གཟའ་འཁོར་གཉིས་སྔོན་ཨ་རིའི་ཝིར་ཇི་ཉི་ཡའི་ཕི་ལེན་ས་ཁུལ་དུ་སྤེལ་བའི་ཐེངས་ ༡༠ པའི་ཨ་རི་རྒྱལ་ཡོངས་མེ་ཤུགས་འཕུར་མདའི་འགྲན་བསྡུར་ཁྲོད་ཝི་སི་ཀོན་སིན་མངའ་སྡེའི་མལ་ཌི་སིན་གྲོང་ཁྱེར་ཝེ་སི་ཊི་སློབ་གྲྭའི་ན་ཆུང་བོད་རིགས་ཚེ་རིང་ཨ་རུག་ཚང་ཚུད་པའི་རུ་ཁག་ལ་བྱ་དགའ་དང་པོ་ཐོབ་ཡོད་འདུག བྱ་དགའ་ཨང་དང་པོ་ཐོབ་པར་བརྟེན་ཚེ་རིང་ཨ་རུག་ཚང་དང་མེན་ ལོའོ་། ཧན་ཝོག་ ཁྲ། སུའུ་ཛེན་ ཧན་ལེ་བཅས་སློབ་ཕྲུག་བཞི་ད་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་དབྱིན་ལན་ཌི་རྒྱལ་ས་ལོན་ཌོན་དུ་འཚུགས་རྒྱུ་ཡིན་པའི་ཕན་སྦོ་རོ་རྒྱལ་སྤྱིའི་བར་སྣང་འཕྲུལ་ཆས་དུས་སྟོན་སྐབས་ཨ་རིའི་སྐུ་ཚབ་བྱས་ཏེ་དབྱིན་ལན་ཌི་དང་ཕ་རན་སི་མཉམ་དུ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། ལོ་སྔོན་མར་ཨ་རི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་ལྟར་ཁོ་ཚོས་ད་ལོ་ཡང་མུ་མཐུད་ཨང་དང་པོ་ལེན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ཁོ་ཚོར་ལོན་ཌོན་དུ་འགྲོ་བའི་འགྲུལ་སྐྱོད་ལམ་གྲོན་ཡང་ཐོབ་ཡོད་པ་རེད།
སློབ་ཕྲུག་ཧན་ལེ་ཡིས་བྱ་དགའ་ཨང་དང་པོ་ཐོབ་པ་དང་གསར་འགོད་པ་ཚོར་ ང་ཚོ་ང་ཚོའི་སློབ་གྲྭའི་ཚབ་བྱས་ཏེ་ཨ་རི་རྒྱལ་ཡོངས་མེ་ཤུགས་འཕུར་མདའི་འགྲན་བསྡུར་ལ་ཞུགས་ཐུབ་བྱུང་བར་དགའ་སྤོབས་སྐྱེས་བྱུང་ལ། ཨ་རིའི་ཚབ་བྱས་ཏེ་ལོན་ཌོན་གྱི་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་རྒྱུ་བསོད་ནམས་ཤིག་རེད་བསམ་བྱུང་ ཞེས་བརྗོད་འདུག
འགྲན་བསྡུར་ལ་ཞུགས་མཁན་ཚོས་སྐར་ཆ་ ༤༣ ནས་ ༤༧ ནང་ཕི་ཊི་ ༨༠༠ བར་ཐག་ཏུ་འཕུར་ཐུབ་པའི་མེ་ཤུགས་འཕུར་མདའ་རེ་རེ་ཇུས་འགོད་དང་བཟོ་སྐྲུན། འཕེན་གཏོང་བྱེད་དགོས་ཀྱི་ཡོད་ཁར། སྒོ་ང་སོས་པ་གཉིས་བཞག་ཡོད་པའི་འབབ་གུར་དེ་ཡང་ས་ལ་སྐྱོན་མེད་ཆག་མེད་ངང་འབབ་དགོས་ཀྱི་ཡོད་པ་རེད།
མཁའ་ལམ་བར་སྣང་བཟོ་ལས་ཚོགས་པ་དང་རྒྱལ་ཡོངས་མེ་ཤུགས་འཕུར་མདའ་ཚོགས་པ་གཉིས་ཀྱིས་སྦྱིན་བདག་བྱས་པའི་ད་ལོའི་འགྲན་བསྡུར་ནང་ཨ་རིའི་མངའ་སྡེ་ ༤༨ ནས་རུ་ཁག་ ༩༩ མཉམ་ཞུགས་བྱས་ཡོད་པ་རེད།
བཀྲ་ཤིས་ཀྱི་རུ་ཁག་གིས་ཨང་ཐོབ་སྐར་གྲངས་ ༡༢ བླངས་པར་བརྟེན། འགྲན་བསྡུར་གོ་སྒྲིག་ཚོགས་པས་སྐར་གྲངས་འདི་འདྲ་འདས་པའི་ལོ་བཅུའི་ནང་རུ་ཁག་སུ་ལ་ཡང་ཐོབ་མ་མྱོང་བ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག ཨང་དང་པོ་ཐོབ་མཁན་རུ་ཁག་དེ་ NASA ཡི་སློབ་ཕྲུག་འཕེན་གཏོང་ལས་གཞི་ནང་ཞུགས་པའི་གོ་སྐབས་ཀྱང་སྤྲོད་རྒྱུ་ཡིན་འདུག
འགྲན་བསྡུར་འདི་ཕྱི་ལོ་ ༢༠༠༣ ལ་འགོ་འཛུགས་བྱས་ཡོད་པ་དང་། གཙོ་དོན་ན་གཞོན་སློབ་ཕྲུག་ཚོར་བར་སྣང་འཕྲུལ་ཆས་ཇུས་འགོད་དང་འབྲེལ་བའི་ཚན་རིག་དང་ཇུས་འགོད། ཨང་རྩིས། འཕྲུལ་ལས་རིག་པར་དོ་སྣང་སླེབས་རྒྱུ་དང་སེམས་ཤུགས་སྤར་ཆེད་ཡིན་འདུག
ཕྱི་ལོ་ ༢༠༠༩ ནང་བཀྲ་ཤིས་ཀྱི་སྤུན་མཆེད་རྒན་པ་བསྟན་འཛིན་བསོད་ནམས་ཨ་རུག་ཚང་ལ་ཡང་བྱ་དགའ་འདི་བཞིན་ཐོབ་ཡོད་པ་རེད།
གནས་ཚུལ་ཡོང་ཁུངས་ཕ་ཡུལ་དྲ་རྒྱ།
http://www.phayul.com/news/article.aspx?id=31400&article=US+Tibetan+teen+among+winners+of+nationwide+rocket+competition