གཅན་ཡེ་རྒྱམ།
དཔའ་བོ་རྟ་མགྲིན་ཐར་གྱི་ཞལ་ཆེམས།
བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། འཛམ་གླིང་ཞི་བདེ་ཡོང་བའི་རེ་བ་དང་། རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན། བོད་ཁ་བ་ཅན་གྱི་རང་ས་ཟིན་པའི་དོན་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན།
རྟ་མགྲིན་ཐར་རང་ལོ་ ༦༤དང་། ཆུང་དུས་རྒྱ་དམར་བོད་དུ་སླེབས་རྗེས་ཀྱི་དུས་ངན་སྐབས་བོད་ཡིག་ཕྲན་བུ་སྦྱང་ནས་ཤེས་པ་མ་གཏོགས་སློབ་གྲྭར་འགྲིམ་མྱོང་མཁན་ཞིག་མིན་ནའང་ཡི་གེ་འབྲི་ཀློག་ཐུབ་ཙམ་ཞིག་ཡོད་འདུག
བཟའ་ཟླའི་མིང་ལ་ཆོས་མོ་ཐརཟེར་ཞིང་། རང་ལོ་༥༤ཡིན། ཁོང་བཟའ་ཚོ་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་བུ་གུ་གསུམ་ཡོད་པའི་བུ་རྒན་པའི་མིང་ལ་རྟ་མགྲིན་སྐྱབས་དང་། བུ་གཞོན་པའི་མིང་ལ་བུད་ཕྲེང་རྡོ་རྗེ། བུ་མོའི་མིང་ལ་རྡོ་རྗེ་མཚོ་ཟེར་ཞིང་། ཁྱིམ་འདི་འབྲོག་ཁྱིམ་ཞིག་ཡིན་ནའང་རྒྱ་གཞུང་གི་བཙན་དབང་གི་འབྲོག་སར་སྡོད་མ་བཅུག་སྟབས་ད་ལྟའི་ཆར་རྫོང་གི་ཉེ་འགྲམ་ཞིག་ཏུ་གནས་སྤོར་ནས་བསྡད་ཡོད་འདུག་ལ། བཟའ་ཟླ་ཆོས་མོ་ཐར་དང་ བུ་མོ་རྡོ་རྗེ་མཚོ་གཉིས་ཀྱིས་མགོ་ལོག་གི་ས་གནས་ཞིག་ཏུ་རླངས་འཁོར་ཆུང་ཆུང་ཁྲུ་ས་ཞིག་གཉེར་ནས་ཡོད་པ་དང་།ཁྱིམ་དེའི་འཚོ་རྟེན་གཙོ་བོ་ཚོང་ལས་དེ་རང་རེད་འདུག བུ་ཆུང་བ་བུད་ཕྲེང་རྡོ་རྗེ་གཅན་ཚ་རྫོང་ཐོག་ཏུ་རྫོང་མི་རིགས་སློབ་འབྲིང་དུ་འགྲོ་བཞིན་པར་བརྟེན་འདས་པོ་ཁོང་གིས་རྫོང་ཐོག་ཏུ་རང་གི་ཚ་བོ་ཆུང་ཆུང་ཞིག་དང་རང་གི་བུ་བུད་ཕྲེང་རྡོ་རྗེ་གཉིས་ལ་ལྟ་རྟོགས་ཆེད་རྫོང་ཐོག་ཏུ་བསྡད་ནས་ལོ་ཁ་ཤས་ཕྱིན་ཡོད་འདུག །
དཔའ་བོ་རྟ་མགྲིན་ཐར་ཁོ་རང་དུས་རྒྱུན་དུ་བོད་མི་རིགས་ལ་བརྩེ་སེམས་དང་ལར་ཞེན་ཅན། ༧རྒྱལ་བ་རིན་པོ་ཆེ་ཕྱིར་རང་ཡུལ་དུ་ཞབས་སོར་འཁོད་ཐབས། བོད་གངས་ཅན་ཞིང་གི་མ་འོངས་པའི་མདུན་ལམ་སོགས་ལ་བསམང་བློ་སྣེ་མང་གཏོང་མཁན་ཞིག་རེད་འདུག་ལ། ༢༠༠༩ལོར་དཔའ་བོ་བཀྲ་བྷེ་ནས་བཟུང་ད་ལྟའི་བར་གྱི་དཔའ་བོ་རྣམས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད་པ་དང་། འདི་དག་གིས་ང་ཚོ་བོད་རྩ་དོན་ཆེད་ས་བོན་ཡག་པོ་ཞིག་བཏབ་ཡོད་རེད་ཅེས་ཡང་ཡང་གསུང་བཞིན་ཡོད་འདུག