ཕུགས་བསམ་སྟོང་གི་རེ་འདུན་ལས་ལ་བཅོལ།།
ལས་ཀྱི་བདེན་རྫུན་ཡིད་ཆེས་བློ་ལ་ཐུག།
ངོ་མཚར་གྲུབ་མཐའི་གསང་བ་རིག་གྱུར་ན།།
སྒྱུ་མའི་རྣམ་བཞག་དག་ལ་བློ་གཏད་ཅི།།
སྐྱིད་སྡུག་མྱོང་བ་ཟབ་པའི་ཕ་རོལ་ན།།
རང་སེམས་གསོ་བའི་མལ་ས་དྲོན་མོ་སྟེ།།
རྨི་ལམ་ཞིང་ཁམས་སྐྱོང་བའི་བསམ་གཏན་པ།།
གཉིད་ཀྱི་བདེ་བ་འདི་ལ་དོར་ཐབས་ཅི།།
ཆགས་སྡང་རྦ་ཀློང་ཁྱིལ་བའི་རྒྱ་མཚོ་ལ།།
རྒྱལ་ཕམ་རླབས་ཀྱི་འཕར་ལྡིང་མི་འཇགས་ན།།
ཞི་བདེའི་རྒྱལ་ས་ཟིན་པའི་མལ་ས་རུ།།
གཉིད་ཀྱི་ཏིང་འཛིན་སྒོམ་པ་དོན་ཆུང་མིན།།
དཀའ་སྡུག་ཁུར་གྱིས་ལུས་སེམས་རྒུད་ལ་གཏད།།
སྐྱིད་འདོད་རེ་བའི་འདུན་མ་སྟོང་བསམ་ཉིད།།
འདི་དང་དེ་ཡི་བསླུ་བྲིད་ལ་བསམས་ན།།
གཉིད་ཀྱི་བདེ་བ་དོན་ཆུང་ག་ལ་ཡིན།།
སེམས་ཀྱིས་འདོད་པ་ལུས་པོས་ལྕོགས་དུས་མེད།།
ལུས་ཀྱིས་འབད་ཀྱང་སེམས་འདི་ཚིམས་པར་དཀའ།།
གང་ཡང་གྲུབ་དུས་མེད་པའི་འཇིག་རྟེན་འདིར།།
གཉིད་འདི་ཁོ་ན་ཞི་བའི་ངལ་སྟེགས་ཉིད།།
གཉིད་ཀྱི་ཞིང་ཁམས་ཡངས་མོ་འཁྲུལ་སྣང་སྟེ།།
སད་པའི་སྣོད་དང་བཅུད་ཀྱང་འཁྲུལ་སྣང་ཉིད།།
འཁྲུལ་སྣང་སྒྱུ་མའི་རྗེས་སུ་རྒྱུ་བའི་བུ།།
ཉལ་བའི་གཉིད་ལ་དམོད་པའི་དོན་མ་མཆིས།།
ཤེས་བྱའི་རྒྱལ་ཁམས་འགྲིམས་པའི་སྲང་ལམ་ན།།
བླུན་པོས་ཆོས་སྐད་སྨྲ་བའི་ཚུལ་བསམས་ཚེ།།
གཅིག་པུར་བདེ་བར་གཟིམས་པའི་མལ་ས་རུ།།
གཉིད་ཀྱི་དགའ་བདེ་སྐྱོང་བ་ཉམས་རེ་དགའ།།
རྣམ་དཔྱོད་རྣོ་མྱུར་རྒོད་པའི་རིག་པའི་བུ།།
ཕྲག་དོག་ཁྲོ་གཉེར་ཅན་གྱིས་གཞོམ་མཐོང་ན།།
རྩེ་གཅིག་གཞོལ་བའི་གཉིད་ཀྱི་རྟུལ་ཞུགས་ལ།།
དགའ་བ་ཆེན་པོས་འཇུག་པར་སུ་མི་སྤྲོ།།
ཆོས་དང་སྲིད་ཀྱི་བར་ཐག་གནམ་ས་ཙམ།།
ང་དང་ཁྱོད་ཀྱི་རྒྱང་ཐག་དེ་བས་རིང།།
དེ་ཕྱིར་རང་རང་ལྟ་ཚུལ་འདོན་པ་ལ།།
སུ་ཞིག་ངན་དམོད་བྱེད་པ་ནོར་བའི་རྒྱུ།།