དེ་མིན་ཉམ་ཞིབ་པ་ཚོས་བརྗོད་ན་བོད་ཡུལ་སྤྱི་དང་། ལྷག་པར་བོད་ཀྱི་གྲོང་ཁྱེར་ཁག་ཏུ་བོད་རིགས་ལས་རྒྱ་རིགས་མང་བར་ཡོད་པའི་གྲུབ་དོན་གཏན་འབེབ་བྱས་ཡོད་པ་རེད། རྒྱ་མི་དེ་དག་བོད་ཀྱི་དཔལ་འབྱོར་ཐོན་ཁུངས་ལ་བརྟེན་ནས་འཚོ་བཞིན་པ་རེད། བོད་ཁུལ་གྱི་ཕྱུག་ཆེན་མང་ཆེ་བ་རྒྱ་མི་ཡིན་པ་དང་། རྒྱ་མི་ལས་བྱེད་པ་དང་ཚོང་པ་ཚོས་རང་ཉིད་ཀྱི་འཚོ་བའི་འདུན་ལམ་འཚོལ་སྒྲུབ་བྱས་པས་མ་ཚད་བོད་ཀྱི་རྩ་ཆེའི་གནའ་རྫས་རིག་དངོས་དག་རྒྱ་ནག་ཏུ་དབོར་བཞིན་པ་རེད། རྒྱ་ནག་གིས་འདི་ལྟར་མི་སེར་གནས་སྤོ་དང་ཐོན་ཁུངས་བཙན་འཕྲོག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་དཔོན་རིགས་ཚོས་ང་ཚོ་རྩིས་པ་ཐེབས་ཆག་ཅིག་གི་ཚད་ལ་ཡང་བཞག་མེད་ནའང་། ད་ལྟའི་བོད་ནང་གི་སྤུན་ཟླ་རྣམས་ཀྱིས་རྩིས་རྒྱག་འདི་འདྲའི་ཐོག་ནས་རང་ཉིད་མི་སྒེར་ཞིག་གི་རང་སྲོག་འཚོ་བ་ལས་བོད་ཀྱི་རང་དབང་སླར་གསོ་བྱ་བ་དགོས་གལ་ཆེ་རུ་མཐོང་ནས་རང་ལུས་མེ་རུ་སྤར་བ་ཚུན་གྱི་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་སྙམ། ད་ལྟའི་རྒྱ་དམར་སྲིད་གཞུང་གི་འོག་ན་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་དང་། ཆོས་དད་རང་དབང་ཡོད་མེད་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན་པ་ལས། བོད་མིས་ཚད་མཐོའི་བློས་བཏང་གིས་འཐབ་རྩོད་བྱེད་བཞིན་པའི་དོན་སྙིང་ངོ་མ་དེ་ལ་ཐུག་མེད། བོད་མིའི་རྩོད་བཞིན་པའི་དོན་སྙིང་དང་དམིགས་ཡུལ་ངོ་མ་ནི་བོད་པ་རང་ཉིད་ལ་དབང་བའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་པ་སུ་ཀྱང་མ་ཤེས་པ་ཡོད་རྒྱུ་མ་རེད་བསམ་གྱི་འདུག དེར་བརྟེན་དོན་སྙིང་འདི་དང་ལྡན་པའི་བོད་དོན་ལས་འགུལ་ཞིག་སྤེལ་རྒྱུ་ནི་ང་ཚོ་གཞུང་མང་ཚང་མའི་ལས་འགན་དུ་གྱུར་ཡོད་པ་རེད་དྲན་གྱི་ཡོད།
ད་ལྟ་བོད་ནང་གནས་སྟངས་གསར་ལམ་ཁག་ནས་ཉིན་རེ་བཞིན་སྒྲོག་བཞིན་པ་ཡིན་པས་ངས་བསྐྱར་བཤད་བྱ་རྒྱུ་དགོས་མ་མཐོང་།
