ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན། བོད་ནང་བུད་མེད་རང་ལོ་ ༣༢ ཡིན་པ་དང་སློབ་མ་རང་ལོ་ ༢༠ ཡིན་པ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་འཚབ་དང་བློ་ཕམ་ཆེན་པོ་བྱུང།
དེ་ཡང་ཕྱི་ཚེས་ ༤ ཉིན་ཕྲུ་གུ་བཞིའི་ཨ་མ་ཡིན་པའི་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ལམ་དཀར་ཚང་གི་མནའ་མ་རིན་ཆེན་ལགས་ཀྱིས་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་གཏན་སྡོད་བྱས་ནས་ཡོད་པའི་ཀིརྟི་དགོན་པར་དམིགས་བསལ་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་སྲེག་གིས་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་རྒྱ་ནག་གཞུང་ལ་ཞུ་འབོད་གནང་སྟེ་དེར་འདས་གྲོངས་སུ་གྱུར་འདུག དེ་བཞིན་ཕྱི་ཚེས་ ༣ ཉིན་རང་ལོ་ ༢༠ སོན་པའི་ཚེ་རིང་སྐྱིད་ལགས་ཀྱིས་རྨ་ཆུ་རྫོང་གི་སྔོ་ཚལ་ཁྲོམ་རྭར་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག གནས་ཚུལ་ཐོན་གསལ་ལྟར་ན་ཁོ་མོ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་ཡིན་འདུག
རྔ་པ་ཁུལ་དུ་གཅིག་རྗེས་གཉིས་མཐུད་རང་ལུས་མེར་སྲེག་གི་དོན་རྐྱེན་འབྱུང་བཞིན་པར་བརྟེན། ཁུལ་དེར་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པ་དང་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་ ཕྱི་ལོ ༢༠༡༢ ཟླ ༢ ཚེས ༨ ཉིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་རྗེས་རྔ་པ་ཁུལ་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་ཡོད། སྐབས་དེར་འདས་པོ་ཁོང་གི་གཉེན་ཉེ་སྤུན་མཆེད་རྣམས་འབར་ཁམས་སུ་སོང་ནས་སྐུ་ཕུང་ལེན་ཐབས་བྱས་ཀྱང་རྒྱ་གཞུང་གིས་ཕུང་པོ་ཚུར་མ་སྤྲད་པར་ས་གནས་དེར་མེ་སྲེག་བཏང་ནས་རུས་ཐལ་ཞིག་ནང་མི་ལ་སྤྲད་འདུག གཞན་ཡང་ཕྱི་ཟླ་ ༩ པའི་ནང་རང་ལུས་མེར་སྲེག་གཏོང་མཁན་རྔ་པ་ཀིརྟི་དོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་ཀྱི་རྐང་ལག་ཚང་མ་གཏུབ་འདུག་པ་མ་ཟད། སྐེར་ཨི་ཁུང་བརྟོལ་ཏེ་དེའི་ནང་ནས་ཁ་ལག་སྤྲོད་ཀྱི་ཡོད་འདུག་ལ།
སྨན་ཁང་ནས་ཀྱང་བལྟ་སྲུང་མཁན་གྱི་ལས་བྱེད་དང་སྨན་པ་ཚོས་ཁོང་ཚོ་ནི་རྒྱལ་ཁབ་ཀྱི་དགྲ་བོ་དང་མི་དམངས་དཀྲུག་ཤིང་རྒྱག་མཁན་ཡིན་ཚུལ་གྱི་མཐོང་ཆུང་དང་བརྙས་སྨད་སྣ་ཚོགས་བྱེད་ཀྱི་ཡོད་འདུག ཤི་ལ་ཉེ་བའི་རྨས་མ་དེ་དག་ལའང་འདྲི་གཅོད་དང་རྡུང་རྡེག་གཏོང་རྐྱང་བྱེད་བཞིན་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་ཁོང་གསུམ་པོའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཡོད། ང་ཚོས་རྒྱ་གཞུང་ལ་རང་ལུས་སྲེག་བཏང་སྟེ་རྨས་སྐྱོན་ཕོག་མཁན་རྣམས་ལ་སྨན་ཁང་དུ་སྨན་བཅོས་ཚུལ་མཐུན་ཞིག་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད། ཅེས་འཁོད་འདུག ཡོངས་ཁུངས་བོད་གཞུང་དྲ་བ།