ཉེ་བའི་ཉིན་ཤས་སྔོན་ནས་ཁོང་གིས་ད་ལྟའི་ཆར་རང་རིགས་དཔའ་བོ་སོ་དགུས་རང་སྲོག་མེ་རུ་སྒྲོན་ནས་བོད་དོན་ལས་འགུལ་སྤེལ་བར་སོང་བོད་མི་བཞི་ཅུས་རང་སྲོག་བཏང་བ་ཡིན་ན་བོད་ཀྱི་རྩ་དོན་གང་འགྱོགས་འགྲུབ་པའི་རེ་བ་ཡོད་རེད་ཟེར་བཞིན་འདུག་པ།འདི་བདེན་པ་ཨེ་ཡིན་ནམ་ཅེས་གྲོགས་པོ་ཚོར་གསུངས་འདུག་ལ། གྲོགས་པོ་ཚོས་ཚོད་དཔག་བྱས་པར་གཞིགས་ན་ཁོང་གི་བཀའ་མོལ་དེ་རང་གི་ལུས་སྲོག་མེ་རུ་སྦར་རྒྱུའི་སྔོན་བརྡ་བཏང་པ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག
ཕྱི་ཟླ་དྲུག་པའི་ཚེས་༡༤མཚན་མོར་ཁོང་མ་ཉལ་ནས་གཅན་ཚ་རྫོང་ཐོག་ཏུ་མ་ཎི་འཁོར་ཆེན་ཞིག་ཡོད་པ་དེར་མཚན་གང་ཕྱག་དང་བསྐོར་བ་བྱས་ནས་ཐོ་རེངས་ཀྱི་དུས་སུ་ཁོང་གི་སྐུ་གཟུགས་ཡོངས་སྲིང་བལ་གྱིས་དཀྲིས། དེའི་སྟེང་ལྕགས་སྐུད་ཀྱིས་སྒྲིམ་ཏེ་གྲ་སྒྲིག་ལེགས་པར་བྱས་མཚམས་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་སོང་སྟེ་རང་གི་ལུས་སྟེང་དུ་ས་སྣུམ་བླུགས་པ་དང་ཁ་ལའང་གང་མཚམས་འཐུང་རྗེས་ཕྱི་ཚེས་༡༥ཞོགས་པའི་ཆུ་ཚོད་༦དང་ཕྱེད་ཙམ་ལ་རང་ལུས་མེ་རུ་སྒྲོན་འདུག སྐབས་དེར་རྫོང་ཉེན་རྟོག་པ་འབྱོར་ནས་དཔའ་བོ་རྟ་མགྲིན་ཐར་གྱི་སྐུ་ཕུང་འཁྱེར་ཡོད་ལ། མི་མང་གིས་ཞི་བའི་ངོ་རྒོལ་གྱིས་འཐབ་རྩོད་རྒྱུན་རིང་བྱས་ནས་མི་མང་གི་འདུ་འཛོམས་མང་དུ་ཕྱིན་པར་བརྟེན་ཆུ་ཚོད་༡༡ཡོལ་ཙམ་ལ་དཔའ་བོ་ཁོང་གི་སྐུ་ཕུང་མི་མང་ལག་ཏུ་རེག་ཐུབ་པ་བྱུང་འདུག །
སྐུ་ཕུང་ལ་མཇལ་དར་འབུལ་བའི་སྐབས་ནམ་མཁར་འཇའ་ཚོན་གྱིས་རྣམ་པར་བཀྲ་ནས་ཡོད་པ་མི་མང་གིས་མཐོང་རྗེས་འདི་ནི་བོད་ཁ་བ་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་རྟེན་འབྲེལ་བཟང་པོའི་སྔ་བལྟས་རེད་ཅེས་གསུང་མཁན་ཡང་བྱུང་ཡོད་འདུག་ལ། མི་མང་གི་མཇལ་དར་གཡོགས་པའི་མཛད་རིམ་གྲོལ་རྗེས་སྐུ་ཕུང་ཁོང་གི་སྐྱེས་ཡུལ་དུ་གདན་འདྲེན་ཞུས་ཏེ་ཚེས་༡༦ཉིན་ལ་མོ་བདེ་ཆེན་དང་། མགུར་དགོན་པའི་གྲྭ་བ་རྣམས་ཕེབས་ཏེ་སྐུ་ཕུང་བཞུགས་འབུལ་ཞུས་འདུག །
གནས་སྐབས་རིང་རྒྱ་གཞུང་གིས་ཉེན་བརྡ་གང་ཡང་སྤྲད་མ་སོང་མོད། རིམ་པར་ཅི་ཡོང་ལྟ་རྒྱུ་ལྷག་བསྡད་ཡོད་ཅེས་ཟེར་སོང་ལ། ཕྱོགས་བཞི་མཚམས་བརྒྱད་ནས་མྱ་ངན་ཆེད་སྐུ་མགྲོན་བརྒྱ་ཕྲག་མང་པོ་རྒྱུན་མ་ཆད་པར་ཡོང་བཞིན་པའི་གནས་ཚུལ་བཅས་ཡོད།