དེ་ནས་ངས་མཇུག་ཏུ་ང་ཚོས་མ་འོངས་པར་ག་རེ་བྱེད་དགོས་མིན་སྐོར་ལ་བསམ་ཚུལ་ཞིག་ཞུས་ན་བསམ་པ་བྱུང་། ང་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་ཆེན་སྒྲུབ་པ་ལ་དོན་དམ་པའི་ཆིག་སྒྲུལ་གཅིག་གྱུར་གྱི་ནུས་པ་ཞིག་དགོས་པ་ཡིན། ཆིག་སྒྲིལ་ཟེར་བ་ནི་གདུང་སེམས་མཉམ་བསྐྱེད་བྱེད་པ་དང་སྙིང་རྗེ་སྒོམ་པ་ཙམ་ལ་ཟེར་གྱི་མེད། ཆིག་སྒྲིལ་ཟེར་བ་ནི་ཕན་ཚུན་ལ་བརྩི་འཇོག་ཡིད་ཆེས་བྱེད་རྒྱུ་དང་། དཀའ་སྡུག་གི་གནས་བབ་ལ་བཅོས་མ་མིན་པའི་འགན་ཁུར་གཅིག་གྱུར་བྱ་རྒྱུ། བརྩི་བཀུར་དང་ཡིད་ཆེས། གཅིག་གྱུར་གྱི་འགན་ཁུར་དེ་འདྲ་བའི་དོན་སྙིང་ལྡན་པའི་བྱ་བར་ཐེ་ཚོམ་མེད་པར་མཉམ་ཞུགས་བྱེད་པའམ། གཅིག་རྒྱབ་གཅིག་ལང་གིས་སྐྱིད་སྡུག་མཉམ་མྱོང་བྱས་པ་ལ་ཆིག་སྒྲིལ་ཟེར། དཔེ་མཚོན་ཞིག་ཞུས་ན། ༢༠༠༨ ལོའི་ལྷ་སའི་བར་སྐོར་ནས་མདོ་ཁམས་ཁུལ་ནས་ཕེབས་པའི་དགེ་འདུན་པ་ཁག་ཅིག་གིས་རང་དབང་འཐབ་རྩོད་ཀྱི་ཞི་རྒོལ་བྱས་པར་མདོ་དབུས་ཁམས་གསུམ་གྱི་བོད་མིའི་ས་ཁྱོན་ཡོངས་ཀྱི་བོད་མི་རྣམས་གཅིག་རྒྱབ་གཅིག་ལང་གིས་སྐྱིད་སྡུག་མཉམ་མྱོང་བྱས་པ་ལ་བརྟེན་ནས་འཛམ་གླིང་འདི་སྒང་དུ་ཁ་འཐོར་དུ་གནས་བོད་མིའི་ཚང་མའི་སེམས་ནང་སྔར་བྱུང་མ་མྱོང་བའི་ཆིག་སྒྲིལ་དང་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་པ་རེད། དེ་ནས་༢༠༡༠ ཟླ་ ༤ ཚེས་ ༡༥ ཉིན་བོད་མདོ་ཁམས་སྐྱེས་རྒུ་མདོ་རུ་ས་ཡོམ་ཆེན་པོ་ (༦.༩) བརྒྱབ་ནས་མི་ཤི་གོད་ཆག་བྱུང་སྐབས་བོད་ཕྱི་ནང་གཉིས་དང་། མདོ་དབུས་ཁམས་གསུམ་ནས་གདུང་སེམས་མཉམ་བསྐྱེད་ཙམ་མིན་པར། རྒྱ་ནག་གི་བཀག་འགོད་དང་གནོད་ཤུགས་ལ་མ་སྟོས་པར་ས་གནས་ས་ཐོག་ཏུ་མཉམ་ཞུགས་རོགས་སྐྱོར་བྱས་ནས་སྐྱིད་སྡུག་མཉམ་མྱོང་བྱས་པ་རེད། གཞན་ཡང་ཉེ་བའི་ཆར་བོད་མདོ་ཁམས་ཁུལ་དུ་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་འགོ་ཚུགས་པ་ནས་ས་ཁུལ་མ་འདྲ་བ་དང་། ཆོལ་ཁོངས་མ་འདྲ་བའི་ས་ཁུལ་མང་པོ་ནས་མི་མང་གིས་ཚེ་སྲོག་འབེན་ལ་བཞག་ནས་གཅིག་རྒྱབ་གཅིག་ལང་གིས་ཞི་རྒོལ་ནང་ཞུགས་པ་དང་། ཐ་ན་ལོ་གསར་སྐབས་ཀྱི་བསང་གསོལ་ཙམ་ཡང་མི་བྱེད་པར་སྐྱིད་སྡུག་མཉམ་མྱོང་བྱེད་དང་བྱེད་བཞིན་པ་ལྟ་བུ་རེད། འདི་ནི་དོན་དངོས་ཀྱི་ཆིག་སྒྲུལ་རེད་ལ། དོན་དངོས་ཀྱི་སྐྱིད་སྡུག་མཉམ་མྱོང་ཡང་རེད། ངས་འདི་ལ་ཆོལ་གསུམ་ཆིག་སྒྲིལ་དང་གཅིག་གྱུར་གྱི་རང་དབང་འཐབ་རྩོད་ཅེས་ཀྱང་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་ཆོལ་ཁ་གསུམ་གྱི་མི་མང་ནང་ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་གྱི་སྐྱིད་སྡུག་ལ་འགན་ཁུར་ཀྱི་བསམ་བློ་དང་། འདུ་ཤེས་བཅོས་མ་མ་ཡིན་པ་ཞིག་ཡོད་པའི་ཐོག་ནས་ཆིག་སྒྲིལ་དང་གཅིག་གྱུར་གྱི་གསར་བརྗེའི་ལས་འགུལ་ནང་ཞུགས་དགོས་ཀྱི་ཡོད་པ་རེད། ལྷག་པར་ང་ཚོ་བྱེས་སུ་སྡོད་པའི་སྒྲིགས་འཛུགས་དང་ཚོགས་པ་སྡེ་ཚན། མི་མང་། མི་སྒེར་བཅས་རེ་རེའི་སེམས་ཀྱི་གཏིང་ནས་དང་། ཁ་ཞེ་གཉིས་མེད་ཀྱིས་བོད་ནང་དང་རང་ཉིད་གནས་སྡོད་བྱེད་ས་བཅས་ཀྱི་བོད་མི་ནང་ཁུལ་ཕན་ཚུན་བརྩི་བཀུར་དང་། སྐྱིད་སྡུག་མཉམ་མྱོང་གི་འགན་ཁུར་བྱེད་དགོས་པ་དང་། དེ་འདྲའི་དོན་སྙིང་ལྡན་པའི་བྱ་འགུལ་རྩོམ་དགོས་པ་དང་བྱ་འགུལ་ནང་ཞུགས་དགོས་པ་དེ་ཧ་ཅང་གལ་ཆེན་དུ་མཐོང་། ཐུགས་རྗེ་ཆེ།
གསལ་བཤད། བསམ་ཚུལ་འདི་སྦེལ་ཀོབ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་བྱས་པའི་ “སྦེལ་ཀོབ་འགན་ཁུར་མི་སྣའི་ཞིབ་མོལ་ཚོགས་འདུ།”ཐེངས་དང་པོ་ཟེར་བའི་ཐོག །བོད་ནང་གི་ཛ་དྲག་གནས་སྟངས་ཞེས་པའི་བརྗོད་གཞི་དང་འབྲེལ་བའི་ང་རང་སྒེར་གྱི་བསམ་ཚུལ་གཏམ་བཤད་ཟིན་བྲིས་སུ་ཕབ་པ་ཞིག་ཡིན། ཚོགས་འདུ་དེའི་ཐོག་ས་གནས་ཀྱི་ཚོགས་པ་སྡེ་ཚན་ཁག་ ༦༤ ནས་མི་སྣ་༢༦༢ ཙམ་གདན་ཞུ་བྱས་འདུག་ཀྱང་། ཚོགས་འདུ་དངོས་གཞིའི་ཐོག་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་དང་། ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་ཡེ་ཤེས། དེ་བཞིན་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་གྲངས་ ༨༨ ཙམ་ལས་འབྱོར་མི་འདུག